ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ༧ཟླ་སྤྲུལ་རིན་པོ་ཆེ་སྐུ་ཞི་བར་གཤེཊ་པའི་རྗེས་དྲན་ལེ་ཚན།
༧ཟླ་སྤྲུལ་རིན་པོ་ཆེ་སྐུ་ཞི་བར་གཤེཊ་པའི་རྗེས་དྲན་ལེ་ཚན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨྱུག་ཐོགས་པའི་ཚོགས།] [ཟླ་ཚེས། 12-04-24] [ཀློག་གྲངས། ]


ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་མཆོག་སྐུ་ཞི་བར་
གཤེགས་པ་ལ་ངེད་དྲ་ཚིགས་དོ་དམ་མི་སྣས་ནམ་ཡང་རྗེས་དྲན་ཞུ།།

གདུང་མཇལ་བཤམས་པའི་སྐུ་གདུང་རིན་པོ་ཆེ།

གདུང་མཇལ་ཉིན་དང་པོར་འཆར་བའི་འཇའ་གུར།

གདུང་མཇལ་ཉིན་གཉིས་པར་ཤར་ཕྱོགས་ནས་འཐེན་པའི་འཇའ་རིས་དུམ་བུ།

གདུང་མཇལ་ཉིན་གསུམ་ནམ་ལངས་ཀྱི་སྤྲིན་འཇའ།

༄༅།། བླ་མ་རིན་པོ་ཆེ་ཟླ་གྲགས་རིན་ཆེན་ཕུན་ཚོགས་ཀྱི་གསོལ་འདེབས་འདི་ཕྱིའི་དོན་འགྲུབ་ཅེས་བྱ་བ་བཞུགས།

༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

ཨེ་མ་ཧོ། རྨད་བྱུང་གསང་གསུམ་ཟླ༷་བ་བྱེ་བའི་གཟུགས། །
མཚན་སྙན་གྲག༷ས་པ་དཀར་པོའི་ཆ་ཤས་རྫོགས། །
ཚོགས་གཉིས་རི༷ན་ཆེ༷ན་འབྱུང་གནས་ལས་འཁྲུངས་ཏེ། །
དེང་འདིར་ཤར་བའི་དོན་གཉིས་ཕུ༷ན་སུམ་ཚོ༷ག༷ས། །
ལེགས་བྱས་ཟླ༵་བའི་མ་མར་གྲག༵ས་པའི་རླབས། །
བསླབ་གསུམ་རི༵ན་ཆེ༵ན་འདྲེན་པའི་ངོ་མཚར་ཅན། །
གཤེན་བསྟན་ཕུ༵ན་ཚོག༵ས་རྒྱལ་མཚན་དཔལ་དུ་ཆེ། །
མཆོག་གསུམ་ངོ་བོ་བླ་མར་གསོལ་བ་འདེབས། །
དང་པོའི་སངས་རྒྱས་རང་རིག་བོན་སྐུའི་དབྱིངས། །
རང་ངོར་སྤྲད་པས་ཚེ་འདིར་མངོན་སུམ་མཇལ། །
དབང་ལུང་ཁྲིད་ཀྱིས་སྐྱོང་བའི་བཀའ་དྲིན་ཅན། །
ངེས་པ་དོན་གྱི་གསུམ་ལྡན་བླ་མར་འདུད། །
མགོན་ཁྱེད་ཞབས་པད་མི་འཇིགས་གཡུང་དྲུང་ཁྲིར། །
སྲིད་མཐའ་མ་སྟོང་བར་དུ་བརྟན་པར་བཞུགས། །
བཀའ་འཁོར་བསྐོར་ཞིང་གདུལ་བྱ་རྗེས་སུ་བཟུངས། །
མཐར་ཐུག་འགྲོ་རྣམས་སྐུ་བཞི་མྱུར་ཐོབ་ཤོག །

      ཅེས་པ་འདི་ཡང་ཀོ་རྒྱལ་དགོན་དུ་དབལ་གསས་དབང་ལུང་ཁྲིད་གསུམ་གྱི་སྐབས་རང་སློབ་དུ་མས་བསྐུལ་ངོར། ཆོས་རྗེ་བོན་བརྒྱ་བའི་སྐྱེ་སྤྲུལ་མིང་འཛིན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་དད་གུས་ངང་ནས་ཕུལ་བ་དགེའོ། །

༧མཆོག་སྤྲུལ་ཟླ་བ་གྲགས་པ་སྐུ་གཤེགས་པའི་གནས་ཚུལ་རྗེས་དྲན།

ཤོ་ངག་རྣམ།

རྣམ་དག་བསླབ་པས་རྒྱལ་བསྟན་རྣམ་དག་བྱས། །ཟླ༵་བྲལ་མཛད་བཟང་གཞན་ཕན་ཟླ་ལྟར་དཀར། །
གྲ༵གས་སྙན་མ་ཉམས་ར༵ད་ཎ༵་མཚན་ཅན་གང་། །ཡང་ཡང་དྲན་པས་དད་ཕྱག་བརྒྱ་ཕྲག་འཚལ། །
ཅི་ཙམ་འདྲིས་པའི་དུས་ལ་ཚོད་མེད་ཀྱང་། །གང་གི་རྟོགས་པའི་ཆ་ཙམ་མ་མཐོང་བ། །
རྨོངས་པའི་ནང་གི་བླུན་ཚུགས་དམ་པོ་ཅན། །བདག་ཉིད་མཆོག་ལ་དད་འདུན་ཡང་དུ་འཕེལ། །

      ཀྱེ་མ་དུས་ཀྱི་གཉན་འཕྲང་དུ་མས་རྒོལ་བར་མ་ནུས་པའི་དྲང་སྲོང་རྨ་མེད་ཆེན་པོ་གཡུང་དྲུང་བོན་གྱི་སྤྱི་དཔལ། ཁྱུང་ཡུལ་བསྟན་པའི་རྒྱན་གཅིག དབལ་བོན་སྟག་ལའི་ཐུགས་སྤྲུལ། ཟླ་གྲགས་སྐུ་ཕྲེང་བརྒྱད་པ། དཔལ་ལྡན་ཀོ་རྒྱལ་བདེ་ཆེན་ཀུན་གྲགས་གླིང་གི་ཁྲི་འཛིན་༧སེམས་དཔའ་ཟླ་གྲགས་རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་གློ་བུར་ཞི་དབྱིངས་སུ་གཤེགས་པའི་ཚུལ་གྱི་གནས་འཕྲིན་མྱ་ངན་གྱིས་བྲིས་པའི་ཚིག་ནག་དུམ་བུ། དམ་པ་ཁོང་ཉིད་ཡབ་དབྲ་ཁྱུང་གདུང་འཛིན་བསྟན་འཛིན་གྲགས་པ་དང་ཡུམ་བྱང་འགྲུ་བདེ་ཆེན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་༡༩༤༠ལོར་སྐུ་བལྟམས། དགུང་ལོ་བདུན་ནས་ཀོ་རྒྱལ་དགོན་དུ་ཟླ་སྤྲུལ་གོང་མའི་ཁྲི་ལ་བཞུགས་སུ་གསོལ། དགུང་ལོ་ཉེར་གཅིག་ནས་ཞེ་གཉིས་བར་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བཀོད་མཛད། དེ་ནས་དགུང་གྲངས་དོན་གསུམ་བར་བསྟན་དོན་འབའ་ཞིག་གི་ཆེད་དུ་འཚོ་བཞུགས་གནང་ཞིང་། མི་ངོ་རྒྱུ་བསྟུན་གྱི་མཛད་པ་ནམ་ཡང་མངོན་དུ་མེད་ལ་གསོན་གཤིན་འབྲེལ་ཚད་བརྩེ་གཟིགས་ཀྱིས་མི་འདོར་བས་དོན་གྱི་བླ་མ་སངས་རྒྱས་དངོས་ཡིན་ཞེས་བན་བོན་རིས་མེད་གྱི་དད་ལྡན་དུ་མས་སྐྱབས་མགོན་དུ་བཅོལ་བའོ། །མཐར་ཀུན་གྱིས་སྨོན་པར་གྱུར་པའི་ཞིང་མཆོག་བཤད་སྒྲུབ་སྒོམ་པའི་བསྟན་དང་རྟེན་བཞེངས་ཀྱི་འཕྲིན་ལས་མིག་ལྟོས་འོས་པ་རྗེས་བཞག་མཛད་པའོ། །(མཛད་རྣམ་རྒྱས་ཙམ་མཁྱེན་འདོད་ན་ཧི་བོན་དྲྭ་ཚིགས་སུ་ཁོང་གི་རྣམ་ཐར་ཡོད་པས་གཟིགས།) མྱ་ངན་དུ་འདས་ཚུལ་ནི་༧རིན་པོ་ཆེ་ཁོང་ཉིད་སྤྱིར་བསྙུང་གཞི་ཆེ་ཙམ་ཡོད་ཀྱང་གཤིན་གསོན་གང་གི་ཆེད་དུ་ཞུ་འབྱོར་བྱུང་ཚེ་དུས་ལྟར་ཕེབས་བཞུད་གནང་བཞིན་གསལ་ཐང་ཙམ་དུ་བཞུགས་བཞིན་པའི་ཆར། ༧དམ་པ་ཁོང་ཉིད་བླ་བྲང་གསར་པའི་ནང་ལོ་སྔོན་མར་སྤོས་ཟིན་པས་ཞིང་ཕེབས་ཁའི་ཉིན་འགའི་སྔོན་དེར་ཞབས་ཕྱི་བ་ཉི་མ་གཙུག་ཕུད་ལ་ང་གཉིས་གཟིམ་ཆུང་རྙིང་པའི་ནང་གཅིག་འགྲོ་དགོས་གསུངས་ནས་ཕེབས་ཤིང་། ད་ང་འདིར་སླེབས་ཐུབ་ཀྱི་མ་རེད་གསུངས་ཏེ་དཔེ་ཆ་དག་སོ་སོར་ཕྱེས་ནས་རྩ་ཆེའི་དངོས་རིགས་འདི་དང་དེ་ཡིན་ཞེས་ཞལ་དགོས་གནང་འདུག་ལ་རྟེན་གསུམ་རྣམས་བླ་ཆུང་ཁོ་རང་ལ་བདག་པོ་ཡག་ཙམ་གྱིས་ཟེར་དགོས་སོགས་གསུངས་པ་དང་སྒྲུབ་ཁང་དུ་ཕེབས་ཏེ་འཕྲིན་བཅོལ་སོགས་གནང་། ཡང་རྒྱུན་པར་རྕེད་འཚར་གསུངས་སའི་རེ་པ་གྲྭ་བཀྲ་ཤིས་ཕུན་ཚོགས་ནས་སྐུ་གཤེགས་ཁའི་ཉིན་གསུམ་གྱི་སྔོན་རིན་པོ་ཆེའི་བསྙུང་རྒྱུ་ཅི་ཕོད་འདུག་ཅེས་བྲིས་ཚེ་ཁོང་ནས་ང་ཤི་འགྲོ་ས་འདུག་ཅེས་སོགས་འགའ་དང་། རྨི་རྟགས་ཀྱང་ཡ་མཚན་པ་འགའ་ཞིག་གསུངས་འདུག་པ་སོགས་བསམ་དུས་ཞིང་ལ་ཕེབས་རྒྱུ་ཡིན་པ་གསལ་བཞིན་དུ་ང་ཚོར་གསང་བ་གནང་ནས་གང་ཡང་མི་འཆད་པ་ཅི་ཞིག་ཡིན་ནམ་སེམས་བཞིན་དབང་མེད་དུ་མིག་ཆུ་གདོང་ལས་ལྷུང་དགོས་བྱུང་། ལོ་འདིར་༧དམ་པ་ཁོང་ཉིད་དགུང་ཀེག་ལ་ཁེལ་རྐྱེན་བརྟན་བཞུགས་ཀྱི་རེ་སྨོན་ཞུས་ཏེ་རིམ་གྲོ་གང་འཚམས་བྱས་པ་དང་གང་སྔ་སྨན་བཅོས་ཕེབས་འཆར་བགྱི་བཞིན་པའི་ཆར་བོད་ཟླ་༢ཚེས་༡༠སྔ་དྲོར་གློ་བུར་དུ་བསྙུང་གཞི་ཐུ་བའི་ཚུལ་གྱིས་གཟིམ་མལ་དུ་ལྷུང་། དེ་སྐབས་སྐུ་ཚེ་བརྟན་བཞུགས་ཀྱི་གསོལ་འདེབས་ཚེ་སྨོན་རིམ་གྲོ་སོགས་ཕྱོགས་ཀྱི་དགོན་སྡེ་ཁག་དང་རང་དགོན་ལྷ་སྡེ་ཡོངས་ནས་ཅི་ནུས་ཞུས་ན་ཡང་ང་ཚོ་གདུལ་བྱའི་ལས་བསོད་ཀྱིས་མ་ཆོག་པར་༢༠༡༢ལོའི་བོད་ཟླ་གཉིས་པའི་ཚེས་༡༠མཚན་མོ་ཆུ་ཚོད་༤.༡༥སྟེང་ང་ཚོ་དང་གཏན་དུ་ཞལ་གྱེས་གནང་སོང་བའི་ཚེ། སྡུག་ཡུས་ཀྱིས་འོ་དོད་གནམ་དུ་བོས་ཤིང་མྱ་ངན་གྱི་ངུ་སྒྲ་རུམ་ཁར་འབྱིན་ནས་ལྡོག་མེད་ཀྱི་ལས་ལ་འཁང་ར་བགྱི་བཞིན་མི་གནས་ཐབས་མེད་དུ་གྱུར། སེམས་བཞིན་བསམ་ན་དམ་པ་ཁོང་གི་ད་དུང་མ་འགྲུབ་པའི་མཛད་པ་དང་མ་ཁེངས་པའི་དད་སློབ་ནི་རྫོགས་མེད་དུ་ལྷག་ཕྱིར་ཉེ་གནས་གྲྭ་སློབ་དང་ཕྱོགས་ཀྱི་དད་ལྡན་ལྟོས་བཅས་དུ་མས་སེམས་ཀྱི་རེ་སྨོན་དང་སྡུག་གི་ངུ་ངག་འཇག་པའི་དུས་མི་སྲིད་པ་ལྟར་གྱུར་དེ་ངུ་སྒྲ་ཡིས་རྣ་རྩ་དཀྲུགས་ལ་མིག་ཆུ་ཡིས་ས་གཞི་བརླན་པ་བྱུང་བའི་དགོན་གླིང་འདི་རུ། ཉི་མ་མེད་པའི་མུན་གླིང་དང་ཕ་མ་མེད་པའི་དྭ་བུས་ཁེངས་ཏེ་རང་དགོན་གྱི་༧མཁན་པོ་དགེ་བཤེས་ལས་འཛིན་དག་གིས་དབུ་ཁྲིད་འོག་སྐྱོ་ལྷང་ལྷང་དང་གྲང་སིབ་སིབ་ཀྱིས་གདུང་འདེབས་མཆོད་འབུལ་གྱི་ལས་དོན་སྒྲུབ་པ་ལ་ཟིང་ནས་ཕྱོགས་བཞུགས་ཤེས་ཡོན་ཅན་དང་འབྲེལ་ཡོད་བོན་མཆེད་དག་ལ་གནས་ཚུལ་ངོ་སྤྲོད་ཙམ་ཡང་ང་ཚོའི་ངོས་ནས་དྲྭ་ཚིག་ཏུ་འགོད་མ་ནུས་པར་ལྷག འོན་ཀྱང་རྒྱ་གར་སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་གཉིས་ནས་༧རྒྱལ་བ་སྨན་རི་བ་མཆོག་དང་༧ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་གྲྭ་ས་གཉིས་ཀྱི་བླ་སློབ་སྤྱི་ནས་བླ་མ་མཆོད་པ་དང་ཚོགས་སྨོན་སོགས་ཀྱི་བཀའ་དྲིན་བསྐྱང་ཚུལ་དང་འབྲེལ་བའི་སྒོ་ནས་ངོ་སྤྲོད་ཟབ་མོ་ཁྱུང་ཁྲི་སྡེ་ལགས་དང་གཡུང་དྲུང་བོན་གྱི་དྲྭ་བདག་གཉིས་ནས་རིམ་གྱིས་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བའོ། །སྐུ་གཤེགས་ནས་ཞག་གསུམ་གྲོས་བཞིའི་བར་གཟིམ་སྒོ་བཅད་རྒྱ་བྱས། དེ་ནས་གདུང་ཁྲུས་གསོལ་ཏེ་གདུང་མཇལ་ཞུས་པ་ཡིན། ཚེས་༡༡ཉིན་གྲྭ་ཚང་ནས་ཞི་ཁྲོའི་ཚོགས་བརྒྱ་ཕུལ། ཚེས་༡༣ཉིན་རིག་འཛིན་འདུས་པ་ཐབས་ཆེན་མཁའ་བརྒྱུད་ཀྱི་ཚོགས་འཁོར་དང་ཚེ་དབང་བྱ་རི་མའི་སྟོང་ཚོགས་ཕུལ། ཚེས་༡༤ཉིན་སྟེང་ཆེན་དགོན་གྱི་སློབ་དཔོན་རྒྱལ་འཕགས་རྣམ་གཉིས་གཙོས་ཁྱུང་པོ་ཁོག་གི་དགེ་བཤེས་མཁན་པོ་དུ་མ་ཕེབས་ཏེ་དྲན་པའི་ཚོགས་འཁོར་བསྐོར། གྲྭ་ཚང་ནས་དྲན་པའི་ཁྲི་ཚོགས་ཕུལ་བ་ལ་སོགས་ཚོགས་དང་སྨོན་ལམ་གྱིས་ཉིན་མཚན་སྦྲེལ་བཞིན་གནས། ཕྱོགས་ཀྱི་བླ་མ་ཆེ་ཁག་གདུང་འདེབས་མཆོད་འབུལ་དུ་དྲོངས་པ་ནི། གཡུང་དྲུང་དཔལ་རིའི་བླ་རྒན་འཆི་མེད་རིག་འཛིན། རྩེ་དྲུག་བསྟན་འཛིན་འོད་ཟེར། སྟེང་དགོན་རྒྱ་མཚོ་ནོར་བུ། མེ་སྟོན་འཆི་མེད་རྣམ་རྒྱལ། སྨོན་རྒྱལ་ནམ་མཁའ་དབང་ལྡན་སོགས་རིམ་གྱིས་ཕེབས་ནས་ཚོགས་འཁོར་དང་ཐུགས་སྨོན་སྣ་ཚོགས་གསུངས། རྩེ་དྲུག་ཤེལ་བྲག་གླིང་གི་སློབ་དཔོན་༧ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་དབུ་ཁྲིད་ཀྱིས་རྩེ་དགོན་བཤད་གྲྭ་བ་བརྒྱ་ལྷག་ལྷན་དུ་ཕེབས་ཏེ་ཐུགས་སྨོན་མཆོད་འབུལ་མཇལ་ཁ་སོགས་མཛད། གཞན་ངད་པ་མར་ཁུ་དགོན་དང་། དགོང་རི་དར་རྒྱས་དགོན། བྱ་ཟེ་ཡང་རྫོང་དགོན། ཟམ་ཞིག་རེ་ནེ་དགོན། ག་རིས་གཡུ་མཚོ་དགོན། སྦྲ་ཆེན་སྤུ་ལ་དགོན་སོགས། ལ་ཡར་ནང་གི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་ཆེད་དུ་ཕེབས་ནས་བླ་མ་མཆོད་པ་དང་གསོལ་འདེབས་སྨོན་ལམ་གནང་། དགུང་ཞག་བླ་གྲྭ་ཉི་ཤུ་བཞུགས་ནས་གཡུང་དྲུང་ཀློང་རྒྱས་དང་ཚེ་དབང་བོད་ཡུལ་མ་སོགས་གསུངས་བཞིན་གནས། བདུན་ཚིག་རེར་མ་རྒྱུད་ཚོགས་འཁོར་དང་བར་དུ་ཚེ་དབང་གཞུང་བཞིའི་ཚོགས་འཁོར་འབུལ་འཆར་བྱས་པ་བཅས་ཡིན། ཐུན་མོང་གི་མཐོང་ཆོས་སུ་གྱུར་པའི་རྟགས་མཚན་ནི་སྐུ་གཤེགས་པའི་དགོངས་མོ་དེར་ཟླ་འོད་ཤིན་ཏུ་འཚེར་བར་གཞའ་འོད་ཀྱིས་གུར་ཁྱིམ་དབུབ་པ་དང་། ཕྱི་ཉིན་ནམ་མཁའ་སྤྲིན་མེད་དྭངས་གཙང་དུ་གནས་པའི་ནང་མོར་ལས་ལྡན་འགས་གཟིམ་ཁང་རྩེར་འཇའ་རིས་ཟླུམ་ཤར་སྣ་ཚོགས་འཐེན་པ་མཇལ་། ཞག་གསུམ་ཉིན་མོ་ཉི་མར་གཞའ་གུར་སྣ་ལྔས་སྤྲས་པའི་དབུས་མཇལ་སྣང་འགའ་འཆད་། གདུང་ཁྲུས་ཉིན་མོར་ཁྲུས་ཀྱི་དབུ་བཟུང་ནས་ཆར་པ་བབ་ཞིང་འབྲུག་སྒྲ་གྲགས་ཁ་བ་ཧྲུག་བུ་དང་འདབ་མ་ལྡན་པ་རིམ་གྱིས་བབ་པས་ཕྱི་ཉིན་ཁ་བ་ཆེ་ཙམ་ཆགས་པས་ཀུན་གྱིས་གདུང་ཁྲུས་བབ་སོང་ཞེས་ཁ་བ་ལ་རོལ། གདུང་འཇལ་ཉིན་དང་པོ་ལ་ཁ་བའི་འདབ་མ་བར་སྣང་དུ་འཕྱོ་བཞིན་གནམ་གཤིས་དྲོ་འཇམ་ཅན་དུ་གྱུར་ནས་ཉི་གུར་ཕོབ། གདུང་མཇལ་ཉིན་གཉིས་པའི་ནང་མོ་ཤར་ཕྱོགས་སུ་སྣ་ལྔའི་འཇའ་ཚོན་ཤར་མོ་ཞིག་འཆར། བར་བར་དུ་ཡ་མཚན་ཆེ་བའི་སྤྲིན་འཇའ་སྣ་ཚོགས་ཐུན་མོང་གིས་མཐོང་ཆོས་སུ་གྱུར་བ་དང་། གཞན་དད་ལྡན་དག་ལ་འཆར་སྣང་དུ་མ་འཆད་རྒྱུ་འདུག་ཀྱང་ཡི་གེར་མ་བཏབ་ནས་བཞག་པའོ། །དང་པོའི་འཇའ་སྤྲིན་དག་དཔར་ཆས་ཀྱི་གྲ་འགྲིག་མེད་ཕྱིར་དཔར་དུ་འདེབས་མ་ཐུབ་པར་ལུས། དེ་ནས་དཔར་དུཐོབ་པ་ལས་ཡ་ཟུང་སྤྱན་འབུལ་དུ་འདིར་བཀྲམ་ཡོད་གདུང་མཇལ་བའི་དད་ལྡན་ནི་ཁྱུང་དཀར་ནག་སེར་གསུམ་དང་ཧོར་པ་སོགས་ནས་སྐྱ་སེར་མི་ཁྲི་ཚོ་ཁ་ཤས་སླེབས་འདུག་ལ་ད་དུང་ཆད་མེད་དུ་འགྲོ་བཞིན་ཡིན། དེའི་ནང་བརྒྱ་ཆ་བརྒྱད་ཅུ་ཙམ་ནི་སེམས་ཀྱི་ཉི་མ་ནུབ་སོང་ཞེས་སྡུག་བསྔལ་གྱིས་མི་བཟོད་བར་མིག་ཆུ་འབྱིན་བཞིན་གསོལ་བ་སྨོན་ལམ་ངང་འགྲོ་བར་འདུག དེ་དག་ནི་སྒྲོ་བཏགས་ཀྱིས་མ་བསླད་པར་དངོས་མྱོང་གི་རྟགས་མཚན་ལགས་ཕྱིར་རེ་ཟུང་ངོ་སྤྲོད་དུ་ཕུལ་བ་ནི་དད་དམ་གསོ་བའི་རྐྱེན་དུ་སེམས་པ་ཡིན། སྐུ་གདུང་རིན་པོ་ཆེ་ནི་དད་ལྡན་མང་ཚོགས་དང་བླ་གྲྭ་ཕལ་གྱིས་ཐུགས་འདུན་བཞིན་ལོ་འཁོར་གཅིག་ལ་བཞུགས་སུ་གསོལ་རྒྱུའི་ཐུགས་འཆར་བཏིང་ཟིན་པས་དེ་ལུགས་ཐུགས་ལ་བཏགས་པར་འཚལ། འདིར་ཆེད་དུ་སྙན་གསོལ་ཞུ་འོས་པ་ནི་ཕྱོགས་བཞུགས་ཀྱི་མཁྱེན་རྟོགས་ཀློང་དུ་གྱུར་པའི་སྐྱེས་མཆོག་རྣམས་དང་ཐུགས་བསམ་གཞན་དོན་གྱིས་ཟིན་པའི་བོན་མཆེད་ཀུན་ནས་མ་འོངས་བསྟན་འགྲོ་སྤྱི་དང་ཡང་དགོས་ཀོ་རྒྱལ་དགོན་གྱི་བསྟན་སྲིད་ལ་སེམས་ནས༧མཆོག་གི་ཡང་སྤྲུལ་ཉི་མའི་དཀྱིལ་འཁོར་མི་རིང་བར་འཛུམ་པའི་ཐུགས་བསྐྱེད་གསོལ་སྨོན་ཡང་དུ་གནང་བར་བཀའ་དྲིན་ཆེ་ཞེས་རེ་བས་འབོད་བསྐུལ་ནན་དུ་བགྱིད་པའོ། །ཅེས་འདི་ཧི་བོན་དྲྭ་བདག་རྣམ་པས་དམ་པ་གང་ལ་རྗེས་དྲན་གྱི་ལེ་ཚན་ཞིག་འགོད་འཆར་ཡོད་པའི་གསལ་བརྡ་མཐོང་རྗེས་ངོ་སྤྲོད་ཙམ་འདི་སྐྱབས་འོག་པ་ཤོ་ངག་རྣམ་གྱིས་ཕུལ་བའོ། །

༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་སྐུ་ཞི་བར་གཤེགས་པའི་རྗེས་དྲན།

ཀོ་བཙུན་ཁྲི་གཙུག་ལྷུན་གྲུབ།

      ༄༅༅།། བླ་མ་མཁྱེན། ཚང་མའི་ལྷད་མེད་སྒོ་གསུམ་གྱི་དད་འདུད་དང་ཕྲལ་ཕུག་གི་སྡུག་བསྔལ་ཅི་བྱུང་ཡང་སེམས་སྟེང་ནས་རེ་ལྟོས་དང་སྐྱབས་འཇུག་ཞུ་ས་ཁྱུང་ཡུལ་བོན་འབངས་ཡོངས་ཀྱི་སྐྱབས་མཆོག་དམ་པ་བླ་རྒན་ཁེ་རུ་བ། ལྷ་སྡེ་ཀུན་གྱི་བསོད་སྐལ་མ་ཆོག་ནས་ཞིང་ཁམས་གཞན་དུ་གཤེགས་ཟིན་པས། སྐྱབས་མེད་མགོན་མེད་ལྷག་ལུས་ཀྱི་དྭ་ཕྲུག་རྣམས་མྱ་ངན་སྡུག་བསྔལ་གཏིང་ཟབ་ཀྱི་མཚོ་མོ་རུ་ལྷུང་བ་ཐེ་ཚོམ་ཅི། འདི་ནས་སྙན་ཚིག་སྒྲོ་བཏགས་ཀྱིས་དབེན་པའི་དམ་པའི་རྗེས་དྲན་རྣམ་ཐར་ཅུང་ཟད་དང་འབྲེལ་བའི་མཆོད་ཚིག་ཐུང་ངུ་ཞིག ཐོས་ཆུང་ཁོ་བོས་གདུང་ཤུགས་དྲག་པོའི་གསོལ་འདེབས་ཀྱི་སྐྱོ་བའི་མཆི་མ་མིག་མཐའ་ལ་འཁོར་ནས་འབུལ་བར་འདོད། དེ་ཡང་ཁྱུང་ཡུལ་བོན་བསྟན་ཡོངས་ཀྱི་བདག་པོ། ཀོ་དགོན་ཀུན་གྲགས་གླིང་གི་ཁྲི་འཛིན། བཀའ་དྲིན་སུམ་ལྡན་གྱི་བླ་མ་དབྲ་ཁྱུང་དབལ་འབར་སྟག་སླག་ཅན་གྱི་རྒྱུད་པ་ཁྱུང་སེར་གྱི་གདུང་ལས་གྲོལ་བའི་སྟག་ལའི་ཐུགས་སྤྲུལ་སེམས་དཔའ་ཟླ་གྲགས་སམ་མཚན་བརྗོད་པར་དཀའ་བ་༧བསླུ་མེད་མཁྱེན་བརྩེའི་བདག་ཉིད་མཆོག་སྤྲུལ་རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་ཁོང་ཟླ་གཤིས་སྦས་ལུང་གསང་བའི་ཡང་སྙིང་། སྟག་སླག་ཅན་གྱི་ཁྱིམ་གཞིས་ཁྱད་འཕགས་ཁྱུང་སེར་གདུང་ལས་སོན་པའི་ཡབ་ཆུ་བྱི་ལོ་པ་བསྟན་འཛིན་གྲགས་པ་༡༩༡༢-༡༩༦༡དང་བྱང་འབྲུ་བླ་མ་གཡུང་གྲགས་རིན་པོ་ཆེའི་སྲས་མོ་མཁའ་འགྲོའི་མཚན་རྟགས་ཚེམས་སྟེང་ཨ་ཡི་རང་བྱོན་ཅན་ས་ལུག་ལོ་པ་བདེ་ཆེན་དབང་མོ་༡༩༡༩-༡༩༧༥གཉིས་ཀྱི་སྐུ་སྲས་སུ་བྱང་འབྲུ་ཕོགས་རེས་ཚང་དུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་འབྲུག་ལོ་༡༩༤༠ལོ་ལ་ཟླ་སྤྲུལ་ཡང་སྲིད་དུ་འཁྲུངས། རི་ཁྲོད་རྩ་བའི་བླ་མ། ཞེ་བཟོད་པ་རྒྱལ་མཚན། གམ་མཁའ་འགྲོ་སོགས་ལ་གསང་ལུང་ཞུས་པས་ཟླ་སྤྲུལ་ཡང་སྲིད་འཁྲུལ་མེད་དུ་ངེས་། དགུང་གྲངས་བདུན་ཏེ་༡༩༤༦ལོར་ཀོ་དགོན་འདུ་ཁང་རྙིང་པ་ཉམས་འཕེལ་གླིང་དུ་གསེར་ཁྲི་མངའ་གསོལ་མཛད། དགུང་གྲངས་བརྒྱད་དགུའི་སྐོར་ཡོངས་འཛིན་བསོད་དགའ་ནོར་བུ། ཁྱུང་པོ་བསོད་ནམས་རིན་ཆེན། འགུ་དྲག་བཅས་ཀྱིས་དབྱངས་གསལ་འབྲི་ཀློག་སུམ་རྟགས་དག་གསུམ་སོགས་ཀྱི་ཡོན་ཏན་རིམ་གྱིས་ཕུལ། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་དངོས་གཞི་རང་སྤར་གཞན་སྤར་སོགས་བོན་གྱི་དབང་ལུང་ཁྲིད་དང་མན་ངག་རྣམས། རྩ་བླ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཉི་མ་དབང་རྒྱལ། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ། སྟག་ཞིག་སེང་གེ་ཉི་མ། ག་ཤེལ་ཁྲི་ཆེན། མཛོ་བྱ་བྲལ་ལམ་འགྲུ་སྒོམ་ཚུལ་ཁྲིིམས་རྒྱལ་མཚན། སྙན་གཏེར་མངའ་བདག་ཡབ་མཆོག་བསྟན་གྲགས་རིན་པོ་ཆེ་སོགས་བོན་གྱི་སྤྱན་ལྡན་དུ་མའི་ཞབས་ལ་བཏུགས་ཏེ། གསན་བསམ་ཚུལ་མཐུན་གནང་ཞིང་། ཐུགས་རྒྱུད་ལ་མདོ་སྔགས་སེམས་གསུམ་གྱིས་ཡོངས་སུ་ཕྱུག་པར་གནང་། དགུང་ལོ་བཅོ་བརྒྱད་ཐོག་རྩ་བླ་ཚུལ་ཁྲིམས་རྒྱལ་མཚན་དང་སྟག་ཞིག་སེང་གེ་ཉི་མ། སྐུ་ཞོག་ཉི་མ་བསྟན་རྒྱལ་རྣམ་གསུམ་གྱི་དྲུང་ནས་གཙང་སྡོམ་བཞེས་ཏེ་བསླབ་གསུམ་བསྟན་པའི་བདག་པོ་གནང་། དགུང་ལོ་ཉི་ཤུ་སྟེ་དུས་འགྱུར་གྱི་རླུང་འཚུབས་ཁྲོད་དུ་ངམ་གནག་དུག་གིས་སྲིད་པའི་ཉི་ཟླ་སྐར་གསུམ་ཐང་ལ་ཕབ། མ་སྤུངས་གངས་དཀར་ལྷུན་པོ་རྩེ་ནས་སྙིལ་ཀྱང་། ཉིད་ནི་ཆེས་འཕགས་པའི་འོད་མདངས་ཀྱི་སྒྲོན་མེ་བཞིན་བོད་མི་རིགས་ཀྱི་ཤ་ཞེན་གཙང་མ་དང་བསླབ་འཆལ་ཀྱི་དྲི་མའི་རྡུལ་ཙམ་མ་གོས་ཤིང་གནས་ཐུབ་པའང་བོད་སྤྱི་ཡི་བསྟན་པའི་རྒྱན་དང་དགོས་སུ་ང་ཚོའི་བསྟན་པ་སྤྱི་ཡི་ཚེ་སྲོག་མུན་ནག་གི་ལམ་སྣེ་སྟོན་པའི་སྒྲོན་མེ་རུ་གྱུར། ཟློག་ཐབས་བྲལ་བའི་ལས་དབང་ཞིག་གིས་ལྕགས་སྒྲོག་དམ་པོའི་བགྲངས་བྱ་ཉེར་གཅིག་གི་དུས་ཡུན་བརྣག་སྤྱོད་སྡུག་བཙོན་དེ་ལས་ཐར་ཏེ་དགུངས་གྲངས་ཞེ་གཅིག་ཐོག་བསྟན་པའི་མེ་རོ་ཤེལ་ལེ་རྫོང་དྲུག་ནས་སྤར་འགོ་བཙུགས་ཏེ་དེང་དུས་ཀྱི་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་ཆེན་མོ་ཁྱུང་པོ་རི་རྩེ་དྲུག་དགོན་ཞེས་ཡོངས་སུ་གྲགས་པའི་གཙུག་ལག་ཁང་གི་རྨིང་གཞི་ཆ་ཚང་དམ་པ་ཁོང་གི་གཙོ་མཛད། འདུ་ཁང་ཀ་བ་སོ་དྲུག་མ། སྒོམ་གྲྭ་ཀ་བཞི་མ། ཇ་ཁང་གྲྭ་ཤག་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་མཐའ་དག་བཞེངས་ཞིང་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་བ་མ་ཟད་བཤད་གྲྭ་ཁང་དང་སྒོམ་སྒྲུབ་ཀྱི་བསྟན་པའང་བཙུགས། དེ་ནས་རིམ་བཞིན་ཀོ་རྒྱལ་དགོན་གྱི་རྟེན་དང་བརྟེན་པ་ཕྱི་ནང་ཡོངས་རྫོགས་འབུར་དུ་ཐོན་པའི་བརྗིད་ཆགས་ཀྱི་གཙུག་ལག་ཁང་གསར་དུ་བཟོ་བཀོད་གནང་སྟེ་རྒྱལ་བ་སྨན་རི་བའི་སྲོལ་བཟང་བཞིན་མཁན་དཔོན་སློབ་རྣམ་གཉིས་སྤྱི་བོའི་གཙུག་ཏུ་བཀུར་ནས་མཁས་བཙུན་བཟང་པོའི་ཡོན་ཏན་ཅན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་གོང་དུ་བཀུར་ཞིང་མཐོ་དམན་གྲྭ་རྐྱང་སུ་ཡིན་རུང་ཀུན་ལ་གཙིགས་མཐོང་འདིང་འཇོག་ཚད་མེད་གནང་སྟེ། གང་ཟག་རེ་རེའི་རྒྱུད་ལ་བསླབ་པ་རྣམ་པ་གསུམ་གྱི་གཟུངས་འཇུག་ཚད་ལྡན་འབུལ་བའི་སྨིན་གྲོལ་གྱི་ཐབས་ལམ་མ་ནོར་བ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་ཁ་བཤད་ཙམ་མ་ཡིན་པ་མིག་མཐོང་ལག་ཟིན་གྱི་དོན་དངོས་དང་མཐུན་པའི་འདུས་སྡེའི་སློབ་གླིང་ཆེན་མོ་བཙུགས། ཁོང་ལ་དྲག་ཞན་སུས་སྐྱབས་འཇུག་ཞུས་ཀྱང་ཆེ་ཉམས་བདེན་གྲུབ་ཀྱི་ཚུགས་ཀ་དུས་ནམ་ཡང་འདོན་མྱོང་མེད་ལ་བཅོས་མིན་གྱི་ཐུགས་གཤིས་འཇམ་པ་དང་བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཡོངས་སུ་བརླན་ཅིང་གཞན་གྱི་འདོད་བློ་བསྐངས་ཤིང་རང་དོན་གཅེས་འཛིན་གྱི་འཁྲུལ་བློ་དོར་ནས་གཞན་དོན་བསྟན་འགྲོ་སྤྱིར་ཕན་གྱི་དགོངས་པ་གཙོ་བོ་འཕྲག་ཏུ་བཞེས་པའི་བླ་མ་དམ་པ་ཁོང་། ཀུན་ལ་རིས་མེད་ཀྱི་ཆ་སྙོམས་ཤིང་ཐུགས་དགོངས་གཟུ་བོར་གནས་ནས་རང་དགོན་བདེ་ཆེན་ཀུན་གྲགས་གླིང་དུ་རླབས་ཆེན་གྱི་མཛད་ཕྲིན་སྐྱོང་བཞིན་པའི་ངང་། ཆུ་འབྲུག་ལོ་དགུང་ཀེག་ཐོག་དགུང་ལོ་དོན་གསུམ་ལ་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་ནས་ཉིན་གཉིས་ཙམ་རིང་སྨྱུང་གཞི་ཐུ་བའི་ཚུལ་བསྟན་ཞིང་སྐུ་མི་རྟག་མྱ་ངན་ལས་འདས། དེ་ལྟའི་ཡིད་སྐྱོ་བའི་གནས་ཚུལ་འཕྲལ་ཏུ་ཐོས་ཕྲལ་ངའི་དམར་ཆུང་གི་སེམས་པ་འཁོར་ས། བློ་གཏད་ཀྱི་སྙིང་ཚིལ་འདོན་ས་བླ་རྒན་དམ་པ་ཁྱེད་ཉིད་གཤེགས་ཟིན་དུས་ངའི་སེམས་པ་སྟོང་ལྷོང་ལྷོང་དང་གྲང་ཤུར་ཤུར། བཟོད་དཀའ་བའི་མྱོང་ཚོར་བྱང་ཁོག་ནས་འཕྱུར་ཞིང་ཡིད་སྐྱོ་བས་མུན་པ་གདོང་ལ་འཁྲིགས་ནས་དབུགས་མི་བདེ་བའི་ཧུ་ཤུ་ནར་ནར་སྦྱིན་པའི་དྭ་ཕྲུག་ང་། ཁྱེད་ཀྱིས་གཟིགས་སམ། ཁྱེད་ཉིད་མི་བདེ་བའི་ཚོར་རྟོག་དང་བྲལ་ནས་བདེ་བའི་ཞིང་ཁམས་འོད་གསལ་གྱི་དགོངས་པའི་ངང་ནས་གཤེགས་ཟིན་ནའང་ངའི་བརྗེད་དཀའ་བས་ཁྱེད་ཀྱི་མཛད་ཕྲིན་ལ་བསམ་ནས་བསྔགས་བརྗོད་དང་བསྟན་པ་སྐྱོང་འཕྲོ་ལ་བསམ་ནས་ངུ་ལུགས་སོང་། ངའི་གདུང་འདེབས་དངོས་འབྱོར་གྱི་མཆོད་པ་རླབས་ཆེན་ཞིག་ཕུལ་མ་ཐུབ་ཀྱང་། ཡིད་སྤྲུལ་ཀྱི་མཆོད་པ་ཚད་མེད་ཅིག་ཁྱེད་ལ་བཤམས་ནས་རེ་སྒུག་བྱས་ཡོད། བླ་མ་ཁྱེད་མཁྱེན་ནོ། །ངའི་ད་དུང་ཐལ་མོ་སྙིང་ཁར་ཟུམ་སྟེ་སྨོན་ལམ་དང་གསོལ་འདེབས་རེ་གྱེར་བཞིན་ཁྱེད་ལ་གུས་ཕྱག་ལན་བརྒྱ་ཕུལ་ཡོད། ཅེས་མིག་ཆུ་ཁོང་དུ་བསྡུས་ཏེ་སྣ་ཆུ་སྨྱུ་གུ་རྩེ་ནས་བཞུར་བའི་སྐྱོ་གདུང་གི་ཚིག་ལྷུག་སྤེལ་མཁན་དམ་པ་ཁོང་སྐུ་ཞལ་འཚོ་བའི་སྐབས་ཉིད་ཀྱི་སྐུ་ཡི་གྲིབ་མ་དང་འབྲལ་མེད་བགྲང་བྱ་བཅོ་ལྔའི་རིང་ལ་སྲི་ཞུ་མྱོང་བའི་གྲྭ་རྐྱང་། གནས་སྐབས༧སྨྲ་དབང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐྱབས་འོག་ཏུ་འཚོ་བའི་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་མིང་ཐོག་པ་ཀོ་བཙུན་ཁྲི་གཙུག་ལྷུན་གྲུབ་ཀྱིས་བལ་ཡུལ་མཛེས་མཐའི་ནགས་ཚལ་གླང་རི་ལུང་བསྟན་གྱི་མདུན་ཞོལ་སློབ་གླིང་དེའི་ཁྲོད་ནས་སྨྲེ་ངག་དང་བཅས་ཏེ་བོད་ཆུ་འབྲུག་ལོའི་ཧོར་ཟླ་༢པའི་ཉ་ཚེས་༡༥ཉིན་ཕུལ།

གངས་རིའི་ཉི་མ་གཟིམ་སོང་།།

དཔྱིད་ཀྱི་ནམ་ཟླའི་དུས་ཚིགས་ངོ་མ་གོ་ལའི་ཡང་རྩེར་སླེབ་པའི་ཚེ།།
ཁ་བ་གངས་རིའི་ཉི་མ་སེར་པོ་ནུབ་ཕྱོགས་དག་པའི་ཞིང་དུ་གཟིམ།།
ར་བ་གངས་ཀྱིས་མུ་ཁྱུད་བསྐོར་བའི་བསིལ་ལྗོངས་སྒང་པའི་རྩེ་མོ་ཡི།།
ཆོས་ལྡན་བོད་མིའི་མགོ་ཐོག་གཅིག་ཏུ་དུས་མཉམ་ཤར་བའི་མུན་པ་དངོས།།

རྟག་འཛིན་དམ་པོའི་སྒྲོག་ཏུ་ཚུད་པའི་ཐ་མར་འཇིག་རྟེན་སྐྱེ་བོ་འགར།།
མི་རྟག་སྒྱུ་མའི་དཔེ་ཆེན་བསྟན་ཏེ་གཟུགས་སྐུ་བོན་དབྱིངས་ཀློང་དུ་བསྡུས།།
དམྱལ་བའི་ཁྲག་ཟངས་མགོ་སྟེང་སྒྱུར་བཞིན་མ་གྱུར་སེམས་ཅན་ཐར་ལམ་བཀོད།།
བསྐལ་པ་ཆེན་པོའི་ཁུག་སོ་རེ་ལ་སྟོན་པ་འབྱོན་པ་ལོས་ཀྱང་བདེན།།

ཡིན་པ་བོན་གྱི་གཤིས་ལུགས་ངང་དུ་ཟད་པའི་སྣང་བ་ཐིམ་ཟིན་ཡང་།།
སྣང་བ་རྫོགས་སྐུའི་འོད་མདངས་དཀར་མོ་འཕགས་མཆོག་སེམས་དཔའི་ཚོགས་ལ་ཟུག།
ཤར་བ་སྤྲུལ་སྐུའི་ཟེར་ཐག་དམར་མོ་སླར་ཡང་འགྲོ་བར་སྐྱོངས་རོགས་མཛོད།།
འདི་ནི་ཤུལ་ལུས་བོན་ཕྲུག་ང་ཚོའི་སྙིང་གིས་རེ་བ་ངོ་མ་ཡིན།།

   ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེའི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་སྐབས་སྡུག་བསྔལ་མིག་ཆུའི་ཐིགས་ཕྲེང་དབང་མེད་དུ་འཆོར་བཞིན་སྤུ་རྒྱལ་རིག་སློབ་ཁང་གི་དགེ་སློབ་ཐུན་མོང་དང་སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གི་ལས་མི་ཡོངས་ནས།      ལོ་༢༠༡༢ཟླ་༤ཚེས་༨ཉིན་གུས་ཕུལ།།

གདུང་བའི་སྨྲེ་ངག་དབྱངས་སུ་བཀུག་པའི་རྗེས་དྲན་དུ།

དགེ་བཤེས་བསྟན་འཛིན་སྦྱིན་པ།

སྐུ་ཡི་རྣལ་འགྱུར་བཅོས་མིན་ཚུགས་ཀྱིས་རང་གི་དེ་ཉིད་མངོན་པར་བཞེངས། །
གསུང་གི་གདམས་པས་འགྲོ་བ་དགྲོལ་བའི་ཕན་བདེའི་ལམ་བཟང་ཀུན་ལ་སྟོན། །
ཐུགས་ཀྱི་དགོངས་པས་གཤིས་ཀྱི་ལྷ་དང་དུས་གསུམ་འབྲལ་མེད་རྟག་ཏུ་སྲུང་། །
སྐུ་གསུམ་རྫོགས་པའི་སངས་རྒྱས་གཉིས་པ་མི་ཡི་ཟོལ་དུ་ཕེབས་མིན་ནམ། །
སྐྱེས་ཆེན་དུ་མའི་ལུང་གིས་མཚན་པའི་ཟླ་བའི་ཅོད་པན་དབུར་བཞེས་ཤིང་། །
ལྔ་རིག་བདུད་རྩི་ཧུབ་ཀྱིས་བཞེས་པའི་མཁྱེན་དཔྱོད་ཉི་མའི་གུར་ཁང་དུ། །
འགྲོ་ལ་དགྱེས་བརྩེའི་འཛུམ་ཟེར་དང་བཅས་རྟོགས་པའི་ལང་ཚོ་མཁའ་ལ་འཕགས། །
ཡིད་ཅན་ཀུན་གྱིས་བསོད་ནམས་ཕྱག་གིས་བླ་རུ་འདེགས་པའི་སྐལ་བཟང་རྙེད། །
འཁོར་ལོའི་མཛད་པ་སྲིད་རྩེར་འབར་བའི་སྙན་གྲགས་ཟླ་བའི་རླབས་ཕྲེང་རེ། །
གོ་ལའི་རྩེ་ནས་ཧད་ཀྱིས་འཛུམ་ཚེ་ནག་ཕྱོགས་བདུད་དཔུང་རང་སར་ཞི། །
ཞི་དུལ་སྤྱོད་པའི་ཚངས་སྤྱོད་པད་དཀར་གདུལ་བྱའི་ཡིད་ཀྱི་མཚོ་མོ་རུ། །
ནམ་ཡང་འདོར་མེད་སྙིང་དུ་སིམ་པའི་བྱིན་རླབས་ཆར་བས་ཞིང་འདི་བརླན། །
འགགས་མེད་སྤྱོད་པ་ཀློང་ནས་རྡོལ་བའི་གྲུབ་རྟགས་ཞབས་རྗེས་རེ་རེ་ཡིས། །
ཆོས་ཀྱི་འཁོར་ལོ་ཐན་དུ་བལྟ་རྣམས་ཀླད་རྩའི་ཁྲག་གི་རྒྱུ་བ་བཅད། །
གསོན་གཤིན་ཕོ་མོའི་རེ་བཞག་མདུད་པ་རྩེ་གཅིག་མཉམ་པར་བཞག་དུས་སུ། །
དམིགས་མེད་འཕོ་བས་བར་དོའི་འགག་འཕྲང་ཤིགས་སེ་བཤིག་པའི་གསང་རྣམ་ཟབ། །
མགོན་ཁྱེད་ཞིང་འདིར་བཞུགས་པའི་རྗེས་དྲན་རྣམ་ཐར་རེ་རེ་ཕྱིར་སློག་དུས། །
གོང་ལ་འགྱུར་མེད་དད་དམ་རེ་རེས་སྲིད་པའི་རིན་ཐང་ཐལ་བར་བྱས། །
དམའ་ལ་སྙིང་རྗེའི་ཕན་སེམས་རེ་རེས་དགྲ་གཉེན་མཉམ་དཔེ་མིག་ངོར་བསྟན། །
ཀུན་ལ་སྙོམས་པའི་སེམས་བསྐྱེད་རེ་རེས་གཡུང་དྲུང་སེམས་དཔའི་ཐུགས་གཤིས་མཚོན། །
བསྟན་ལ་དཀར་བའི་ཐུགས་རིག་འོ་མཚོའི་རླབས་ཀྱི་ཆ་ཤས་རེ་རེ་ཡིས། །
ཐོས་དང་བསམ་པའི་དཔལ་ཡོན་རེ་རེ་འགྲོ་ལ་སྦྱིན་པའི་བརྩེ་ཞེན་དང་། །
སྲུང་དང་སྐྱོབ་པའི་གོ་ཆ་བཙན་པོའི་སླར་གསོའི་མེ་ལྕེ་རེ་རེ་ཡིས། །
སྲིད་པའི་མེས་བོན་གྱེན་དུ་འདེགས་པའི་སྟོབས་མཆོག་ཆེན་པོའི་ཀ་བ་བཙུགས། །
ཕྱི་ལྟར་རྨད་བྱུང་བསླབ་གསུམ་གཙང་མའི་མཛེས་སྤྱོད་རེ་རེ་ཡིས། །
སོ་ཐར་བསྟན་རྒྱུད་བདག་གེར་བཞེས་པའི་ཉམས་བཟང་རེ་རེ་མིག་ལ་བྱིན། །
ནང་ལྟར་བསྙེན་སྒྲུབ་ཡན་ལག་རེ་རེའི་བསྐྱེད་རྫོགས་འཕྲོ་འདུའི་རླབས་ཕྲེང་དང་། །
སྟོང་ཉིད་སྙིང་རྗེའི་རང་གཟུགས་རེ་རེས་སྲིད་ཞིའི་རྩ་བ་དྲུང་ནས་ཕྱུང་། །
གསང་བ་ཡང་གསང་བླ་མེད་དགོངས་པའི་ཐུགས་དམ་རེ་རེའི་རྩིས་གདབ་ཀྱིས། །
ཕྲ་རགས་སྒྲིབ་པའི་དཔུང་ཚོགས་རེ་རེ་ཉག་མ་གཅིག་གི་ཀློང་དུ་སྦམ། །
གཏན་ཚིགས་གསུམ་གྱིས་ཤེས་བྱའི་གྲས་ཐག་རྩད་ནས་གཅོད་པའི་སྒོམ་རིམ་རེས། །
གོམས་ཚད་ལྔ་ཡི་ལ་ཆེན་བཟླས་པའི་རྣལ་འབྱོར་ཆེན་པོ་ཁྱེད་ཉིད་དྲན། །
དུས་ཀྱི་མཚོ་མོ་དྲག་ཏུ་འཁྱོམས་པའི་གླིང་བཞིའི་འཇིག་རྟེན་ཟླུམ་པོ་འདིར། །
འགའ་རེས་ཁེ་གྲགས་ནོར་དུ་རློམ་ནས་ཚིག་གི་རོལ་མོས་མི་སེམས་བསླུ། །
རེ་འགས་ལོངས་སྤྱོད་བདེ་བར་འདོད་ནས་མི་མཐུན་སྤྱོད་པ་སྣ་དགུ་འཁྲབ། །
ཁྱེད་ནི་གང་དང་མི་མཚུངས་གང་གིས་འགྲན་བྲལ་རྒྱལ་སྲས་སེམས་དཔའ་དངོས། །
ཆེན་པོའི་གདུང་གི་རུས་རྐང་སྲ་བ་ལྕགས་ལས་གྲུབ་པའི་རྣམ་ཐར་སྟེ། །
དུས་རླུང་འཚུབ་མའི་སྒུལ་ཤུགས་དགུས་ཀྱང་གཅེས་ཁྲིམས་རྡོ་རིང་གཞོམ་ནུས་བྲལ། །
གཉའ་གནོན་ཐོག་མདའ་དབུ་ལ་ལྷུང་ཡང་སྒལ་ཚིགས་དྲང་པོའི་ཤད་ཀྱིས་བཀྱགས། །
བཅོ་བརྒྱད་མི་ལོར་ཁྲིམས་ཀྱིས་བཏུལ་ཡང་དད་འདུན་ཕྱག་རྒྱའི་རྒྱ་མ་ཞིག །
ཆོས་ཀྱི་འཛུམ་བརྡ་དང་པོ་གྲོལ་ཚེ་གནམ་གྱི་འཇུ་ཐག་ཕྱག་ཏུ་རེག །
བཤད་སྒྲུབ་བསྟན་པའི་གནས་གཞི་དང་པོ་ཞང་ཞུང་སྒོ་པའི་ཡུལ་དུ་ཚུགས། །
བྱ་བ་དྲུག་གི་མཛད་པའི་ཐམ་ག་ཕྱག་ཏུ་བཞེས་པའི་འབྲས་བཟང་དུ། །
བརྒྱ་ཕྲག་སློབ་བུའི་ཐུགས་ཀྱི་གཏད་སོ་བོན་དང་འདྲེས་པའི་ངོ་མཚར་མཐོང་། །
ཁ་སང་ཞོགས་པར་གློག་རྡུལ་འཕྲིན་པའི་ངུ་ངག་ཐན་སྐད་ཚིག་གཅིག་དེས། །
དྭངས་བའི་སེམས་ལ་རྙོག་པའི་གོས་གྱིས་ཕྱི་ནང་བཏུམས་པའི་ཚོར་སྣང་དང་། །
བསམ་གཞིག་མང་པོའི་རྒྱ་རུ་ཚུད་པའི་སྐྱོ་སྣང་རིམ་པ་དགུ་རྩེག་གཉིས། །
དྲན་པའི་མཁར་གྲོང་གསེབ་ཏུ་འཛུལ་བའི་གདུང་ཚོར་འདི་ནི་ནམ་རྒྱུན་མིན། །
དེ་རིང་སྨྱུག་གུ་ལག་དང་འབྲེལ་ནས་མཛད་རྗེས་བསྐྱར་སློག་བྱེད་པའི་ཚེ། །
སྙན་གྲགས་མིང་གིས་འཚོས་པའི་ཆེན་པོ་འགའ་དང་མཚུངས་སྤྱོད་གོ་བསྡུར་ཀྱང་། །
ཁྱེད་ཀྱི་སྒོ་གསུམ་མཛད་སྤྱོད་ཆ་རེའི་རྩ་བའི་དེ་ཉིད་རྟོགས་གྱུར་པས། །
དེ་ཕྱིར་ཁྱེད་ཉིད་ཞིང་གཞན་བཞུད་པའི་ཕངས་སེམས་མཚོ་མོ་དྲག་ཏུ་འཕྱུར། །
གྲོང་གི་རེ་བའི་ཉག་ཐག་དགོན་ལ་བཅོལ་བའི་གདོང་དམར་ཕ་གཞིས་འདིའི། །
ནད་པས་སྨན་གྱི་ཕན་ནུས་ཁྱེད་ལ་རེ་ནས་གསུང་བརྟག་ལམ་སྟོན་སྒུག །
ལྐུགས་པས་ལྕེ་མདུད་གྲོལ་བ་ཁྱེད་ལ་རེ་ནས་བྱིན་རླབས་ན་བུན་འཚོལ། །
སྨྱོན་པས་འཁྲུལ་སྣང་ཞི་བ་ཁྱེད་ལ་རེ་ནས་གདོན་འདུལ་བཀའ་བསྒོ་ཞུ། །
དཔོན་གྱིས་དམངས་སེམས་ཐད་དུ་ཤོར་ཚེ་འཆམ་མཐུན་རེ་བ་ཁྱེད་ལ་རྒྱག །
རྒོད་པོས་དཔའ་རྩལ་ནང་དུ་འགྲན་དུས་ཞི་བདེའི་ཐབས་ལམ་ཁྱེད་ནས་འཚོལ། །
དབུལ་པོས་བཀྲེས་སྐེམ་མིག་ཆུ་འདོན་དུས་སྐྱོ་གདུང་སྨྲེ་ངག་ཁྱེད་ལ་འདོན། །
འཆི་བདག་འཇིགས་པ་ཐོག་ཏུ་འབེབ་དུས་བར་དོའི་སྐྱེལ་མ་ཁྱེད་ལ་ཞུ། །
དཔྱིད་ཀྱི་རླུང་དམར་ཕྱོགས་བཞིར་ལྡང་དུས་གཞི་བདག་ཡུལ་ལྷ་ཁྱེད་ཀྱིས་བརྔན། །
དབྱར་གྱི་ཐན་པས་ལྗང་ལོ་བཅོམ་དུས་ཆར་ཆུའི་འབོད་པ་ཁྱེད་ཀྱིས་གཏོང་། །
སྟོན་གྱི་འབྲས་བུ་སེར་བའི་བཙེས་དུས་སྔགས་ཀྱི་སྲུང་གུར་ཁྱེད་ཀྱིས་དབུབ། །
དགུན་གྱི་ཁ་བས་ནོར་ལུག་འགེབས་དུས་ཡམ་འགོག་གེགས་སེལ་ཁྱེད་ཀྱིས་མཛད། །
ཁྱེད་ཉིད་གཤེགས་པའི་རྗེས་ཤུལ་དེ་རུ་ཡུལ་གྱི་སྣུམ་ཞག་ཟད་ལ་ཁད། །
ཁྱེད་ཉིད་གཤེགས་པའི་རྗེས་ཤུལ་དེ་རུ་གྲོང་གི་མཁར་སྒོ་སྟོང་ལ་ཁད། །
ཁྱེད་ཉིད་གཤེགས་པའི་རྗེས་ཤུལ་དེ་རུ་ཐབ་ཀྱི་མེ་ཕུང་ཤི་ལ་ཁད། །
ཁྱེད་ཀྱི་གཤེགས་པའི་རྗེས་ཤུལ་དེ་རུ་སྡུག་གི་མུན་པ་རུབ་ལ་ཁད། །
དེ་ཕྱིར་ཁྱེད་ཀྱི་གཟི་བརྗིད་ཞིང་འདིར་བཞུགས་པའི་སྣང་ཚུལ་ངོ་མ་དྲན། །
དུས་ཀྱི་སྟོན་མོའི་མཆོད་པ་བཤམས་དུས་ཕུད་ཀྱི་དྭང་མ་འབུལ་ས་ཁྱེད། །
སྐྱིད་པའི་གླུ་ངག་དབྱངས་སུ་འཐེན་དུས་མཆོད་ཚིག་དང་པོ་འདྲེན་ས་ཁྱེད། །
དགའ་བའི་ཞབས་བྲོ་ཐང་དུ་འཁྲབ་དུས་གར་སྟབས་དང་པོ་བཤམས་ས་ཁྱེད། །
ཁྱེད་ཀྱི་སྐུ་མཚན་ཟླ་བ་གཞོན་ནུས་བརྒྱ་བྱིན་ལྷ་ལ་སྐྱེངས་པ་སྟེར། །
ཁྱེད་ཀྱི་ཚངས་དབྱངས་འཕར་ཆེན་དུང་གིས་འཁོར་བའི་གདུང་བ་གཏིང་ནས་བསང་། །
ཁྱེད་ཀྱི་ཐུགས་རིག་ཞི་བདེ་རྒྱ་མཚོས་འགྲོ་ཀུན་བདེ་བར་ཤིས་སྨོན་བསྩལ། །
དེ་ཕྱིར་ཁྱེད་ཉིད་དྲན་པའི་གདུང་བ་དབྱངས་སུ་གྱེར་ལ་གཟིགས་ཤིག་ཀྱེ། །

     ༧སངས་རྒྱས་བསྟན་པའི་སྒྲོན་མེ་༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ནས་དགུང་ཞག་གསུམ་གྱི་ཉིན་དེར། དགེ་བཤེས་བསྟན་འཛིན་སྦྱིན་པས་རྗེས་དྲན་གྱི་ཆེད་དུ་ཕུལ། ༢༠༡༢། ༤། ༥།

༧དཔོན་གསས་སེམས་དཔའ་ཟླ་གྲགས་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་
སྐུ་གཤེགས་པའི་སྐྱོ་གདུང་གི་རྗེས་དྲན་བླ་མ་རྒྱང་འབོད།།

སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།།

བླ་མ་མཁྱེན། བླ་མ་མཁྱེན། དཔོན་གསས་བླ་མ་མཁྱེན་ནོ།།

ཡབ་གཅིག་རྒྱལ་བ་སྟོན་པ་གཤེན་རབ་མཁྱེན།།
ཡུམ་གཅིག་ཐུགས་རྗེ་བྱམས་མའི་མཐུ་དཔུང་བྱོན།།
བོན་བསྟན་སྡོང་གྲོགས་མཛད་པའི་མ་གཅིག་མས།།
ཐུགས་རྗེས་བཟུང་ཞིང་མགོན་སྐྱབས་ཕྲིན་ལས་མཛོད།།

སྐྱོ་བའི་སྨྲེ་ངག་རྣ་བར་གཟན་མ་ཐག།
སྐྱོ་བའི་སེམས་པ་སྨུག་པོའི་བུ་ག་ནས།།
དད་མདུན་སེམས་ཀྱི་མཆོད་པའི་རྒྱན་བཤམ་ཏེ།།
དཔོན་གསས་བླ་མ་དམ་པ་ལན་བརྒྱར་འབོད།།

གྱེར་བསྟན་སྲོག་ཏུ་འཛིན་པའི་སེམས་དཔའ་བ།།
སྟག་ལའི་ཐུགས་སྤྲུལ་སྐྱེས་མཆོག་མི་ཡི་གར།།
ཁྱུང་སེར་དམ་པ་རིན་ཆེན་དཔལ་བཟང་པོ།།
དག་ཞིང་གཞན་དུ་གཟིམས་པས་སྨྲེ་ངག་སྒྲོགས།།


ཁྱུང་ཡུལ་བསྟན་འགྲོའི་འགྲོ་བའི་སྒྲོན་མེ་ཆེ།།
ཁྱུང་སེར་དམ་པ་སེམས་དཔའ་ཟླ་བ་གྲགས།།
ཁྱུང་ཆེན་ཞིང་ཁམས་གཞན་དུ་འཕུར་ཟིན་པས།།
ཁྱུང་ཕྲུག་ང་ཚོའི་དེད་དཔོན་སུ་ལ་ཞུ།།

འཛམ་གླིང་ཞང་བོད་སྤྱི་བསོད་འཛུམ་པའི་མོད།།
གྱེར་བསྟན་སྐྱོང་ལ་དཀའ་ངལ་ཆེར་འཕྲད་སྐབས།།
བྱང་སེམས་འཆང་བའི་སེམས་དཔའ་ཁྱེད་མེད་ན།།
བསྟན་པའི་སྙིང་པོ་ངོ་མ་སུ་ཡིས་འཆང་།།

ལྔ་བདོའི་དམུ་རྒོད་བྲེལ་ཟིང་ཚུབ་ཆེ་བ།།
བྱས་བྱས་མཛད་དུ་མེད་པའི་དུས་འདི་རུ།།
ང་བདག་ཧྲང་ངེར་འཛིན་པའི་སེར་སྐྱ་ཚོགས།།
ཁྱེད་ཉིད་མེད་ན་ཐར་ལམ་སུ་ཡིས་སྟོན།།

བདག་ཅག་མ་རིག་རྨོངས་པའི་རྗེས་འཇུག་དག །
ཡང་ཡང་འཁོར་མཚོའི་མེ་འོབ་ཀློང་ཆེན་ནང་། །
ངུ་ཅོའི་ཅ་ཅོ་བསྒྲོགས་པའི་ཨ་ཙ་མ། །
མགོན་ཁྱེད་མེད་ན་ལམ་སྟོན་སུ་ཡིས་མཛད། །

ཁྱེད་ཉིད་ཞིང་ཁམས་གཞན་དུ་གཟིམས་ཟིན་ཡང་།།
སླར་ཡང་བོན་འབངས་སྤྱི་བསོད་འཛུམ་པས་དུས།།
བསྟན་འགྲོའི་མགོན་དུ་ཕེབས་པའི་སྨོན་ལམ་དུ།།
དཔོན་གསས་བླ་མ་རྒྱང་འབོད་ལྷུན་གྲུབ་ཤོག །

སྐྱོ་དབྱངས།
ཁྱུང་སྨྱུག་མཛེས།

དཔལ་རྒྱལ་ཀུན་སྤྱི་གཟུགས་འདྲེན་མཆོག་གི་བླ་མ།།
གཞི་དག་པ་རབ་འབྱམས་བདེ་ཆེན་ལ་བརྩེན་ཞེས།།
ཐུགས་གསང་བ་ཟབ་མོའི་འཕྲིན་ལས་ལ་བཞེངས་པར།།
འཁོར་མོས་ལྡན་སློབ་མས་བཟོད་ཐབས་ཤིག་མ་རྙེད།།

རྗེ་བླ་མའི་དགོངས་པ་བོན་དབྱིངས་སུ་ཐིམ་སོང་།།
དགོན་གྲྭ་རྐྱང་བསམ་པ་རླུང་ཁ་རུ་ཡན་ནས།།
སེམས་ཟབ་སར་འབེབས་པའི་ཁ་བ་ཡི་གྲང་ངར།།
བཟོད་ཚོད་ཅིག་མེད་པ་དེ་རིང་གི་སེམས་སྡུག།

འཁོར་ལྷ་སྡེའི་བསམ་པ་སྡུག་བསྔལ་དང་འགྲོགས་ནས།།
སྐུ་ཡང་སྤྲུལ་གཞོན་ནུར་འབོད་གདུང་གི་ངུ་ངག།
བཞིན་མཆི་མའི་ཀློང་ནས་ཕྱོགས་མེད་དུ་འཁྱམས་པ།།
འབངས་དྭ་ཕྲུག་ང་ཚོའི་སེམས་སྡུག་འདི་ལྕི་བ།།

སེམས་དད་པའི་སྒྱུ་འཕྲུལ་ཐལ་མོ་རུ་བཤམས་ཏེ།།
ལུས་གུས་པའི་ཉམས་བག་གདུང་མདུན་དུ་བསྟར་དུས།།
ཡིད་སྐྱོ་བའི་མིག་ཆུ་རུས་གསེང་དུ་ལྷུང་བར།།
དགོན་གྲྭ་རྐྱང་ཞིག་གི་ཚོར་བ་འདི་ལྕི་བ།།

འཁོར་པད་དཀར་གཉོམ་ལག་མ་རྒྱས་པའི་གོང་དེར།།
སྐུ་ཟླ་བ་གཞོན་ནུ་ནུབ་རི་ལ་གཞུད་སོང་།།
གསུང་མཉན་པའི་གྲྭ་རྐྱང་མགོན་མེད་དུ་ལུས་པར།།
ཐུགས་བརྩེ་ཆེན་ཀློང་ནས་ཕྱིར་གཟིགས་ཤིག་གནང་རོགས།།

དགོན་སེམས་དཔའ་རྒྱ་མཚོ་འདུ་འཚོགས་ལ་བཞུགས་ཚེ།།
མཐོ་རྗིད་ལྡན་གསེར་ཁྲི་སྟོང་པ་རུ་ལུས་པས།།
སྐུ་ཞིར་བར་གཤེགས་པ་གྲྭ་རྐྱང་གི་སྐྱོ་གར།།
སེམས་བསམ་གཞིག་ཀློང་ནས་ཧུ་རིང་ལས་མི་འདུག།

ཕྱི་འབྱུང་ལྔའི་དྭངས་མ་གཞའ་ཚོན་གྱི་གུར་ཁྱིམ།།
དབྱིབས་རི་མོ་བཀྲ་བའི་ཁ་བ་ཡི་མེ་ཏོག།
དཔལ་སྲས་བཅས་རྒྱལ་བའི་གཤེགས་ཚུལ་ཞིག་ཡིན་ཡང་།།
དགོན་གྲྭ་རྐྱང་སེམས་པར་ཚོད་མེད་ཀྱི་གཟེར་ཟུག།

བཀའ་གསོལ་འདེབས་དབྱངས་རྟ་མིག་ཆུ་དང་འགྲོག་བཞིན།།
གསུང་འཛབ་དབྱངས་བཟློ་བའི་དྲན་གདུང་གི་ཀློང་ནས།།
སྐུ་གསང་གསུམ་དཀྱིལ་འཁོར་ཐེངས་ཅིག་ལ་མཇལ་བར།།
ཡིད་རེ་བའི་དྲན་པ་ད་དུང་ཡང་མ་སོས།།

ཞེས་མཚན་བརྗོད་པར་དཀའ་བ་གོང་ཉིད་ཞི་བར་གཤེགས་པའི་ཉིན་ནས་སྐྱོ་དབྱངས་ཐན་ཐུན་བསྡེབས་ཤིང་སྐུ་གོང་མའི་འདས་མཆོད་སྐབས་སུ་ཚིག་སྦྱོར་སོར་རྩེར་བསྟར་ཏེ་རྫོགས་སོ།།

       མུན་སེལ་ཟླ་བ་ཞིག་གི་རྗེས་དྲན།
ཁྱུང་གཡུང་མཐར།

ཆུང་ནས་བྱམས་བརྩེའི་དྲོད་ཁོལ་འབུམ་གྱིས་བསྐྱངས།
ཆེ་ཡང་ཟས་གོས་ནོར་གྱི་མཐུན་སྦྱོར་མཁན།
བྱམས་ལྡན་ཕ་མ་སྟོང་ལས་ལྷག་པའི་བཤེས།
མ་རིག་མུན་སེལ་བཤེས་གཉེན་རྣམས་ལ་གུས།

ཆེ་བའི་རུས་རྒྱུད་ཁྱུང་གི་གཟུགས་སུ་ཤར།
དོན་གྱི་ཡིན་ཚུལ་ཀུན་བཟང་རིག་སྣང་འོད།
མི་རུ་འཕྲུལ་བའི་ཁྱུང་གི་བླ་མའི་བླ།
རིམ་བྱོན་ཁོ་བོས་གཙུག་ན་རྟག་ཏུ་བསྙེན།

འདི་ན་དབལ་འབར་བསྭོ་ཡི་ས་བོན་ཞིག།
རྣམ་པ་མི་རུ་འཕྲུལ་བའི་ངོ་མཚར་གཏམ།
མ་ལུས་བརྗོད་པར་འོས་ཀྱང་ཟུར་ཙམ་ཞིག།
སྨྱུ་གུས་རི་མོའི་གཟུགས་སུ་དབབ་པར་བྱ།

གོང་མའི་བཀའ་ཡིག་ལུང་བསྟན་བསྩལ་བཞིན་དུ།
ཁྱུང་ཡུལ་བདལ་གཤིས་ཁྱུང་སེར་ཡབ་ཀྱི་སྟར།
བརྒྱུད་དེ་འབྲུ་ཟའི་བོན་འབྱུང་ཨེ་ཀློང་ནས།
སྐུ་མཆོག་མཚན་བཟང་དཔེ་བྱད་ལྷུག་པོར་གྲོལ།

བགྲང་བྱ་རིན་ཆེན་བདུན་གྱི་ཁྲིར་འཛེགས་སྐབས།
ཕུན་ཚོགས་ལྷ་སྡེས་གསེར་ཁྲིར་མངའ་གསོལ་ཞུས།
དེ་ནས་ཉེར་གཅིག་ལོ་ཡི་འཁོར་ལོའི་བར།
ཐུན་མིན་འབྲི་དོན་ཆོ་གའི་ཕྱག་ལེན་བསླབས།

ཚུལ་ཁྲིམས་རྒྱལ་དང་མཁན་ཆེན་ཉི་མ་རྒྱལ།
བློ་གྲོས་རྒྱལ་དང་ཡོངས་འཛིན་བསྟན་རྣམ་ཞབས།
གཏུགས་སྟེ་དབང་ལུང་ཁྲིད་གདམས་བོན་གྱི་མཛོད།
བདག་གེར་མཛད་དེ་བསྟན་འགྲོའི་དོན་ཆེན་བསྒྲུབས།

གསར་རྙིང་དུས་འགྱུར་དྲག་ཆར་རླུང་འཚུབ་ཁྲོད།
གསང་གསུམ་སྐུ་ཡི་བཀོད་པ་སྒྲོན་མེའི་འོད།
མི་སྡུག་ཁྲི་མུན་བཙོན་དུ་བཅུག་ན་ཡང་།
ཝ་ལེར་དགོངས་སྤྱོད་མེ་ཏོག་བསུང་ཞིམ་འཐུལ།

ཚངས་སྤྱོད་མཛེས་པ་ངུར་སྨྲིག་རྒྱལ་མཚན་འཛིན།
གསང་སེམས་ལྟ་སྒོམ་ཉི་ཟླ་ཁོང་ནས་ཤར།
དབལ་གཤེན་མི་ཡི་གཟུགས་སུ་མངོན་རོལ་ཞེས།
གྲུབ་ཆེན་ཉི་མས་དགོངས་པའི་ཀློང་ནས་གཟིགས།

སྟོད་སྨད་བར་གྱི་བླ་སྤྲུལ་ཆེས་མང་ཡང་།
རེ་འགའ་རང་གི་ཉམས་རྩལ་རྟགས་ཀྱིས་སྟོན།
རེ་འགའ་རྒྱལ་འཕགས་བཀའ་དང་ལུང་བསྟན་གྱིས།
ངོས་འཛིན་མེད་ན་སྤྲུལ་སྐུ་སུ་ལ་འབོད།

བླ་མ་བླ་མའི་བར་ལ་ཆགས་སྡང་རྩོད།
གྲྭ་ས་དགོན་སྡེའི་བར་ལ་ཁ་མཆུ་མང་།
སྡེ་འབངས་ཆོལ་ཁའི་བར་ལ་འཐབ་འཁྲུག་རྒོད།
བཙན་པོ་བོད་ཀྱི་ལས་དབང་བརླག་པའི་དུས།

རྫུན་དང་བརྫི་མ་གཉིས་ལ་བློ་ཕུགས་གཏད།
གྲོགས་དང་བདེན་པ་གཉིས་ལ་ཁྱད་གསོད་བྱེད།
གཡོ་འཕྲུལ་བརྫི་མས་བཟོས་པའི་སྙིགས་དུས་འདིར།
བདེན་པའི་རྒྱལ་ཁ་ནམ་ཡང་ཐོབ་པར་དཀའ།

དེ་ལྟའི་ལས་སྤྱོད་ངན་པའི་རྣམ་སྨིན་གྱིས།
བསྟན་འཛིན་སྐྱེས་ཆེན་མི་མངོན་དབྱིངས་སུ་གཤེགས།
གྲུབ་པ་ཐོབ་རྣམས་མཁའ་སྤྱོད་གནས་སུ་བསྙེགས།
ནད་མུག་འབྱུང་འཁྲུག་དུག་མཚོན་སྐལ་ངན་ལྡང་།

ཁྱད་པར་བོན་བསྟན་རི༵ན་ཆེ༵ན་བཤད་སྒྲུབ་སྡེ།
ལྔ་རིག་ཕུ༵ན་ཚོ༵གས་གླིང་ལ་ཉེར་སྦྱོར་བའི།
མཛད་ཕྲིན་འོད་སྟོང་ཕྱོགས་བཅུར་སྤྲོ་བཞིན་དུ།
གློ་བུར་དགོངས་པ་བོན་དབྱིངས་ཐིམ་དོན་ཅི།

ཁྱུང་ཡུལ་ལྷ་སྡེ་བསོད་ནམས་ཞན་པའམ།
ཉིད་ཀྱི་བསྟན་འགྲོའི་དོན་ཆེན་འགྲུབ་པའམ།
ཅི་ཆ་མེད་པའི་སྒྱུ་མའི་རྣམ་འགྱུར་དེས།
མོས་ལྡན་ཡིད་སེམས་གཏིང་ནས་སྐྱོ་ལྷང་ལྷང་།

ཚེར་མར་རྩེ་དང་ཉི་ཟླ་ལ་ནི་འོད།
བསྣན་དུ་མི་དགོས་རང་གྲུབ་ཡོད་བཞིན་དུ།
ཉིད་ལ་རེ་སྐུལ་ཞུ་འོས་མ་མཆིས་ཀྱང་།
དགོས་པ་ཡོད་ན་དལ་ཅིག་གཟིགས་མོར་མཛོད།

ལྷ་དང་བླ་མའི་གདམ་དོན་སྒྲོན་མེ་ཐེགས།
རང་རིག་ལྟ་བའི་གཤོག་རླབས་མཁའ་རུ་བསྐྱོད།
སེམས་བསྐྱེད་སྙིང་རྗེའི་སྤྱན་མིག་འགྲོ་ལ་གཟིགས།
ཕྱིན་དྲུག་བསྡུ་བཞིའི་གོ་ཆ་སྐུ་ལ་གོས།

སྲིད་འཁོར་མཐའ་མེད་ནམ་མཁའི་མཐའ་རྒྱ་ཆོད།
ཀུན་བཟང་བླ་མེད་བོན་སྐུའི་རྒྱལ་ས་རུ།
དཔའ་ཆེན་མདའ་དང་ནམ་མཁའི་སྐར་མདའ་བཞིན།
སྐུ་གསུམ་རྒྱལ་བའི་ས་ལ་ཉེར་རྒྱུགས་མཛོད།

དེ་ནས་རང་གྲུབ་སྐུ་གསུམ་ཉི་མའི་འོད།
རང་གཞན་འགྲོ་བ་ཀུན་གྱི་མགོན་སྐྱབས་སུ།
གསང་གསུམ་ཞི་དང་དྲག་གི་རྣམ་འགྱུར་འབུམ།
འཕྲུལ་ཏེ་ས་གསུམ་འགྲོ་ཀུན་འདྲེན་ནུས་ཤོག།

ཅེས་པ་འདི་ནི་ཁྱུང་གཡུང་མཐར་གྱིས་༢༠༡༢ལོའི་ཟླ་༤་པའི་ཚེས༡༧དགོང་མོ་ཆུ་ཚོད་དགུ་ནས་བཅུ་གཉིས་བར་གྱི་ཡུན་ལ་ཤར་མར་དྲན་རྟེན་དུ་བྲིས་པས་དོན་དེ་བཞིན་དུ་དགེ་གྱུར་ཅིག།ཐ་ཚན་མུ་ཙུག་སྨར་རོ།།

རྗེས་དྲན་མིག་ཆུའི་བཞུར་རྒྱུན།།
སྒང་སྲས་དམུ་རྒྱལ་ཉི་མ།
༧སུམ་གླང་གྱིམ་ཤོད་ཁྱུང་ཡུལ་འཛིན་མའི་དཔང་།།
མ་བགོས་སྤྱི་ཡི་བསོད་ནམས་ལས་འཁྲུངས་པའི།།
འདྲེན་མཆོག་དབལ་གཤེན་སྟག་ལའི་ཐུགས་སྲས་མཆོག།
ཟླ་མེད་ཡོངས་གྲགས་སྤྲུལ་པའི་སྐུ་ལ་འདུད།།
༧རིན་ཆེན་དང་པོ་ཇི་བཞིན་མཚན་དཔེའི་སྐུ།།
ཕུན་ཚོགས་ངེས་པ་ལྔ་ལྡན་ཚངས་དབྱངས་གསུང་།།
འགྲོ་བ་གང་ལ་གང་འདུལ་མཉམ་ཉིད་ཐུགས།།
སྙིགས་དུས་འགྲོ་བའིམགོན་པོ་ཁྱེད་མིན་སུ།།
༧ཞྭ་དཀར་བོན་གྱི་འདུས་གནས་ཁྱུང་ཡུལ་མཐིལ།།
ཆུ་ཕོ་འབྲུག་གི་དཔྱིད་ཟླ་ར་བ་ཡི།།
གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དུས་བཟང་ལ།།
ཁྱུང་སེར་གདུངས་ལ་སྐུ་མཚན་འཛུམ་རྒྱ་གྲོལ།།
༧གོང་མའི་ལུང་བཞིན་དགུང་གྲངས་བདུན་གྱི་ཐོག།
སུམ་ལྡན་ཟླ་བ་གྲགས་པའི་ཡང་སྲིད་དུ།།
འགྱུར་མེད་གསེར་གྱི་ཁྲི་ལ་མངའ་གསོལ་ནས།།
འདུས་སྡེ་ཡོངས་ཀྱིས་དད་པའི་ལྷ་ཕྱག་ཕུལ།།
༧ལེ་ལོ་བདུད་ཀྱི་བུ་མོ་ཕར་མཐར་བསྐྲད།།
བརྩོན་འགྲུས་ཅང་ཤེས་རྟ་ལ་ལྕགས་ཀྱིས་བྲབ།།
བསྟན་འཛིན་སྐྱེས་བུ་དུ་མའི་ཞབས་ལ་གཏུགས།།
དབང་ལུང་མན་ངག་ཚུལ་བཞིན་གསན་བཞེས་མཛད།།
༧ཡས་ཕུབ་ལྟ་བའི་གདུགས་ཆེན་མཁའ་ལ་མཛེས།།
མས་འཛེགས་སྤྱོད་པའི་གདན་ཁྲི་ཞབས་ལ་བརྟན།།
ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་རྣམ་པར་དག།
སྒོ་གསུམ་གྱེར་བསྟན་རྨ་མེད་ཁྱེད་ཀྱིས་འཛིན།།
༧དཔལ་ལྡན་ཀོ་རྒྱལ་དགོན་གྱི་འདུས་གནས་སུ།།
མཚམས་སྤྲིན་མདངས་འགྲན་འདུས་སྡེའི་ཁྱུ་ཚོགས་བསྡུས།།
བཤད་སྒྲུབ་སྒོམ་གསུམ་བསྟན་པའི་བ་དན་ཆེ།།
ནམ་ཡང་ནུབ་མེད་སྲིད་གསུམ་རྒྱན་དུ་ཕྱར།།
༧ལྷག་བསམ་མེ་ཆེན་སངས་རྒྱས་བསྟན་ལ་འབར།།
བྱམས་དང་སྙིང་རྗེས་ཉམས་ཐག་འགྲོ་ལ་བརྩེ།།
བསྟན་དོན་གེགས་མེད་སྐྱོང་བཞིན་དཔྱིད་ཐ་ཡི།།
བོད་ཟླ་གསུམ་པའི་ཚེས་བཅུའི་ཐོ་རེངས་ཁར།།
༧ཟ་ཉལ་གཡེང་ལ་དགའ་བའི་འབྲོག་ཐུམ་ང་།།
གཏི་མུག་གཉིད་ལ་ཡུར་བའི་བར་ཞིག་ན།།
ཏིང་ཏིང་ཁ་པར་འཕྲུལ་གྱི་བརྡའ་ཞིག་འབྱོར།།
ཁྱུང་ཡུལ་སྒྲོན་མེ་ནུབ་རིར་བརྒལ་སོང་ཟེར།།
༧མི་འདོད་གཏམ་ངན་ཚེར་མ་སྙིང་ལ་ཟུག།
མ་རུང་ཟེར་ནས་དབང་མེད་སྨྲ་སྒོར་ཤོར།།
མི་བཟོད་སྡུག་གི་ཁུར་པོས་ལུས་སེམས་མནལ།།
མིག་ཆུའི་བཞུར་རྒྱུན་དལ་འགྲོའི་གཞུང་ལ་ཐེམ།།
༧ཁྱེད་ནི་འགྲོ་དྲུག་འདྲེན་པའི་དད་དཔོན་ཡིན།།
ཁྱེད་ནི་གཡུང་དྲུང་བོན་གྱི་སྲོག་ཤིང་ཡིན།།
ཁྱེད་ནི་སྐྱེ་དགུ་ཡོངས་ཀྱི་ལྷ་སྐལ་ཡིན།།
ཁྱེད་ནི་ཁྱུང་ཡུལ་བསྟན་པའི་སྒྲོན་མེ་ཡིན།།
༧ རེ་ཞིག་ཞིང་ཁམས་གཞན་དུ་གཤེགས་ན་ཡང་།།
དུ༔ཁའི་འགྲོ་ལ་ཐུགས་བརྩེས་མི་འདོར་བར།།
ཡང་སྤྲུལ་ཉི་མ་འབུམ་གྱི་འོད་སྣང་ཅན།།
གླིང་བཞིའི་མཁའ་ལ་མྱུར་དུ་ཤར་བར་སྨོན།།
་ ༢༠༡༢ ༦ ༡༠ཉིན།

 

རྗེས་དྲན་རེ་བའི་མིག་ཆུ།

ཁྱུང་ཁྲི་ལྡེ།

སྲས་བཅས་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་གར། །རྣམ་གསུམ་ངུར་སྨྲིག་འཛིན་པའི་གཟུགས་ཤར་བ། །
མཚུངས་མེད་འགྲན་བྲལ་དཔོན་གསས་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །
ཀྱེ་མ་ཀྱི་ཧུད་ཉམ་ཐག་འགྲོ་བ་ཚོའི། །འདྲེན་པའི་དམིགས་བུ་མཆོག་སྤྲུལ་ཟླ་བའི་མཚན། །
ཞིང་ཁམས་འདི་ནས་གཞན་དུ་གཤེགས་པའི་ཚེ། །རྗེས་དྲན་རེ་བའི་མིག་ཆུ་འདི་ན་བཞུར། །
སྐུ་མཆོག་རིགས་བཟང་ཁྱུང་པོའི་གདུང་ལས་འཁྲུངས། །ཡང་སྲིད་ངོས་འཛིན་ལྷ་དང་སྲུང་མས་མཛད། །
གོང་མའི་ཁྲི་རུ་རི་སྨོན་ཟུང་གིས་བསྐོས། །ཕྱག་འཚལ་མཆོད་པ་དཀར་དཔོན་ཚང་གིས་ཕུལ། །
དོན་གཉེར་བརྩོན་འགྲུས་ཐོས་བསམ་སྒོམ་ལ་མཛད། །སྙིང་རྗེའི་མིག་གིས་ཉམ་ཐག་གདོང་ལ་གཟིགས། །
གཏོང་བའི་ཕྱག་ཟུང་བསྟན་པའི་ཕྱོགས་ལ་བརྐྱངས། །མཛད་པའི་ཕྲིན་ལས་ཡར་ཟླའི་རྗེས་འགྲོ་སྐབས། །
སྒྲ་གཅན་དུ་བའི་ཁ་རླངས་ཤར་ནས་འཕྱུར། །གཤེན་བསྟན་ཉི་ཟླའི་འོད་སྣང་དབུས་ནས་བསྒྲིབས། །
བླ་དཔོན་ཕྱུག་པོ་ཀླ་ཀློའི་གཡོག་ཏུ་གྱུར། །ཀླད་མེད་སྤྲང་པོའི་དབང་ཐང་དར་བའི་དུས། །
པོ་ཏི་བཞིན་དུ་རང་ལུས་ཐག་པས་བཅིངས། །རྟ་ཕོ་བཞིན་དུ་ར་རྩག་རྒེ་མོས་ཞོན། །
གསང་སྤྱོད་བཞིན་དུ་གཉའ་ནང་གཅིན་པ་བཏང་། །ལག་དམར་བཞིན་དུ་ཀུན་གྱིས་བརྡུངས་བརྡེགས་བྱས། །
ངོ་ཚའི་ར་བ་ཞིག་པའི་ཆགས་ལྡན་འགས། །སྡོམ་གསུམ་གསས་མཁར་བཤིག་པ་ཁས་བླང་སྟེ། །
ཐབས་ཇུས་སྟོང་གི་འཕྲུལ་འཁོར་བསྐོར་ན་ཡང་། །ཁྱེད་ཀྱི་སྡོམ་སྲོག་མ་ཤོར་ཨེ་མ་རྨད། །
རྒྱ་དཔོན་དམྱལ་སྲུང་གཤིན་རྗེས་སྔུན་ནས་ཁྲིད། །ལས་མཁན་དམག་ཉོབ་སྟོང་གིས་རྒྱབ་ནས་དེད། །
ཆབ་མདོའི་བརྩོན་ཁང་གསོན་གྱི་དམྱལ་ཁམས་སུ། །མི་ལོ་ཉི་ཤུའི་རིང་ལ་གཅོད་སྦྱོང་མྱོང་། །
བསྒྱུར་བཅོས་སྒོ་དབྱེའི་སྐྱ་རེངས་ཤར་བའི་ཚེ། །རིན་རྒྱལ་མཆོག་དང་ཐབས་ཤེས་ཟུང་འབྲེལ་ཏེ། །
ཞང་ཞུང་སྒོ་པ་ཤེལ་ལེ་རྩེ་དྲུག་ནས། །བསྟན་པའི་མེ་རོ་སྤར་བའི་དབུ་འཁྱུད་བརྩམས། །
ཀོ་སྟོན་ཆེན་པོའི་བྱིན་གྱིས་བརླབས་པའི་གནས། །རིག་གསར་འཕྲུལ་གྱི་འབར་མདེའུ་རྒྱབ་པའི་ཤུལ། །
དཔལ་ལྡན་ཀོ་རྒྱལ་ཀུན་གྲགས་གླིང་ཆེན་ཞེས། །རྩ་གསུམ་ལྷ་ལ་འགྲན་པའི་དགོན་ཆེན་བཞེངས། །
རྟེན་བཞེངས་ཙམ་གྱིས་ཐུགས་ཡིད་མ་འཚེངས་ནས། །རྒྱལ་གཤེན་བསྟན་པ་ཀུན་གྱི་སྙིང་པོ་སྟེ། །
ལུང་གི་བསྟན་པ་འཛིན་པའི་བཤད་གྲྭ་དང་། །རྟོགས་པའི་བསྟན་པ་འཛིན་པའི་སྒྲུབ་གྲྭ་བཙུགས། །
འབྱོར་ལྡན་ཕྱུག་པོའི་བརྒྱ་འབུལ་ཡོད་ན་རུང་། །འབྱོར་མེད་པ་ལ་སྐར་གཅིག་མེད་ན་ཆོག།
སྐྱེ་བོ་གང་གིས་སྐྱབས་འཇུག་ཞུས་ན་ཡང་། །ངོ་སོ་མཐོ་དམན་བལྟ་བའི་རྣམ་ཐར་མེད། །
མདོར་ན་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གྱིས། །བསྟན་འགྲོའི་ཕན་བདེ་བསྒྲུབས་པའི་ཕྱག་རྗེས་དེ། །
རྣམ་དཔྱོད་ཞིབ་མོའི་བློ་ཡིས་གཞལ་བའི་ཚེ། །རྗེས་དྲན་དད་པའི་མིག་ཆུ་དབང་མེད་ཤོར། །
ཚད་མེད་སྙིང་རྗེ་ཆེན་པོས་ཉེར་གཟིགས་ཏེ། །སྐབས་མེད་དྭ་ཕྲུག་སྟོང་གི་རེ་སྨོན་བཞིན། །
ཁྱུང་ཡུལ་རིག་པ་འབྱུང་བའི་གནས་མཆོག་ཏུ། །སྤྲུལ་པའི་ཡང་སྲིད་མྱུར་དུ་ཕེབས་རོགས་ཞུ། །
གཞིས་བྱེས་གཉིས་ཀྱིས་བསོད་ནམས་བསགས་པ་དང་། །དཔལ་ལྡན་བླ་མའི་ཐུགས་སྨོན་ཟུང་འབྲེལ་ནས། །
སྤྲུལ་པའི་ཟླ་ཞལ་གསར་པ་མངོན་ཚེས་ཏེ། །བདག་སོགས་བླ་སློབ་ལྷན་དུ་འཛོམ་པར་ཤོག །
སྐྱོ་གདུང་ཡིད་མཚོའི་ཀློང་ལས་བལྟམས་པ་ཡི། །དམ་པའི་རྗེས་དྲན་རེ་བའི་མིག་ཆུ་འདི། །
ས་མཐའ་གྲྭ་རྐྱང་ཁྱུང་དཀར་ཁྲི་མིང་པས། །ཕྱག་སོར་ཡན་ལག་ལྔ་པའི་རྩེ་ནས་བཞུར། །

འོལ་གླིང་གི་མགྲོན་པོ།

ཀུན་ཁྱབ།

ཁྱུང་ཡུལ་བསྟན་འཛིན་ཡོངས་ཀྱི་གཙུག་གི་རྒྱན། །གསོན་གཤིན་གཉིས་ཀྱིས་རེ་ལྟོས་ཞུ་སའི་ཡུལ། །
དབལ་གཤེན་སྟག་ལ་མངོན་བྱོན་སྤྲུལ་པའི་སྐུ། །རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་མཆོག །
བརྒྱུད་འཛིན་གྲུབ་རིགས་གོང་མའི་ཐུགས་དམ་མཐིལ། །མདོ་སྔགས་རྗོགས་པ་ཆེན་པོའི་མན་ངག་བཅུད། །
བྱིན་རླབས་དངོས་གྲུབ་ན་བུན་མ་ཡལ་བ། །གང་ཐུགས་བོན་ཉིད་འཁོར་ལོའི་རྒྱན་དུ་ཐིམ།
དགུ་གཉིས་དུས་ཀྱི་རྩུབ་རླུང་སྒྱུ་བའི་སྐབས། །སེར་གཟུགས་ཕལ་ཆེར་ཁྱིམ་དུ་ལྷག་ན་ཡང་། །
ཚངས་སྤྱོད་འདུལ་ཁྲིམས་ཨུ་དུམ་ཝ་རའི་འདབ། །ཉེས་ལྟུང་ལྗན་ལྗིན་འདམ་གྱིས་སྦག་མ་ནུས། །
ཁྱེད་ཉིད་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མུས། །བདེ་ལྡན་ཞིང་གི་མགྲོན་དུ་ཕེབས་དོན་ཅི། །
ངེད་ཅག་འཁོར་ཚོགས་བསོད་ནམས་ཆ་བྲིའམ། །ཡང་ན་འདུལ་བའི་ཞིང་འདི་རྒྱ་ཆུང་ངམ། །
བུ་ཕྲུག་རྣམས་ནི་སེམས་གཏིང་སྡུག་གིས་ཁེངས། །མིག་ཀོང་མཆི་མས་འགྲམ་པ་ཡོངས་སུ་བརླན། །
སྐུ་ཡི་རྣམ་འགྱུར་གསུང་གི་ཞལ་ཏ་དང་། །ཐུགས་ཀྱི་བརྩེ་ཞེན་ཡིད་ལ་འཁོར་བཞིན་ལུས། །
ཉོན་མོངས་ནང་གི་དྲི་མ་ཚན་ཆེ་བའི། །མ་དག་སེམས་ཅན་བདག་དང་བདག་འདྲ་རྣམས། །
དག་པ་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཏེ། །རྗེས་བརྩེའི་བཀའ་དྲིན་ཀློང་ནས་མ་འདོར་ཅིག །

ཅེས་པའི་རེ་གསོལ་འདི་ནི་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་གནས་འཆའ་བའི་སློབ་གཉེར་བ་ཀུན་ཁྱབ་ནས་ཕུལ།

མགོན་ཁྱེད་འགྲོ་ལ་འཆར་བར་མཛོད།
ཡོན་ཏན་རྒྱ་མཚོ།
ཁྱུང་ཡུལ་སྲིད་པའི་སྒྲོན་མེ།།
ཀོ་རྒྱལ་བསྟན་པའི་གཉེར་དཔོན།།
གསོན་ན་གསོལ་མཆོད་བྱེད་ཡུལ།།
ཤི་ན་བསྔོ་རྟེན་འབུལ་ཡུལ།།

ཞྭ་དཀར་བསྟན་པའི་སྤྱི་རྗེ།།
སེམས་དཔའ་ཟླ་བ་གྲགས་པ།།
རྣམ་སྤྲུལ་མིའི་ཟོལ་བྱོན་པའི།།
ཟླ་སྤྲུལ་རིན་ཆེན་ཕུན་ཚོགས།།

ཁྱེད་ཀྱི་གསང་གསུམ་མཛད་བཟང་།།
གྲགས་པའི་ཕ་མཐར་ཁྱབ་ཅིང་།།
དུས་འགྱུར་རླུང་འཚུབ་ཁྲོད་དུ།།
ཉམས་ཉེས་དྲི་མས་དབེན་ཞིང་།།

བསླབ་གསུམ་མིག་ལྟར་གཅེས་ཏེ།།
ཆོལ་གསུམ་གདུལ་བྱའི་མགོན་དུ།།
གསང་གསུམ་བསྟན་པ་སྐྱོང་བཞིན།།
སྐུ་གསུམ་གྲུབ་པའི་དབང་པོ།།

མགོན་ཁྱེད་ཞིང་དུ་གཤེགས་པའི།།
གཏམ་དེ་རྣ་བར་ཐོས་དུས།།
དབང་མེད་སྐྱོ་གདུང་ཞིག་གིས།།
གསོལ་འདེབས་ཤུགས་དྲག་བཅས་ཏེ།།

ལྷོ་མཐའི་ནགས་ཀླུང་གསེབ་ནས།།
དངོས་འབྱོར་མཆོད་ཚོགས་རྒྱ་ཆེར།།
གྲྭ་རྐྱང་བདག་ལ་དབེན་ཞིང་།།
ཡིད་སྤྲུལ་ཚོགས་གཉིས་རྒྱ་མཚོ།།

འབུལ་བའི་དམིགས་པ་ཕྲ་ཕྱིར།།
ཅི་བྱེད་བྱ་ཐབས་དབེན་དུས།།
མགོན་ཁྱེད་ཐུགས་དགོངས་ཟབ་མོ།།
བོན་འབངས་བསོད་སྐལ་མགོན་དུ།།

སླར་ཡང་འཆར་བའི་གསོལ་འདེབས།།
སྨྱུག་རྩེའི་ཟློས་གར་རི་མོ།།
ས་མཐའི་བུ་ཆུང་ང་ཡིས།།
ཁྱེད་ཀྱི་ཕྱོགས་སུ་ཕུལ་ཡོད།།

བོན་གྱི་གྲྭ་ས་ཆེན་མོ་དཔལ་གཤེན་བསྟན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས།

དུ་ཁས་གཟེར་བའི་སྨྲེ་ངག།
ཁྲོམ་བསམ་གཏན་ཚུལ་ཁྲིམས།
ཡེ་གདོད་མའི་དུས་ནས་བདེ་ཆེན་དུ་སླེབ་པའི།།
ལྷ་སྟག་ལའི་རོལ་གར་མི་ཡུལ་དུ་བསྒྱུར་བ།།
བོན་ཞྭ་དཀར་བསྟན་པའི་སྲོལ་འཛིན་གྱི་དྭངས་མ།།
མགོན་ཟླ་སྤྲུལ་མཆོག་གི་གཟུགས་སྐུ་ཡི་བཀོད་པ།།
ས་མདོ་གམ་འཛིན་མའི་ཐིག་ལེ་ཡི་དཀྱིལ་ནས།།
ལོ་ཆུ་ཕོ་འབྲུག་གི་དཔྱིད་འབྲིང་གི་ཟླ་བར།།
ཚེས་བཅུ་གཉིས་གླང་གི་ཉི་ཁྱིམ་གྱི་ནང་མོར།།
དོན་བོན་ཉིད་ཀློང་གི་ངོ་བོ་རུ་བསྡུས་དུས།།
དགུང་ཨ་སྔོན་ཕྱོགས་མཐར་མཇའ་སྤྲིན་གྱི་གུར་ཁང་།།
ས་དོག་མའི་ཁྱོན་དུ་ཁ་བ་ཡི་མེ་ཏོག།
ལས་དག་མིན་ཁྱད་མེད་འཇིག་རྟེན་པའི་སྣང་ཡུལ།།
རྟགས་ཡ་མཚན་ཀུན་གྱིས་མཐོང་ས་རུ་བཞགས་ཀྱང་།།
ང་ཤུལ་ལུས་བུ་སློབ་དྭ་ཕྲུག་ཚོའི་སེམས་ཁམས།།
རྗེ་ཁྱོད་ཉིད་གཤེགས་པའི་གྱོང་གུད་དེ་དྲན་བཞིན།།
སྡུག་མཆིལ་མའི་ཐིགས་ཁྲེང་མཁུར་མགོ་ནས་བཞུར་ཏེ།།
ཀྱེ་བླ་མ་བརྫས་བརྫས་གྲེ་བ་ཡང་འགག་ཐལ།།
དུས་དེ་ནས་དད་ལྡན་བུ་སློབ་ཚོ་འཚོགས་ཤིང་།།
ཕྱི་མཚན་བཅས་རྣམ་ལྔ་མ་དལ་དང་འབྱོར་ཚད།།
ནང་མ་བཅོས་རང་རིག་ཡེ་ཤེས་ཀྱི་མཆོད་པ།།
ཀུན་རྒྱལ་སྲས་དགྱེས་པའི་མཆོད་སྤྲིན་དུ་བཤམ་ཡོད།།
སྐབས་དེ་དང་དེར་མཚུངས་གཏམ་ངན་དེ་ཐོས་པའི།།
ཧོར་ཁྱུང་པོ་གཉིས་ཀྱི་བླ་མ་དང་དགེ་བཤེས།།
རྒྱུད་དད་པས་བརླན་པའི་ལྷ་སྡེ་དང་མང་ཚོགས།། དགོན་འདི་རུ་ཁ་བ་བུ་ཡུག་བཞིན་འཚུབ་སྟེ།།
དཔལ་བླ་མ་དམ་པའི་སྐུ་སྤུར་གྱི་མདུན་དུ།།
དར་དཀར་པོས་དཀྲིས་པའི་ལྷ་རྫས་རེ་ཕུལ་ནས།།
ངག་གསོལ་འདེབས་སྨོན་ལམ་དབྱངས་རྟ་ལ་བསྐྱོན་ཏེ།།
ལུས་ཕྱག་དང་བསྐོར་བ་གང་འཚམས་ཞིག་འགྲུབ་རྗེས།།
སྤྱིར་སྣང་ཚད་སྒྱུ་མ་གཟིགས་མཁན་ཙམ་མ་གཏོགས།།
རྗེ་བླ་མས་འོ་ཅག་བསྐྱུར་བ་དེ་ཅིའི་དོན།།
མགོན་གློ་བུར་གཤེགས་པའི་ལེ་ལན་དེ་ཅི་ཡིན།།
ངའི་སྐྱབས་མགོན་ཟེར་བཞིན་ངུ་བ་ལས་མི་འདུག།
ད་སྔ་བསམ་ཕྱི་བློ་ཅི་འདྲ་ཞིག་བཏང་རུང་།།
ཕ་བོན་པོ་ཚང་གི་བསྟན་བདག་དེ་གཤེགས་གདའ།།
ཡུལ་གངས་ཅན་ལྗོངས་ཀྱི་ལྷ་སྐལ་དེ་ཕེབས་སོང་།།

 

 

 

 

ཁེར་རྐྱང་དྭ་ཕྲུག་གི་སྐྱོ་གདུང་།

ཚུལ་ཁྲིམས་རབ་བརྟན།

མི་རྗེ་ཁྱུང་དཀར་མངའ་ཁོག་ཏུ། །དབལ་གཤེན་སྟག་ལ་མངོན་བྱོན་པའི། །
མཆོག་སྤྲུལ་ངེས་པ་ལྔ་ལྡན་དེ། །ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཉིད། །
སྐུ་མཚན་མེ་ཏོག་ཆུང་དུས་ནས། །རབ་བྱུང་ངུར་སྨྲིག་མདངས་ཀྱིས་བཀླུབས། །
འཆལ་བའི་དྲི་མས་མ་གོས་པའི། །དམ་པའི་རྟགས་མཚན་མངོན་དུ་གསལ། །
དུས་ངན་ལྷག་རླུང་ལྡང་བའི་རྗེས། །སྐྱིད་པའི་ཉི་མ་གསར་ཚེས་སྐབས། །
རྒྱལ་བའི་བཀའ་འགྱུར་གདན་དྲངས་ནས། །ཁྱུང་ཡུལ་བསྟན་པའི་སྒྲོན་མེ་སྤར། །
དམ་པའི་གདན་ས་ཀོ་དགོན་དུ། །གཤེན་བསྟན་སྙིང་པོ་བཤད་སྒྲུབ་བསྟན། །
རྒྱ་ཆེན་སྤེལ་ཞིང་མཛད་ཕྲིན་རྒྱས། །གྱེར་འབངས་ཡོངས་ལ་བཀའ་དྲིན་ཆེ། །
དུས་འགྱུར་ཡོ་ལངས་སྤྲིན་ནག་ཁྲོད། །ལས་སྤྱོད་ངན་པའི་སད་སེར་གྱིས། །
འདུལ་ཁྲིམས་ལོ་ཏོག་བཅོམས་པའི་སྐབས། །ཉམས་མེད་གནས་པ་ཁྱེད་ཉིད་ཙམ། །
རང་ཅག་ཁྱུང་ཡུལ་རྒྱལ་ཁམས་སུ། །བཤད་སྒྲུབ་བསྟན་པའི་ཀ་ཆེན་ཁྱེད། །
གློ་བུར་ཞིང་ཁམས་གཞན་དུ་གཤེགས། །ཀྱེ་མ་ཤུལ་ལུས་དྭ་ཕྲུག་ཚོ། །
ཡབ་རྗེ་ཟླ་བ་གཞོན་ནུ་ཉིད། །མི་རྟག་ཞི་བའི་དབྱིངས་སུ་གཤེགས། །
ཁྱུང་ཡུལ་སྟོད་སྨད་གྱེར་འབངས་དག །མགོན་མེད་དྭ་ཕྲུག་ལུས་འདི་སྐྱོ། །
གྲུབ་ཆེན་ཟླ་བའི་མཚན་ཅན་མཆོག །ལན་གཅིག་ནུབ་རིར་བཞུད་པའི་ཚེ། །
སྐྱིད་པའི་འོད་སྣང་དགུང་ལ་ཡལ། །ཡ་ཆུང་སྙིང་ལ་མུན་ནག་འཁྲིགས། །
དྲི་མེད་ཁྱུང་སེར་གདུང་རབས་ཁྲོད། །གཟི་མདངས་བཀྲ་བའི་ཟླ་སྤྲུལ་མཆོག །
བསྟན་དང་འགྲོ་དོན་སྐྱོང་བཞིན་ངོས། །ཞིང་དུ་གཤེགས་པ་ཀྱེ་མ་ལ། །
དཀར་ནག་སེར་གསུམ་ཡུལ་གྲུ་རུ། །བསྟན་པའི་གཙུག་རྒྱན་ཟླ་བའི་མཚན། །
མ་དབང་མྱ་ངན་འདས་ཚུལ་བསྟན། །ད་ཕན་རང་བསྟན་གཙུག་རྒྱན་གང་། །
ལན་གཅིག་འོལ་གླིང་གཤེགས་ན་ཡང་། །ཤུལ་ལུས་འཁོར་སློབ་བརྩེ་གཟིགས་ཤིང་། །
སྤྲུལ་པའི་རྣམ་རོལ་མྱུར་ཕེབས་ནས། །རྨད་བྱུང་མཛད་བཟང་རྒྱས་པར་ཤོག །

      ཞེས་སྐྱབས་མཆོག་ཡི་དམ་གྱི་གཙོ་བོ་དབལ་གཤེན་སྟག་མེ་འབར་རབ་བྱུང་བཙུན་པའི་གཟུགས་སུ་བསྟན་ནས་ཁྱུང་ཡུལ་རིག་པའི་རྒྱལ་ཁམས་སུ་བསྟན་དོན་གྱི་མཛད་ཕྲིན་རླབས་ཆེན་བསྐྱངས་ཏེ་དགོངས་པ་ཞི་དབྱིངས་སུ་གཤེགས་རྗེས་ཕྱི་ལོ་༢༡༢ལོ་ཟླ་བ་༤པའི་ཚེས་༣ཉིན་ཞོགས་པ་ཕྱག་ཚོད་དགུ་པ་ནས་བཅུ་པའི་བར་ཚུལ་བརྟན་པས་རང་ཤག་ཏུ་སུག་བྲིས་བྱས།

ཁྱུང་ཡུལ་གྱི་སྒྲོན་མེ། གཟིམས་པར་སྔ་སོང་།

ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་རྗེས་དྲན།
བསྟན་འཛིན་ཡེ་ཤེས།

དུས་ངན་གྱི་འཚུབ་རླུང་ཇི་ལྟར་རྒོད་ཅིང་། །དུས་རབས་ཀྱི་འཕོ་འགྱུར་ཅི་འདྲའི་མཚར་ཡང་། །
བསླབ་ཁྲིམས་ཀྱི་སྡོམ་པ་སྲོག་ལྟར་དུ་གཅེས་པའི། །འགྲན་མེད་ཀྱི་རྒྱལ་སྲས་ཁྱེད་གཟིམས་པར་སྔ་སོང་། །
རང་དོན་ཏེ་ཐོས་སྒོམ་ཉམས་ལེན་གྱི་དུས་འདའ། །གཞན་དོན་ཏེ་འཆད་རྩོད་རྩོམ་གྱི་སློབ་གཉེར་བཙུག །
རང་ཉིད་ལས་གཞན་གཅེས་སུ་འཛིན་པའི་སྐྱེས་ཆེན། །ཁྱུང་ཡུལ་གྱི་སྒྲོན་མེ་ཁྱེད་གཟིམས་པར་སྔ་སོང་། །
བསྟན་པ་ལ་སེམས་གཏིང་ནས་ཤ་ཞེན་ཆེ་བས། །ཤེས་ཡོན་གྱིས་ཕྱུག་པའི་རིགས་གོང་དུ་བཀུར་ཞིང་། །
རིག་གནས་ལ་དགའ་བའི་བུ་སློབ་དག་བསྡུ་མཁས། །འགྲོ་དྲུག་གི་མགོན་པོ་ཁྱེད་གཟིམས་པར་སྔ་སོང་། །
གཞན་དག་ལ་ཟུར་ཟ་བྱས་པའི་ལོ་རྒྱུས་མེད། །གཞན་འབྱོར་ལ་འགྲན་སེམས་འདོད་པ་དེ་བས་མེད། །
ཡ་རབས་ཀྱི་དམ་པ་དག་གོང་དུ་བཀུར་མཁན། །ངེས་དོན་གྱི་བླ་མ་ཁྱེད་གཟིམས་པར་སྔ་སོང་། །
མཐོ་པོ་ཡི་རིགས་རེད་ཅེས་ངོས་དགའ་བྲལ་ཞིང་། །ནུས་མེད་ཀྱི་ཉམས་ཆུང་ཅེས་མཐོང་ཆུང་མེད་པ། །
བྱམས་དང་སྙིང་རྗེ་ཡིས་འདྲ་མཉམ་དུ་འཇོག་མཁན། །མཆོག་སྤྲུལ་གྱི་དམ་པ་ཁྱེད་གཟིམས་པར་སྔ་སོང་། །
ལས་དབང་དང་བསོད་ནམས་ཟད་པའི་ཁོ་བོས་ཀྱང་། །སྔོན་འགྲོ་ཡི་ཁྲིད་སོགས་གང་མང་ཞུ་བསམ་ཡང་། །
དམ་པ་ཁྱེད་གློ་བུར་དུ་ཞིང་གཞན་གཤེགས་དུས། །ངའི་སེམས་ལ་སོས་མེད་ཀྱི་རྨ་ཁ་སྦྱིན་སོང་། །
མཆོག་སྤྲུལ་ཁྱེད་རེ་ཞིག་ནུབ་རི་ལ་ཕེབས་ཀྱང་། །མི་རིང་བར་སླར་ཡང་བསྟན་འགྲོ་ཡི་དོན་ཆེད། །
ཡང་སྤྲུལ་གྱི་གསེར་ཞལ་མགྱོགས་མྱུར་དུ་མཇལ་བའི། །རེ་སྨོན་དང་ཡིད་ཆེས་ཀྱི་ཀློང་ནས་བསྒུག་ཡོད། །

      ༢༠༡༢ལོའི་ཟླ་༤པའི་ཚེས་༧ཉིན་སེམས་པ་སྐྱོ་གདུང་གི་མནར་བཞིན་ཤར་མར་བྲིས་སོ། །

དུས་གློ་བུར་བའི་གོད་ཆག
གཡུང་དྲུང་གཙུག་ཕུད།
༼ཀོ་རྒྱལ་དགོན།༽

ཡུལ་མཆོག་གནས་བཞིའི་ཐུགས་རྗེས་མཁྱེན་གཟིགས་སམ། །དུས་ངན་འགྱུར་བ་བྱུང་བའི་སུམ་མདོ་འདིར། །
དཀར་ནག་སེར་གསུམ་འབངས་མའི་སྐྱབས་མགོན་ཉིད། །གློ་བུར་མི་ཡུལ་འདི་ནས་གཟིམ་འདི་ཅི། །
ཉིད་ཀྱི་གསང་གསུམ་གདུལ་བྱ་བྱེ་བ་ཡི། །བསོད་ནམས་མཚོ་ཡི་ཆུ་ཐིག་སྐམ་སོང་ངམ། །
ཡང་ན་སྐུ་ཚེའི་མཛད་པ་རྫོགས་པ་ཡིན། །གང་ལྟར་གོད་ཆག་འདི་ནི་འཇིགས་སུ་རུང་། །
ཁྱེད་ཉིད་མི་ཡུལ་འདི་དང་གྱེས་འགྲོ་བའི། །བསམ་པ་ཙམ་གྱི་སྟ་གོན་མེད་བཞིན་དུ། །
རྐྱེན་ངན་ཞིག་གིས་བར་ཆོད་བྱས་པ་ཡིས། །གློ་བུར་གཟུགས་སྐུའི་བཀོད་པ་བསྡུས་འདི་ཅི། །
ཟླ་བ་ཇི་བཞིན་འགྲོ་ལ་ཐུགས་བརྩེ་བའི། །དུས་ཙེ་བྱེ་མའི་འཁོར་ཚོགས་གཞོམ་པའི་གཉེན། །
དབལ་གཤེན་མི་ཡི་གར་དུ་ཆེས་རོལ་བའི། །རྗེ་གཅིག་གཤེགས་འདི་སུ་ཡི་བཀོད་སྒྲིག་ལགས། །
ཤར་ཕྱོགས་ཉི་འོད་རི་རྩེར་ཕོག་མ་ཐག །ཁོ་བོའི་སྒྲ་འཛིན་རྣ་བའི་གསང་ལམ་དུ། །
གོ་ཆག་ཞིག་གི་གནས་ཚུལ་ཐོས་ཙམ་གྱིས། །ཐེ་ཚོམ་རེ་རེས་མིག་མཐར་མཆི་མས་བརླན། །
འདུས་སྡེ་བརྒྱ་འཚོགས་བྱས་པའི་གྲལ་དཀྱིལ་ནས། །གྲྭ་རྐྱང་འགའ་ཞིག་ངུ་ངག་འབྱིན་བཞིན་དུ། །
སྨོན་ཚིག་དབྱངས་རྟ་མགྲིན་ནས་བསྐྱོན་པ་ཡིས། །ཁོ་བོ་ན་ཟུག་སྟོང་གིས་ཡང་ཡང་མནར། །
དེ་ལྟའི་གོད་ཆག་བྱུང་བའི་ཉིན་འགའ་ཞིག །གདུང་རྟེན་མཇལ་ཁ་ཞུ་བའི་གོ་རིམ་བར། །
འདུས་པའི་སྡེ་སོགས་གདུལ་བྱའི་སློབ་འབངས་ཀུན། །ཀྱེ་མ་ངུ་དང་བརྒྱལ་བའི་རྣམ་ཐར་མོད། །
འགྲོ་ཁམས་སྡུག་ལ་སྤྱར་བའི་ཉིན་ཞིག་ཏུ། །གཤེན་སྨྱུག་ཟུག་ངུ་སྟོང་གིས་མནར་བཞིན་དུ། །
སེམས་སྡུག་ཀློང་གི་དབུགས་རིང་རེ་རེ་ཡིས། །བཅོས་མིན་མྱང་བྱང་འདིར་ལྟར་སྨྲས་ནས་ཡོད།

༢༠༡༢།༤།༤ཉིན།

རྗེས་དྲན་མིག་ཆུའི་ཐིག་པ།

གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས།

ལས་ཉོན་རླུང་གིས་འཁོར་བར་འཁྱེར་བའི་རྒྱུ་རྐྱེན་བ་སྤུ་ཙམ་ཞིག་མེད། །
འོན་ཀྱང་འགྲོ་རྣམས་སྡུག་གིས་གདུང་ལ་བྱམས་པའི་སེམས་ཀྱིས་མ་ཐུབ་པར། །
བསམ་བཞིན་སྲིད་པར་སྐྱེ་བ་བཞེས་ཞིང་དམ་པའི་རང་མདངས་མ་ཡལ་བ། །
ཁྱུང་ཡུལ་ཟླ་སྤྲུལ་ཕུན་ཚོགས་དབང་པོར་བདག་བློ་མོས་པས་ཕྱག་འཚལ་ལོ། །
སྲིད་པའི་གནས་ནས་སྲིད་པར་མ་སྤྱོད་དམ་པའི་ལས་ལ་གོམ་གྱིས་འཛེགས། །
རྒྱལ་བསྟན་རིན་ཆེན་རྒྱལ་བའི་གསུང་བཞིན་གདུལ་བྱའི་བློ་དང་མཐུན་པར་སྤེལ། །
བསླབ་གསུམ་རྣམ་དག་བསླབ་ཁྲིམས་གཙང་ལ་ཉེས་ལྟུང་དྲི་མས་དབེན་ནོ་ཞེས། །
འཇིག་རྟེན་འདི་ན་འཇིག་མེད་ཟོལ་གྱིས་རབ་ཏུ་གྲགས་པ་བདག་གིས་ཐོས། །
འོན་ཀྱང་གདུལ་བྱའི་བསོད་ནམས་བྲི་ཞིང་རྟག་འཛིན་དགེ་བར་བསྐུལ་སླད་དུ། །
གང་སྐུ་རིན་ཆེན་ཉིན་བྱེད་དབང་པོ་ནུབ་རིའི་ཕག་ཏུ་ལྷུང་བ་ན། །
གདུལ་བྱའི་བློ་ཡི་སྒྲོན་མེ་གཟིམ་ཞིང་སྡུག་གི་མཆི་མ་གདོང་ན་ལུད། །
རྗེ་ཁྱེད་དྲན་གདུང་གཟུགས་སུ་འཕོས་ན་གནམ་སའི་བར་ལ་ཤོང་དུ་མེད། །
རྗེས་འཇུག་བུ་ཡི་མ་བཅོས་དད་པ་གསེར་ཕྱེ་སྤུངས་པའི་ལན་ཙམ་དུ། །
སྤྲུལ་པའི་ཟློས་གར་སྲིད་འདིར་བསྒྱུར་ལ་གྱེར་བསྟན་གསེར་གྱི་རྔ་བོ་ཆེ། །
བཤད་སྒྲུབ་བསྟན་པའི་དབྱུག་གུས་བརྡུང་ལ་སྙན་པའི་གྲགས་ཆེན་དབྱར་སྐྱེས་སྒྲ། །
ས་གསུམ་ནམ་མཁའི་མཐའ་ལ་འགྲན་ཞིང་བླ་སློབ་མྱུར་དུ་མཇལ་བར་ཤོག །

      ཅེས་པ་འདི་ནི་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་༧སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ་པོ་གདུང་ལི་ལུང་རྟོགས་བསྟན་པ་རབ་རྒྱས་སུ་འབོད་པས་ཁྱུུང་ཡུལ་བསྟན་པའི་གཙུག་རྒྱན་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དཔལ་བཟང་པོ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་མྱ་ངན་ཞུ་བ་དང་གདུལ་བྱ་འདུས་པའི་ཚོགས་ཀྱི་ལྷ་སྐལ་དུ་ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཛུམ་པའི་གསོལ་འདེབས་དང་བསྟུན་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་མཐར་ཐུག་པ་རྒྱ་གར་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་མགོན་པོ་གང་གི་ལྷ་འབངས་རྣམས་ལ་སེམས་གསོ་དང་བཅས་༢༠༡༢ཟླ་༤ཚེས་༦ཉིན་ཕུལ། །

རྗེས་དྲན་སྨྱུག་རྩེའི་རི་མོ།

སྐྱིད་སྲས་དགེ་ལེགས་ཉི་མ།

ཡ་ཐོག་བོད་ཀྱི་ལོ་རྒྱུས་རྣལ་མ་བོན་གྱི་ཁུངས་ལ་མ་གཏུག་གོང་། །
ཆུ་འགོ་གངས་དང་ཆོས་འགོ་བོན་ཞེས་སྲིད་པའི་གཏན་ཚིགས་མ་བསྒྲུབ་གོང་། །
འཕྲུལ་ཡིག་བཞི་བཅུའི་གཙང་ཆབ་དྭངས་མོ་གངས་རིའི་ཁོངས་ལས་མ་བཞུར་གོང་། །
ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དམ་པས་དགོངས་པ་བོན་དབྱིངས་བསྡུས་དོན་ཅི། །
ལོ་རྒྱུས་གངས་ཆབ་སྔོན་མོའི་བཞིན་མདངས་རྒྱ་མཚོའི་ཀློང་དུ་མ་ལྷུང་གོང་། །
ཞང་དབོན་མེས་པོའི་བདེན་པ་ཟབ་མོ་ཤར་རིའི་ཕྲག་ནས་མ་ཚེས་གོང་། །
བོད་ཡུལ་མུན་པའི་གླིང་ཞེས་སྐུར་འདེབས་སྤྲིན་ནག་རྔམ་ཁ་མ་གཏོར་གོང་། །
ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དམ་པས་དགོངས་པ་བོན་དབྱིངས་བསྡུས་དོན་ཅི། །
ཆུ་ནང་ལྷུང་བའི་ཟླ་གཟུགས་འདི་ཡིས་མཁའ་ཟླ་སྤྱུགས་པའི་རྣམ་ཐར་དག།
རྟེན་འབྱུང་རིན་ཆེན་ས་འཛིན་མ་མས་ལོ་རྒྱུས་བདེན་དཔང་བྱེད་པའི་དུས། །
འོ་སྐོལ་སྟོན་པས་གངས་རིའི་འདབས་ནས་ཕ་སྐད་རྣལ་མ་བརྗོད་པའི་དུས། །
ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དམ་པས་དགོངས་པ་བོན་དབྱིངས་བསྡུས་དོན་ཅི། །
ཕྱོགས་ལྷུང་མཁས་པའི་མིག་གོང་ཧྲིལ་བོར་ཕྲག་དོག་ཐལ་རྡུལ་མ་ཆགས་གོང་། །
ཁྱོད་དང་ང་ཞེས་ཐ་སྙད་སྐྱ་བོས་འཐབ་ར་རྨང་ནས་མ་འདིང་གོང་། །
ལོ་རྒྱུས་འོ་ཆབ་འབབ་རྒྱུན་ཀློང་ལ་ཁྲག་ཐིགས་ཡེ་ནས་མ་འདྲེས་གོང་། །
ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དམ་པས་དབལ་རི་ཟུར་ན་འགོག་པར་བཞུགས། །
དུས་སྙིགས་བསྐལ་བ་ནམ་མཁའི་ཀློང་ལ་ནད་མཚོན་སྤྲིན་ནག་འཁྲིགས་པའི་དུས། །
ནད་གདོན་སྲིན་མོའི་ཟ་ཁ་ངན་པ་སྒང་པ་ཚང་ལ་འཁྱུག་པའི་དུས། །
མདོ་དབུས་ཁམས་ཀུན་རླུང་དམར་འཚུབ་དང་མེ་ལྕེ་དགུང་དུ་མཆེད་པའི་དུས། །
སྟག་ལའི་ཐུགས་སྤྲུལ་བོན་དབྱིངས་གཤེགས་པས་བདག་ཅག་མུན་ནག་ཁྲོད་ན་འཐོམ། །
ཁྱེད་སྐུ་འདི་ལྟར་བོན་དབྱིངས་གཤེགས་པ་རྟག་འཛིན་བློ་ཁ་ལྡོག་ཕྱིར་དུ། །
འོན་ཀྱང་མུན་འཁྱམས་སེམས་པ་འདི་ལ་གསལ་བའི་སྒྲོན་མེ་སུ་ཡིས་འདེགས། །
དད་པའི་ཨ་ལོང་ཟླ་ལྟར་སྒོར་ཡང་འདྲེན་པའི་ལྕགས་ཀྱུ་སུ་ཡིས་བསྲིངས། །
ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དམ་པས་ཕྱིར་མིག་ཐེངས་གཅིག་གཟིགས་པར་ཀྱེ། །

རྗེས་དྲན་དད་པའི་ཨ་ལོང༌།

བློ་གྲོས་གསལ་བཟང༌།

ཟླ༵་བྲལ་གཤེན་བསྟན་ཨུཏྤལ་དཀར་པོའི་མཛེས་སྡུག་ལང་ཚོ་བསྐྲུན་མཁས་པའི།།
གྲག༵ས་སོགས་བོན་བརྒྱད་སྐྱོན་གྱིས་མ་གོས་ཟླ་བ་གཞོན་ནུའི་འཛུམ་ཟེར་དཔལ།།
རི༵ན་ཆེ༵ན་གཅེས་སྲོག་མི་རྟག་བདུད་ཀྱིས་འདི་སྣང་ནུབ་རིའི་མཐར་བསྐྱལ་ཚེ།།
ཕུ༵ན་ཚོ༵གས་སྡེབ་སྦྱོར་ཚིག་གིས་དབེན་ཀྱང་སྐྱོ་གདུང་སེམས་ཀྱི་ན་ཟུག་གླཻེང༌།།
 

བཀྲ་ཤིས་དགེ་མཚན་བྱེ་བས་ལེགས་སྤྲས་ཁྱེད་སྐུ་རྟེན་བཟང་ཧ་རིའི་ལྗོན།།
གདུལ་བྱའི་ལས་སྨོན་རྟེན་འབྲེལ་དག་པས་སྒང་དྲུག་རི་བོའི་ས་ཡི་ཆར།།
རྣལ་འབྱོར་ཁྱུ་མཆོག་བྱེ་བའི་འབྱུང་གནས་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ།།
དབྲ་ཡི་གདུང་ལས་སྟག་ལའི་སྤྲུལ་པ་གདུལ་བྱའི་བསོད་ཚོགས་དཔལ་ལས་འཁྲུངས།།
 

ཐུན་མོང་སྐྱེ་རྒུ་འགྲོ་བའི་མོས་ངོར་ངེས་མེད་སྤྲུལ་པའི་སྐུར་བཞེངས་ཏེ།།
ཐུན་མིན་གཤེན་བསྟན་གདུག་དཀར་འཆང་བའི་མ་ཡུམ་གངས་རིའི་གླིང་ཁྲོད་དུ།།
ཤེས་རབ་གསུམ་གྱི་རྩལ་གསུམ་རྫོགས་པའི་ཡ་མེད་སེང་ཆེན་རྒྱལ་པོ་ཁྱེད།།
ཆུང་ནས་ཁྱེད་འཕགས་མཚན་བཟང་དུ་མའི་དམ་པའི་རང་གཤིས་ལྷན་སྐྱེས་མངའ།།
 

དད་འདུན་མོས་པའི་འཚང་ཁ་རྒོད་པའི་བོན་འབངས་སྐྱ་སེར་གྲངས་མེད་ཀྱིས།།
ཟོལ་བྲལ་དད་གསུམ་ཡིད་ཀྱི་སྙེ་མ་དྲན་སེམས་རླུང་གིས་ཉེར་བསྐུལ་ཏེ།།
མཛེས་རྒུའི་གཟུགས་དང་སྙན་རྒུའི་དབྱངས་བཅས་དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གྱིས།།
བཀོད་པ་ཕུན་ཚོགས་ཀོ་རྒྱལ་དགོན་དུ་ཆིབས་བསུའི་ལེགས་སྐྱེས་གཙང་མ་ཕུལ།།
 

བརྟན་བརྗིད་ལྷུན་ཆགས་སྨུག་རིའི་མདུན་ཞོལ་བྱིན་བརླབས་ཚན་ཁ་རྒོད་པའི་གནས།།
སྔོན་བྱོན་སྐྱེས་ཆེན་དམ་པའི་གདན་ས་དཔལ་ལྡན་ཀོ་རྒྱལ་དགོན་ཆེན་དུ།།
མི་འགྱུར་རིན་ཆེན་དང་པོའི་ཁྲི་རུ་བསྐལ་བརྒྱར་བཞུགས་པའི་མངའ་གསོལ་ཏེ།།
ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཞེས་པའི་གསང་མཚན་གསེར་གྱི་ཅོད་པན་བཞེས།།
 

བཅོས་མིན་འདུ་ཤེས་དྲུག་གི་སྒོ་ནས་སུམ་ལྡན་བཤེས་གཉེན་ཚུལ་བཞིན་བསྟེན།།
ལྷད་མེད་ཟབ་གདམ་རྩི་བཅུད་དངས་མས་ཐུགས་ཉིད་གསེར་བུམ་བྱུར་གཏམས།།
ཤེས་རབ་གསུམ་གྱི་ལང་ཚོ་བརྟས་པས་འདི་སྣང་དངོས་འཛིན་ཕམ་པར་བྱས།།
སྙིགས་དུས་མུན་པའི་སྨག་རུམ་ཀློང་ནས་སྐྱོན་བྲལ་ཟླ་བའི་འཛུམ་རྒྱ་གྲོལ།།
 

གང་གི་མཁྱེན་ཡོན་ནམ་མཁའི་ཀློང་ནས་ལྷག་བསམ་རྟ་བདུན་དབང་པོའི་གཟིས།།
ལྔ་རིག་ཤེས་བྱའི་དྲི་བསུང་ཐུལ་བའི་བཤད་སྒྲུབ་སྒོམ་པའི་སྐྱེད་ཚལ་དང༌།།
འབྱོར་ལྡན་བསོད་ཚོགས་བསགས་པའི་ཞིང་ས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བསྐྲུན།།
སྐལ་ལྡན་དང་བ་འདྲེན་པའི་དམིགས་རྟེན་ཚངས་སྤྱོད་འདུལ་འཛིན་སློབ་ཚོགས་བསྐྱངས།།
 

མཐོན་པོའི་མི་ལ་ངོ་བསྟོད་མེད་ཅིང་དམའ་མོའི་སྐེ་གཉའ་རྡོག་བརྫིས་མེད།།
ལྕེ་བརྒྱ་སྤྲུལ་པའི་བསླུ་ཚིག་མེད་ལ་གཡོ་སྒྱུས་གཞན་མགོ་བསྐོར་མྱོང་མེད།།
ཁ་བདེ་ཁོ་ནས་འགྲོ་འདྲེན་མ་གྱུར་ངེས་པ་དོན་གྱི་རྣལ་འབྱོར་བ།།
ཁྱེད་ཉིད་ཞིང་ཁམས་གཞན་དུ་ཕེབས་འདིར་འོ་ཅག་སེམས་ནས་བཟོད་ལགས་སམ།།
 

དལ་འབྱོར་རྟེན་མཆོག་ཨུཏྤལ་ལྗོན་བཟང་རྐྱེན་ངན་སད་ཀྱིས་བཅོམ་པའི་མཐུས།།
སྐད་ཅིག་མི་རྟག་ཚེ་ཡི་རི་མོ་མཐའ་མེད་མཁའ་མཐར་ཡལ་དང་ལྷན།།
དམ་པ་ཁྱུང་གི་གདུང་རབས་འཛིན་པའི་ངེས་དོན་མཁའ་ལྡིང་དབང་པཽོ་ཞིག།
གོ་ལ་ཟླུམ་པོའི་གྲུ་ཟུར་འདི་ནས་ཞིང་ཁམས་གཞན་ལ་ཆས་འདིར་ཕངས།།
 

དེ་ལྟའི་བདུད་ཀྱི་གཡོ་འཕྲུལ་ངན་པའི་གཏམ་གཟན་བརྙན་འཕྲིན་རྒྱུད་ལམ་ནས།།
ལ་ལུང་སྟོང་ཕྲག་དུ་མ་འཛིངས་པའི་ས་མཐའ་དགུ་བཅུ་གོ་དགུའི་མཐར།།
མདོ་མེད་ཁེར་རྐྱང་འཁྱམས་པོ་ང་ཡི་ཐོས་འཛིན་གསང་བའི་རྒྱར་ལྷུང་ཚེ།།
སྐྱོ་གདུང་སེམས་ཀྱི་ན་ཟུག་ལྕི་མོས་སྙིང་ཆུང་རྔ་གོག་དྲག་ཏུ་བརྡུང༌།།
 

རྗེས་འཇུག་དད་ལྡན་སློབ་འབངས་ཡོངས་ཀྱི་འདི་ཕྱིའི་རེ་ལྟོས་སུ་ལ་བཅོལ།།
འཇིགས་རུང་བར་དོའི་འཕྲང་དུ་ལུས་པའི་འགྲོ་ལ་བདེ་ལམ་གང་གིས་སྟོན།།
ཤུལ་དུ་ལུས་པའི་བདག་སོགས་འགྲོ་རྣམས་འདི་སྣང་གཤིས་སུ་ནུབ་པའི་དུས།།
རང་སྣང་མི་ཤེས་གཞན་སྣང་འཛིན་ཚཻེ་སྟོང་རིག་མ་བུ་སྤྲོད་མཁན་སུ།།
 

འོན་ཀྱང་ཁྱད་འཕགས་སྐྱེས་མཆོག་དམ་པ་མི་རྟག་མྱ་ངན་འདས་པའི་དུས།།
འཇིགས་རུང་གཤིན་རྗེ་རྒྱལ་པོའི་མངའ་ཁུལ་དམྱལ་ཁམས་བཅོ་བརྒྱད་ཡུལ་གྲུ་རུ།།
ཉམ་ཐག་འགྲོ་བ་གཅིག་ཀྱང་མ་ལུས་བདེ་ཆེན་ཞིང་དུ་མངོན་དྲངས་ཞེས།།
དམར་ཆུང་སྙིང་ཁོང་དྲོན་མོའི་དབུས་ནས་རྒྱལ་བའི་གསུང་ལ་ཡིད་ཆེས་ཐོབ།།
 

ཐེར་ཟུག་རྟག་པའི་མཐའ་རུ་མངོན་ཞུགས་སྒྲོ་འདོག་བདུད་དཔུང་བརླག་པའི།།
གང་སྐུ་མི་རྟག་སྒྱུ་མའི་རོལ་གར་ཡེ་གྲོལ་ཀློང་དུ་བསྟིམས་ཟིན་ཀྱང༌།།
རྫོགས་སངས་རྒྱས་པའི་མིང་ཙམ་མེད་ཅེས་ལོག་རྟོག་ཆད་པའི་མཐའ་བསལ་ཕྱིར།།
སླར་ཡང་སྟོང་གསུམ་སྒྱུ་མའི་ཞིང་འདིར་སྟོང་གཟུགས་སྐུ་རུ་མངོན་འཆར་ཤོག།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག