ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> བསོད་ནམས་གཡུང་དྲུང་གི་རྟེན་འབྲེལ་ཞུ་ཚིག
བསོད་ནམས་གཡུང་དྲུང་གི་རྟེན་འབྲེལ་ཞུ་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-07] [ཀློག་གྲངས། ]

དུས་ཀྱི་ཕོ་ཉ།

ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལ་རྟེན་འབྲེལ་ཞུ་བ།

གངས་རྒྱལ་ཏི་སེའི་གནའ་བོའི་གཏམ་རྒྱུད་དུས་བཞིར་སྒྲོག་མཁས་ང་ཡིན་ཞེས། །
སྙན་མོ་ངག་གི་འགྱུར་ཁུག་བསྣམས་ནས་གླིང་བདུན་གོ་ལའི་ཁམས་འདི་ལ། །
བློ་གྲོས་གཤོག་པའི་འཕུར་ལྡིང་རྩེན་བཞིན་གང་ནས་ཕེབས་པ་མ་ཤེས་པའི། །
བཀྲ་ཤིས་གླུ་དབྱངས་དགའ་བས་ལེན་པའི་དུས་ཀྱི་ཕོ་ཉ་དེ་རིང་བསུ། །

 

རྣམ་མཁྱེན་སྟོན་པའི་ཉི་མ་འོད་ཆེན་ད་དུང་གདུལ་བྱའི་བླ་ན་འབར། །
ཐེག་པ་རིམ་དགུའི་ནགས་ཀླུང་སྟུག་པོར་དཔྱིད་ཀྱི་དཔལ་ཡོན་སྔར་བཞིན་རྒྱས། །
སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་བོན་གྱི་འབྲས་བུ་གཡུར་ཟ་བའི། །
བསྐལ་བཟང་དུས་སྟོན་དུས་བཞིར་བསྒྲག་ལ་ཁྱོད་རང་ཆེད་དུ་ཕེབས་ལགས་སམ། །

 

དེང་ཆར་གངས་རིའི་ཁོར་ཡུག་ཀུན་ལ་ཚན་རྩལ་རིག་གནས་སྣ་ཚོགས་བརྟས། །
འདྲ་མཉམ་མི་རིགས་ཕན་ཚུན་བར་ལ་མཛའ་བའི་བསུང་ཞིམ་རིང་དུ་ཐུལ། །
ཕྲག་དོག་རུ་ངའི་ཚེར་མ་རྣོན་པོ་གཏན་དུ་མེད་པར་རློམ་ཆོག་ཀྱང་། །
གཡུང་དྲུང་སྲ་བརྟན་གོ་ཆ་བགོ་བ་ཁྱོད་ལ་སྐྱེས་ཀྱི་ཐོག་མར་འབུལ། །

 

ཁྱོད་ནི་གཞོན་སྐྱེས་གང་དག་བློ་སྤོབས་རིག་པས་བསྐྲུན་པའི་ཁུ་བྱུག་སྟེ། །
ཁྱོད་ཀྱི་ཕྲིན་ལས་མཛད་པའི་གནས་ནི་གོ་ལ་ཧྲིལ་བོའི་འཇིག་རྟེན་ཡིན། །
ཁྱོད་ཀྱི་ངག་ལས་ཡ་ཐོག་ཤེས་རིག་རྒྱུན་དུ་བཞུར་བའི་ལོ་ཟླའི་ཁྲོད། །
ཁྱོད་ལ་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་འདུན་བསྐལ་པའི་མཐའ་ལ་བསྲིང་། །

གནམ་ལོ་ལྕགས་ཕོ་སྟག་གི་ཟླ༥ཚེས༢༣ལ་སྙན་བཟང་གཡང་ལྡན་ཕྱུག་མོར་སྦྱར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག