ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱི་རྟེན་འབྲེལ་ཤིས་ཚིག
ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱི་རྟེན་འབྲེལ་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།] [ཟླ་ཚེས། 10-07-12] [ཀློག་གྲངས། ]

ཤིས་ཚིག་དྲི་གཞོན་ལྷ་མོའི་གསང་བརྡ།

ཞང་བོད་ལྗོངས་སུ་ཐོག་མར་རྡོལ་བ་ཡི། །
ཕྱི་ནང་གསང་བའི་བོན་འཁོར་བདུད་རྩིའི་རྒྱུན། །
འཛད་མེད་ཡོངས་སུ་ཁྱབ་པའི་དགེ་མཚན་ཅན། །
འཕྲུལ་ངག་བདེན་པ་བོན་གྱི་ཤིས་པར་སྩོལ། །
ཕྱྭ་གཤེན་གཙུག་ལག་རྩིས་ཀྱི་རྨང་བརྟན་ཞིང་། །
སྣང་གཤེན་གཅོང་བརྒྱད་གདངས་ལས་ཉེར་མཚོན་པ། །
འཕྲུལ་གཤེན་ཞི་བདེར་འབོད་པའི་ལྷག་བསམ་གང་། །
སྲིད་གཤེན་འགྲོ་དོན་མི་གཏོང་ཐབས་འདི་བསྒྲུབས། །
ཕྱི་ནང་བརྟན་གཡོའི་དགེ་མཚན་ཅིར་སྣང་བ། །
མངོན་སུམ་སྣང་ངོར་བཀྲ་བའི་འཕྲུལ་གྱི་གཟུགས། །
སྔོན་མེད་མེ་ཏོག་གསར་བའི་འཛུམ་མདངས་ཀྱིས། །
སྲིད་ཞིའི་དཔལ་ཡོན་གེ་སར་ཕྱོགས་མེད་བཞད། །
མ་རིག་བདག་འཛིན་དྲུངས་ནས་འབྱིན་པའི་གཉེན། །
མཁའ་ཁྱབ་འགྲོ་བའི་བློ་མུན་སེལ་བའི་སྒྲོན། །
ངོ་མཚར་སྒྱུ་འཕྲུལ་གློག་གི་དྲ་བ་ཞེས། །
ཁྱེད་ནི་ཀུན་མཐོང་ལྷ་ཡི་མེ་ལོང་དངོས། །
ཤེས་བརྩོན་ཟུང་གི་རྩལ་ལས་ལེགས་བཏོན་པས། །
ཧི་མ་ལ་ཡའི་བོན་གྱི་དྲ་གཞུང་འདིས། །
ཇི་སྙེད་འགྲོ་བ་གང་ལ་དེར་སྟོན་དུ། །
ཕུན་ཚོགས་བོན་གྱི་སྣང་བས་ཁྱབ་གྱུར་ཅིག །
 

ཅེས་པ་འདི་ཡང་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་ཤིས་སྨོན་ཙམ་དུ་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་ཕུལ་བ་དགེ་བར་གྱུར་ཅིག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག