དང་པོ། སྨྱུང་གནས་ཀྱི་གོ་དོན་དང་ངོ་བོ་སྤྱི་བཤད།
སྨྱུང་གནས་ལ་བོན་རང་ལུགས་སུ་བསྙུང་ཞེས་འབྲི་བ་དང༌། ད་ལྟ་འདིར་སྨྱུང་ཞེས་བྲིས་པ་བརྡ་རྙིང་དུ་ཉུང་བའི་དོན་ཏེ། ལུས་ངག་ཡིད་གསུམ་གྱི་བྱ་བ་སྤྱི་དང་བྱེ་བྲག དཔེར་ན་ངག་གི་ཚིག་དང་ཁ་ཡི་ཟས་སོགས་ཉུང་ངུར་བཏང་བའི་དོན། གནས་ནི་དེ་ཉམས་སུ་བླངས་པའམ་དེར་གནས་པའི་དོན། བསྙེན་གནས་དང་བསྙུང་གནས་ནི་སོ་སོ་ཡིན་ཏེ། བསྙེན་གནས་ནི་བསྙུང་གནས་ཀྱི་སྔོན་འགྲོ་ལྟ་བུ་ཡིན།
དང་པོ་བསྙེན་གནས་ལ་ངག་རྒྱུན་དུ་སྡོམ་པའང་ཟེར། ཁ་ཡི་ཟས་གཅོད་པ་མ་གཏོགས་ངག་གི་སྨྲ་གཅོད་མི་དགོས། 《ཡང་ཟབ་ནམ་མཁའ་མཛོད་ཆེན་གྱི་འདུལ་བ་མདོར་བསྡུས་པའི་གཞུང༌།》ལས། བསླབ་པ་ཕུལ་དང་ཚེ་འཕོས་དང༌། །རྩ་བ་ཆེད་དང་མཚན་མོ་འདས། །མཚན་གཉིས་ཅིག་ཆར་བྱུང་བ་ན། །སོ་སོར་ཐར་བའི་སྡོམ་པ་གཏོང༌། །ཞེས་དང༌། སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། །དེ་ཡོལ་དུས་སུ་བཟའ་མི་བྱ། །ཡོངས་སུ་རྫོགས་པའི་དགེ་བསྙེན་དང༌། །ལོག་འཁྲུལ་སྣ་འགའ་སྲུང་བ་ལ། །བསྙེན་གནས་ཡན་ལག་བརྒྱད་དུ་བཤད། །ལུས་ངག་ཡིད་གསུམ་བསྡམས་བྱས་ལ། །བག་དང་ལྡན་པར་གཙང་བར་བསྲུང༌། །⑴ཞེས་ལུས་ངག་ཡིད་གསུམ་བསྡམ་པར་བྱས་ནས། ཁྲུས་དང་གཙང་སྦྲ་བྱེད་པ་དང་བསམ་པ་རྣམ་དག་གིས་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་བོར་སྦྱིན་པ་སོགས་བཏང་ནས་དགེ་བའི་བྱ་བ་ཕུན་སུམ་ཚོགས་པ་བསྒྲུབས་ཏེ་བྱ་རིམ་གཉིས་པ་སྨྱུང་གནས་ཀྱི་ཉམས་ལེན་པའོ། །
གཉིས་པ་སྨྱུང་ངམ་བསྙུང་གནས་ནི་ངག་ཟས་གཉིས་ཀ་ཚད་ངེས་ཅན་གྱིས་བསྡམས་ཏེ་དོ་སྣང་བྱེད་དགོས་པ་སྟེ། ཁ་ཡི་ཟས་གཅོད་པ་མ་ཟད། ངག་གི་སྨྲ་བའང་བཅད་ནས་ལུས་ངག་ཡིད་གསུམ་རྣམ་དག་གིས་དགེ་བའི་ལས་ལ་སྦྱོར་བ་ཞིག་ཡིན། དེ་གཉིས་ལ་ཁྱད་པར་ཡོད་པ་སྟེ། སྡོམ་པ་ནི་སྨྱུང་གནས་མ་སྲུང་བའི་སྔོན་དུ་ལུས་ངག་ཡིད་གསུམ་གྱིས་དགེ་བའི་ལས་བྱེད་པའི་སྔོན་འགྲོ་དང་གྲ་སྒྲིག་ལྟ་བུ་ཡིན། སྨྱུང་ངམ་བསྙུང་གནས་ནི་སྡོམ་པའམ་བསྙེན་གནས་བསྲུང་རྗེས་ལུས་དང༌། ངག་དང༌། ཡིད་གསུམ་ག་ནས་གཅོད་པའི་ཚུལ་ཁྲིམས་ཀྱིས་དགེ་སྤྱོད་ཕུན་སུམ་ཚོགས་པ་བྱས་ནས་ཉམས་སུ་ལེན་པ་ཞིག་ཡིན། སྨྱུང་གནས་སྲུང་སྐབས་ཀྱི་དུས་ནི་སྤྱིར་བཏང་བོད་ཀྱི་ཆོས་ལུགས་ཀྱི་ཆོ་ག་གཞན་དག་དང་འདྲ་བར་ཟླ་གང་རུང་གི་ཚེས་བརྒྱད་དང༌། བཅུ། བཅུ་གསུམ། བཅོ་ལྔ། ཉེར་གཉིས། གནམ་གང་སོགས་ཉི་བཟང་སྐར་བཟང་ལ་སྲུང་ན་ཤིན་ཏུ་བཟང་བར་བཤད་ལ། དེའི་དགེ་བ་དང་ཕན་ཡོན་ནི་རྒྱུན་ལྡན་གྱི་མ་ཎྀ་ཚར་གཅིག་དང་དགེ་ལས་ཐེངས་གཅིག་སྒྲུབ་པའི་ཕན་ཡོན་ལས་ལྡབ་བརྒྱ་འགྱུར་གྱིས་ལྷག་ཚུལ་གསུངས། སྲུང་མཁན་ནི་བོན་གྱི་གཞུང་ལུགས་ལྟར་ན། དྲང་སྲོང་མ་ཡིན་པའི་སྐྱབས་འགྲོ་རྒྱུན་ལྡན་གྱི་སྐྱེས་ཕོ་མོ་གང་རུང་གིས་སྲུང་ཆོག་ཅིང༌། དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ནང་དུ། སྨྱུང་གནས་འདུས་ཡོད་པས། ཆེད་དུ་སྨྱུང་གནས་ཀྱི་སྡོམ་པ་མ་སྲུང་ནའང་ཆོག་པར་བརྗོད། འོན་ཀྱང་འདིར་འཆད་བྱར་གྱུར་བའི་རེབ་གོང་བོན་མང་གི་སྨྱུང་གནས་སྲུང་མཁན་ལ་མཚོན་ན། གཙོ་བོ་ལས་ལ་བརྩོན་པའི་སྐྱེས་མ་བུད་མེད་རྣམས་ཡིན། དེའི་ནང་དུ་ཡི་གེ་ཤེས་མི་ཤེས་གཉིས་ཀ་ཡོད།
གཉིས། སྨྱུང་གནས་ཀྱི་སྔོན་འགྲོའི་ཁས་ལེན་མཆོད་འབུལ་དང་ཕྱག་ལེན་ཆོ་ག
དང་པོ། སྨྱུང་གནས་མ་བཟུང་བའི་སྔོན་གྱི་ཁས་ལེན་དང་ཡུལ་དུས་གཏན་འཁེལ་བྱེད་ཚུལ།
སྤྱིར་སྨྱུང་གནས་མ་བཟུང་བའི་སྔོན་གྱི་ཆ་རྐྱེན་དང་བྱེད་རིམ་ལ། སྔོན་དུ་ཤ་སོགས་དམར་ཟས་ཀྱི་རིགས་དང༌། སྒོག་ཙོང་རིགས་སོགས་དྲི་ངན་གྱི་ཟས་འགོགཔ་དང༌། རྟེན་བསྐྲུན་པ་དང་མཆོད་རྫས་བཞེངས་པ་སོགས་གྲ་སྒྲིག་བྱེད་དགོས་པ་ཕུད། དེ་མིན་ད་དུང་རེབ་གོང་བོན་མང་གི་སྨྱུང་གནས་ནི་གནས་འདིར་ཡོད་པའི་དགེ་ལུགས་དང་རྙིང་མ་བའི་སྨྱུང་གནས་འཛིན་སྲོལ་དང་མི་འདྲ་ས་ནི། སྨྱུང་གནས་མ་བཟུང་བའི་སྔོན་དུ། དེ་ཁས་ལེན་དང་ཡུལ་དུས་སོགས་གཏན་ཁེལ་བྱེད་པ་དགོས་པ་སྟེ།
༡ སྨྱུང་གནས་ཁས་ལེན་བྱེད་ཚུལ་ནི། རེབ་གོང་བོན་སྡེ་སྟོད་སྨད་བར་གསུམ་གྱི་བོན་མང་རྣམས་ལ་མཚོན་ན་ཁྱིམ་རེ་རེར་བྱས་ཏེ། རང་ཁྱིམ་དེ་གས་ལོ་གང་བོའི་ནང་ཆག་འཇིག་བསྐྱེད་པའི་སྡིག་ལས་དང༌། ཡང་ན་འདྲེ་དང་གདོན་བགེག་རིགས་དང་ནད་ཡམས་སོགས་བར་ཆད་ཐམས་ཅད་སེལ་ཆེད་དང༌། ཡང་ན་རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ཁྱིམ་འདིར་འབྱོར་ཆེད་དང༌། ཁྱིམ་འདིའི་ཁ་ལས་རླུང་རྟ་དར་ཆེད་སྨྱུང་གནས་སོགས་ཀྱི་དགེ་རྩ་སྒྲུབ་པ་ཡིན། དེའང་ཁས་ལེན་བྱེད་དུས་ཁྱིམ་གྱི་ཆ་རྐྱེན་ལ་བལྟོས་ནས་ཁས་ལེན་པ་ལས། གཞན་གྱི་བཙན་ཤུགས་དང་ཡང་ན་ངེས་པར་གྱི་བགོས་སྐལ་མ་ཡིན་པར་རང་དབང་རང་འཐད་ཡིན་ལ། ཁྱིམ་ཚང་རེ་རེའི་དགོས་མཁོ་དང་རྒྱུ་འབྱོར་གྱི་ཆ་རྐྱེན་ལྟར་སྨྱུང་གནས་བསྲུང་རྒྱུ་ཞེས་སྡེ་མི་ཀུན་ལ་བརྡ་བརྒྱབ་ནས་ཁས་ལེན་པ་ཞིག་ཡིན།
༢ ཡུལ་དུས་གཏན་ཁེལ་བྱེད་པ། སྨྱུང་གནས་ཀྱི་དུས་ནི་བོད་ཀྱི་ཆོས་ལུགས་ཀྱི་དུས་ཆེན་གཞན་དག་དང་འདྲ་བར་གཟའ་སྐར་འཕྲོད་སྦྱོར་གྱི་ཉི་བཟང་སྐར་བཟང་གདམ་ན་རབ་ཡིན་ཞེས་གོང་དུའང་བཤད་ཟིན་ཏེ། དེ་མིན་དབྱར་དགུན་སྟོན་དཔྱིད་ལས། བོན་མང་རྣམས་ཀྱིས་གཙོ་བོར་ཞིང་ཕྱུགས་ཉིས་འདྲེས་ཀྱི་ལས་གཉེར་བས་དཔྱིད་དབྱར་སྟོན་གསུམ་སྐབས་སུ་འདས་མཆོད་སྒྲུབ་པའམ། ཡང་ན་བཞི་བའི་སྨྱུང་གནས་ཀྱི་དུས་ཆེན་ལྟ་བུའི་དམིགས་བསལ་ཉིན་ལ་སྨྱུང་གནས་བསྲུང་བ་མ་གཏོགས། སྤྱིར་བཏང་དུ་དགུན་ཁར་ཡུལ་མི་ཀུན་ལ་ཞིང་ཕྱུགས་གཉིས་ཀྱི་ལས་ཀ་ཆེར་མེད་པས་སྡེ་བའི་ཁྱིམ་ཚང་ཡོངས་ནས་སྨྱུང་གནས་སྲུང་རྒྱུ་ཁས་ལེན་བྱེད་པ་ཡིན། དཔེར་ན། རེབ་གོང་བོན་མང་སྟོད་སྨད་བར་གསུམ་དུ་ཕྱེས་པའི་ཡ་གྱལ་སྨད་ཀྱི་ཁྱུང་བོ་ཐང་སྡེ་བར་མཚོན་ན། དེང་སྐབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཡུལ་མི་རྣམས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། མི་རྣམས་ཀྱི་རིན་ཐང་གི་ལྟ་བ་ལ་འགྱུར་ལྡོག་དང་བསམ་བློར་འཕོ་འགྱུར་བྱུང་སྟེ། རང་ཉིད་ཀྱི་ཁ་ཟས་དང་ཁྱིམ་གྱི་ཆེད་དུ་དཔྱིད་དབྱར་གྱི་དུས་སུ་ལ་ཕྱིར་ཞོར་ལས་སུ་འགྲོ་བ་དང༌། སྟོན་དུས་སུ་སྟོན་བསྡུ་བའི་ལས་ལ་བྲེལ་བ་སོགས་ཀྱི་རྐྱེན་གྱིས་སྐབས་དེ་ཤེད་དུ་ཁོམ་པ་མེད་པས། དགུན་གྱི་དུས་སུ་ད་གཟོད་སྨྱུང་གནས་ཁས་ལེན་བྱེད་མཁན་ཕྲེང་ལྟར་བསྒྲིག་ཡོད། དེ་བས་སྤྱིར་བཏང་ལོ་རེའི་དགུན་ཟླ་བཅུ་བ་ནས་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་དུ་སྲུང་བ་ཡིན།
ཡུལ་ནི་སྤྱིར་བཏང་དུ་སྨྱུང་གནས་ཁས་ལེན་བྱས་པའི་ཁྱིམ་དེར་སྟོན་པ་ཡིན། འདིར་རེབ་གོང་གི་སྡེ་བ་གཞན་དང་ས་གནས་གཞན་གྱི་སྨྱུང་གནས་སྲུང་གནས་ནི་ཕལ་ཆེར་མ་ཎི་ཁང་དང་ལྷ་ཁང་སོགས༼བོན་མང་གི་གསས་ཁང་༽གཞུང་ཁང་དུ་ཚོགས་པ་མང་ཞིང༌། རེབ་གོང་བོན་མང་ལ་མཚོན་ན་སྨྱུང་གནས་ཁས་ལེན་བྱས་པའི་ཁྱིམ་དེའི་མཆོད་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་བསྲུང་བ་ཡིན། དེ་ལྟར་སྨྱུང་གནས་དེ་སུ་ཚང་གི་བསྲུང་རྒྱུའི་ཁས་ལེན་བྱས་པ་དང༌། རིམ་བཞིན་ཡུལ་དང་དུས་སོགས་གཏན་ཁེལ་བྱས་རྗེས་སྡེ་བའི་ཁྱིམ་མི་རྣམས་ལ་བརྡ་བརྒྱབ་ནས་སྨྱུང་གནས་འཛིན་པར་བསྐུལ་བ་ཞིག་ཡིན།
གཉིས་པ། སྔོན་འགྲོའི་མི་གྲངས་རྩིས་ལེན་དང་ཉིན་ཚད།
གོང་གསལ་ཁས་ལེན་དེ་དག་གནང་ཚར་རྗེས། བསྲུང་གནས་ཀྱི་ཁྱིམ་དེ་གས་སྡེ་བའི་མི་རྣམས་ལ་བརྡ་བརྒྱབ་པ་ན། ཁྱིམ་ཚང་རེ་རེའི་ཨ་མ་ལོ་ལོན་ནམ་སྐྱེས་མ་རྣམས་ཀྱིས་སྡོམ་རྩ་དང༌། སྨྱུང་གནས་ཀྱི་ཉམས་ལེན་པ་སྟེ། ཚང་མ་ཁས་བླངས་པའི་ཁྱིམ་དེར་འཛོམས་ནས་མཉམ་དུ་སྨྱུང་གནས་བསྲུང་ངེས་ཡིན། དེ་ནས་བསྲུང་གནས་ཀྱི་ཁྱིམ་དེས་སྲུང་མཁན་ག་ཚོད་ཡོད་པ་རྩིས་ལེན་བྱས་ཏེ་དགོས་ངེས་ཀྱི་ཡོ་ཆས་དང་ལག་ཆ་སོགས་གྲ་སྒྲིག་བྱེད་དགོས། རྩིས་ལེན་བྱེད་ཚུལ་ནི། མི་བརྒྱད་སྐོར་ཁག་གཅིག་བྱས་ནས་བརྩི་བ་སྟེ། བརྒྱད་གྲངས་གཅིག་ལ་མཆོག་གཅིག་ཅེས་ཆེད་དུ་བཏགས་པའི་ཐ་སྙད་ཅིག་ཀྱང་བཟོས་ཡོད། དཔེར་ན། 8(མི་གྲངས)×4(མཆོག)=32(སྤྱི་བསྡོམས) ཞེས་བརྒྱད་གྲངས་དུ་རྩིས་སྲོལ་ཡོད་པར་གསུངས། སྔོན་ཆད་ཡིན་ན་མི་གྲངས་མཆོག་བཅུའམ་དེའི་ཡན་ཆད་དུ་ལོངས་པར་བཤད་ལ། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ན་གཞོན་བུད་མེད་དག་གིས་བརྒྱུད་འཛིན་མ་བྱས་པ་དང༌། སྡེ་ཕྱིའི་མནའ་མ་མང་བས་མི་རྟོགས་པ། ལོ་ལོན་རྒན་པའི་རིགས་ཇེ་ཉུང་དུ་སོང་བ་སོགས་ཀྱི་རྐྱེན་པས་རྗེས་རབས་པ་རྣམས་ཀྱིས་ཆོ་ག་དེ་རིགས་ཉམས་ལེན་ལེགས་པོ་མ་བྱས་པར་བརྟེན། ད་ལྟ་སྨྱུང་གནས་སྲུང་མཁན་གྱི་མི་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་སྟེ། ཆེས་མང་ནའང་མི་གྲངས་མཆོག་གསུམ་ཙམ་ལས་མེད་པར་བཤད།
སྨྱུང་གནས་འཛིན་པའི་ཉིན་ཚད་ནི། བན་ཁའི་སྨྱུང་གནས་འཛིན་པའི་ཉིན་གྲངས་དང་མཚུངས་པར་ཉིན་གསུམ་གྱི་ཚད་ཡིན། ཉིན་དང་པོར་སྡོམ་རྩ་ལེན་པ་དང༌། གཉིས་པར་སྨྱུང་གནས་ཉམས་སུ་བླངས་ནས་ཁ་ཟས་གཉིས་ཀ་གཅོད་པ། གསུམ་པར་སྨྱུང་གནས་ཀྱི་ཐུམ་གྲོལ་བ་ཞེས་ངག་ཟས་གཉིས་ཀྱི་སྡོམ་པ་ཕྱེ་བ་ཡིན། ཉི་བཟང་སྐར་བཟང་གི་འཕྲོད་སྦྱོར་ལེགས་པའི་དུས་ནི་སྤྱིར་བཏང་དུ་ཉིན་གཉིས་པའི་སྨྱུང་གནས་ཉམས་སུ་ལེན་པའི་དུས་དེ་ཡིན།
གསུམ་པ། སྔོན་འགྲོའི་མཆོད་འབུལ་མཁོ་རྫས་དང་ཕྱག་ལེན་ཆོ་ག
སྨྱུང་གནས་ཁས་ལེན་བྱས་པའི་ཁྱིམ་དེའི་གྲ་སྒྲིག་གི་ཆོ་ག་ནི། ཁྱིམ་ཚང་གང་དེར་སྨྱུང་གནས་ཀྱི་ཆོ་ག་དེ་མ་བསྒྲུབ་པའི་སྔོན་ལ། བསྲུང་གནས་ཀྱི་ཁྱིམ་དེས་མར་ཕྱུར་རྩམ་གསུམ་དང༌། འོ་མ་ཀ་ར་སིལ་ཏོག་སོགས་དགོས་ངེས་ཀྱི་ཟས་རིགས་སོགས་ནི་ཁྱིམ་ཚང་གི་ཆ་རྐྱེན་དང་བསྟུན་ནས་གྲ་སྒྲིག་བྱེད་པ་ཕུད། གཞན་ད་དུང་དངོས་རྫས་འཇོག་བྱེད་ཀྱི་ཅ་ལག་དཔེར་ན། གཞོང་བ་དང་སྡེར་མ། དཀར་ཡོལ། གདན། སྒྲོག་ཙེ། མཆོད་རྐོང་སོགས་ཀྱང་ཁྱིམ་གྱི་འབྱོར་བ་དང་བསྟུན་ནས་གྲ་སྒྲིག་བྱེད་དགོས། སྨྱུང་གནས་མགོ་མ་བརྩམ་པའི་སྔ་ཉིན་ལ་བསྲུང་གནས་ཀྱི་ཁྱིམ་དེ་གཙང་ཕྱགས་བྱེད་པ་དང༌། ཁྱིམ་དེའི་མཆོད་ཁང་ནང་དུ་རྟེན་བསྐྲུན་པ་དང༌། མཆོད་རྫས་བཞེངས་ནས་རབ་གནས་བྱས་ཟིན་པའི་སྐུ་བརྙན་དང་ལྷ་སྐུ། འབུམ། (2)ཐུགས་རྟེན་གང་རུང་བཤམས་པ་ནི། ཤར་རྫའི་བསྙེན་བསྙུང་སྡོམ་ཆོག་(3)ཏུ་ལུང་དྲངས་པ་ལྟར། བླ་མ་ཡི་དམ་གྱི་རྣམ་པ་བདུན་གྱི་ནམ་མཁར་བསྒོམས་ཞེས་དང༌། རབ་གནས་ལྡན་པའི་སྐུ་གསུང་ཐུགས་རྟེན་གང་རུང་དུ་བཤམས་ནས་མཆོད་རྐོང་དུ་མཆོད་མར་ལྡུག་པ་བཅས་གྲ་སྒྲིག་འཐུས་ཚང་བྱེད་པར་གསུངས་པ་དང་བསྟུན་དགོས།
མཁོ་ངེས་ཀྱི་མཆོད་འབུལ་ལ། ཀུན་སྐྱོབ་བྱམས་མ་ཆེན་མོའི་ཐང་ཀའི་(4)མདུན་དུ་ལྷ་སྐུ་གཞན་དག་དང་བོན་གྱི་ཆོས་དཔེ། མཆོད་མར། མཆོད་པ། མེ་ལོང༌། མེ་ཏོག བདུག་སྤོས། གཡང་མདའ་སོགས་ཁྱིམ་གྱི་འཛོམས་ཚད་དང་བསྟུན་ནས་མང་པོ་བཤམ་ཆོག སྨྱུང་གནས་སྲུང་མཁན་གྱི་སྐྱེས་མ་དེ་རིགས་ཀྱིས་སྐབས་དེར་སྔོན་འགྲོའི་སྟ་གོན་ནམ་གྲ་སྒྲིག་གང་དག་བྱ་དགོས་ཞེ་ན། སྲུང་མཁན་སྐྱེས་མ་དེ་ཐོག་དང་པོར་སྨྱུང་གནས་ཀྱི་ལས་ལ་ཞུགས་མཁན་ཞིག་ཡིན་ཚེ། དེས་བླ་མ་ཞིག་གི་མདུན་ནས་སྨྱུང་གནས་ཀྱི་ཐོག་མའི་དཀར་ཐིག་(5)གམ་སྡོམ་རྩ་སྟེ། སྨྱུང་གནས་སྲུང་ཆོག་པའི་རབ་གནས་དང་ཐུན་མིན་གྱི་དབང་ལུང་ཅི་རིགས་ཤིག་ཐོབ་དགོས། དེ་ནས་སྔོན་དུ་སྲུང་མྱོང་བའི་མི་རྣམས་དང་མཉམ་དུ་སྨྱུང་གནས་མ་སྲུང་བའི་སྔ་ཉིན་ལ། ལས་ཀ་ལྩི་མོ་དང༌། རྫུན་ཕྲ་མ། སྒོག་ཙོང་དྲི་ངན་དང་སྡིག་ལས་ཀྱི་ཟས་ཅི་རིགས་བཟའ་མི་རིགས་པར་མ་ཟད། ཉེས་དམིགས་ཀྱི་ལས་དང་ཆགས་སེམས་སོགས་རྣམ་པར་སྤང་སྟེ་རང་ལུས་གཙང་མ་བྱེད་དགོས་པ་ཤར་རྫ་གསུང་འབུམ་(6)དུ། སྐྲ་ནི་སོར་གཉིས་ཕྱེད་དང་གཉིས། །ཁ་སྤུ་སེན་མོ་བྲེག་པར་བྱ། །སྒོག་ཙོང་དྲི་ང་ལ་སོགས་པ། །ཉེས་དམིགས་མང་ཕྱིར་སྤང་བར་བྱ། །ཞེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་གཙང་སེལ་དང་སྡིག་པའི་ལས་རྣམས་སྤང་བར་བྱས་ཏེ་ཕྱི་ཉིན་སྨྱུང་གནས་བསྲུང་བར་གྲ་སྒྲིག་བྱེད་པ་སྟེ། རེབ་གོང་བོན་མང་གི་ཞལ་འདོན་སྨྱུང་ཆོག་ཕྱོགས་སྡོམ་ལས། (7)སྡིག་པ་ཐམས་ཅད་དག་བྱེད་ཅིང༌། །སྒྲིབ་པ་ཐམས་ཅད་བྱང་བ་ཡི། །སྡུག་བསྔལ་ཀུན་ལས་ཐར་བའི་ཆུ། །ལྷ་རྫས་དག་ལས་བྱུང་བ་སྟེ། །མཆོད་འོས་རྣམས་ལ་ཁྲུས་གསོལ་བས། །ཉིད་རྣམས་དག་པ་ཇི་བཞིན་དུ། །བག་ཆགས་དྲི་མ་དག་གྱུར་ཅིག ། ཞེས་སྨོན་ལམ་གདབ་པའི་སྔོན་འགྲོའམ་གྲ་སྒྲིག་རྣམ་དག་གམ་ཡང་དག་ཅིག་བྱེད་དགོས།
གསུམ། སྨྱུང་གནས་ཀྱི་དངོས་གཞིའི་ཆོ་ག
དང་པོ། ཉིན་ཐོག་མའི་སྨྱུང་གནས་ཀྱི་ཆོ་ག་དང་འདོན་རྟ།
སྤྱིར་སྨྱུང་གནས་ནི་ཉིན་གྲངས་གསུམ་ལ་འཛིན་དགོས་པ་གོང་དུ་བཤད་ཟིན་པ་ལྟར། ཉིན་གྲངས་སོ་སོའི་སྨྱུང་གནས་ཀྱི་རྣམ་པ་དང༌། བྱེད་སྒོ་སོགས་མཚུངས་པ་མིན་ཏེ། སྨྱུང་གནས་སྲུང་མཁན་ལ་མཚོན་ན། ཉིན་གྲངས་དང་པོའི་དུས་སུ་སྨྱུང་གནས་སྲུང་མཁན་གྱི་སྲུང་བྱ་ནི་ཁ་ཟས་གཅོད་པ་མ་གཏོགས་ངག་གི་སྨྲ་བ་གཅོད་མི་དགོས། ཉིན་འདི་ནི་བསྙེན་སྨྱུང་གཉིས་ལས་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་ལེན་པའི་དུས་ཡིན། བོན་གྱི་བརྟེན་འགྱུར་དུ་བསྙེན་གནས་དང་སྨྱུང་གནས་ཀྱི་ཁྱད་པར་ལ། བསྙེན་གནས་དུས་སུ། ཚིག་རྩུབ་ངག་འཆལ་འཕྲ་རྫུན་སྤངས་བར་འཚལ། །སྨྱུང་གནས་དུས་སུ། བཟླས་བརྗོད་མིན་པའི་མི་ཚིག་སྤངས་བར་འཚལ། །ངན་སེམས་གདུག་སེམས་ལོག་ལྟ་སྤངས་བར་འཚལ། །དམན་པའི་ཆས་གོས་ནག་སྤངས་བར་འཚལ། །(8)ཞེས་བརྗོད་པ་མ་ཟད། ཐུན་མོང་གི་སྤང་བྱ་ལ་ད་དུང་ལུས་ངག་ཡིད་གསུམ་གྱི་མ་དག་པ་དང༌། ལྷ་མིན་གྱི་དྲག་ཤུལ་དང་རྒྱལ་བོ་ལྟ་བུའི་འགྱིང་འགྲོས། བླུན་པོ་ལྟ་བུའི་ཟུར་འགྲོས། བཙུན་མོ་ལྟ་བུའི་སྒེག་ལྟས། ཤ་ཟ་སྲིན་པོ་ལྟ་བུའི་ཚོམ་འགྲོས། མཁའ་ལྡིང་ལྟ་བུའི་འཕྲེད་ཉལ། གན་རྐྱལ་དང་ཁ་སྦུབ། སྡང་མིག གཅེར་བུ་སོགས་ལས་ཀྱི་སྤྱོད་པ་མ་རུངས་པའི་རྩ་བ་བཞི་དང༌། ཡན་ལག་གི་སྡེ་བཞི་སྟེ་ཤ་ཆང་དང༌། ཨག་ཙོང་སྒོག་ཙོང་ཟ་བ་སྤང་བ། དུས་མ་ཡིན་ཁ་ཟས་སྤང་བ། གཞན་ཡང་ཚུལ་མིན་གྱི་གོས་དང༌། རིན་ཆེན་གྱི་ཁྲི་གདན་སོགས་སྤང་ནས་དགེ་བའི་ཚུལ་ཁྲིམས་ཀྱི་སྤྱོད་པ་བཟུང་སྟེ་ཁ་ཟས་བཅད་ནས་སྡོམ་རྩ་ལེནདགོས་ཚུལ་སོགས་ཞིབ་རྒྱས་སུ་གསུངས་ཡོད།
དངོས་གཞིའི་ཆོ་ག་ལ་སྨྱུང་ཆོག་ཕྱོགས་བསྡུས་ལས། (9)དེ་རིང་ནམ་གསལ་ནས་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་པ་སྲུང་བར་འཚལ་ལོ། །ཡུལ་གོང་མ་རྣམས་ཀྱི་ཐུགས་རྗེས་བཟུང་དུ་གསོལ། ཞེས་ཞོགས་པ་སྔ་མོ་ནམ་གསལ་དུས་སུ། སྨྱུང་གནས་བསྲུང་ཡུལ་གྱི་ཁྱིམ་དེའི་བུ་ཞིག་གིས་དུང་དཀར་བུས་ཏེ་ཚོགས་བརྡ་བཏང་ཚེ། ཁྱིམ་རེ་རེའི་སྨྱུང་གནས་སྲུང་མཁན་རྣམས་བསྲུང་གནས་སུ་འཛོམས་རྗེས་མཆོད་སྐུའི་མདུན་ནས་འདོན་པ་རྣམས་བཏོན་ཏེ་བསྙེན་གནས་ཀྱི་སྡོམ་པ་ལེན་པ་དང༌། ཁྲུས་བྱས་ཏེ་གསོ་སྦྱོང་(10)ཞེས་པ་ལེན་པ་ཡིན། སྔ་དྲོའི་བྱེད་རིམ་རྣམས་རྫོགས་རྗེས་ཞལ་ཟས་ལ་རོལ་བ་དང༌། དེ་རྗེས་ངལ་གསོ་ཅུང་ཙམ་བྱས་རྗེས་ཡང་བསྐྱར་བླ་མེད་ཀྱི་སྐུ་གསུམ་མཆོག་ལ་གསོལ་བ་བཏབ་ནས་དོན་ཀུན་འགྲུབ་ཅིང༌། རྨད་བྱུང་ཚུལ་ཁྲིམས་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་གསོལ་བ་དང་སྨོན་ལམ་གྱི་འདོན་པ་རྣམས་བཏོན་ཏེ་སྨྱུང་གནས་ཀྱི་སྡོམ་པ་གནས་པར་བྱེད་པ་ལ་སྟ་གོན་བྱེད། ཕྱི་དྲོའི་ཆུ་ཚོད་ལྔ་དྲུག་ཡས་མས་སུ། ཡང་དུང་བུས་ཏེ་ཚོགས་བརྡ་བཏང་འཕྲལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བའི་ཕྱིར་དུ། སྒྲིབ་པ་དང་སྡིག་པ་ཐམས་ཅད་དག་པར་བྱས་ནས་སྐྱབས་འཇུག་དང་སྨོན་ལམ་ཞུ། (11) ཞེས་འདོན་པ་རྣམས་ཡང་བསྐྱར་ཚར་གཅིག་འདོན་པ་དང༌། དེ་རྗེས་སྡོམ་པའི་དགུང་ཇ་ཞིག་འཐུང་རྗེས་གཡང་འབོད་དང་བཅས་ཉིན་དང་པོའི་བྱེད་རིམ་དེ་མཇུག་རྫོགས་པའོ། །སྨྱུང་གནས་ཀྱི་འདོན་རྟ། རེབ་གོང་བོན་མང་གི་སྨྱུང་གནས་ཀྱི་འདོན་པ་ལྟར་ན། སྤྱིའི་ཆ་ནས་མགོ་རྩོམ་སྐབས་ཀྱི་མཆོད་མེའི་འདོན་པ་དང༌། གསོལ་འདེབས། སྐྱབས་འགྲོ། བྱམས་མ། མཛད་བཅུ། བསྙེན་སྨྱུང་གཉིས་ཀྱི་སྡོམ་ཆོག ཕྱག་མཆོད། སྨོན་ལམ་བཅས་འདོན་པ་ཡིན་ཏེ།
(1)མཆོད་མེའི་འདོན་པ་ནི་ཉིན་གཅིག་གི་ཞོགས་པར་མགོ་རྩོམ་དུས་སུ་འདོན་པ་ཡིན་ཞིང༌། 《མར་མེ་སྨོན་ལམ་ཟད་མེད་གཏེར་མཛོད》(12)ཅེས་བོན་མང་གི་ཞལ་འདོན་དུ། མཁའ་དབྱིངས་གསལ་སྟོང་བདེ་བའི་ཞིང་ཁམས་སུ། །སྐྱབས་གནས་ལྷ་ཚོགས་མ་ལུས་གསལ་བའི་མདུན། །རིན་ཆེན་སྟོང་གསུམ་མཉམ་ཐའི་རྐོང་བུ་རུ། །བདུད་རྩིའི་ཞུན་མར་རྒྱ་མཚོ་འཁྱིལ་བའི་དབུས། །ཞེས་ཐུན་མིན་གྱི་དབྱིངས་རྟར་དྲངས་ནས་འདོན་པ་ཡིན།
(2)གསོལ་འདེབས་(13)ནི་རང་གི་བླ་མ་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས་པའི་འདོན་པ་སྟེ། བོན་གྱི་ཞལ་འདོན་དུ(14)ཨེ་མ་ཧོ། བདེ་ཆེན་རྒྱལ་བོ་ཀུན་བཟང་རྒྱལ་བ་འདུས། །ཀུན་མཁྱེན་དབང་བོ་ཤེས་རབ་སྨྲ་བའི་སེང༌། །འཛམ་གླིང་མཁས་མང་གཙུག་རྒྱན་མཉམ་མེད་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཞེས་ཤེས་རབ་ཀྱི་སྐུ་གསུམ་ལ་གསོལ་བ་བཏབ་ན་རང་ལ་དངོས་རྒྱུད་ཀྱི་དགེ་བའི་ཚོགས་མ་ལུས་བསོག་པར་བརྗོད། སྤྱིར་བཏང་དུ་རྒན་པ་རྣམས་ཀྱི་བཤད་ཚུལ་ལ་བྱིས་པ་རྣམས་ཀྱིས་ནངས་ཞོགས་པའི་དུས་སུ་གསོལ་འདེབས་འདི་མྱུར་དུ་ཐེངས་མང་པོར་བཏོན་པ་ཡིན་ན། རང་ཉིད་ཀྱི་བློ་རིག་ཇེ་གསལ་དུ་འགྲོ་བ་དང་ཐམས་ཅད་བྱང་ཆུབ་པར་འགྱུར་བར་འགྲོ་ཞེས་བཤད་ཚུལ་ཡོད།
(2)སྐྱབས་འགྲོ་(15)ནི་ལྷ་བླ་མར་གསོལ་བ་བཏབ་ནས་མགོན་དང་སྐྱབས་འཇུག་བྱེད་པར་རེ་སྨོན་བྱེད་པ་སྟེ། སྨྱུང་ཆོག་ཕྱོགས་བསྡུས་སུ་(16) བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། སྐྱབས་ཀྱི་དང་པོ་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །བོན་ལ་སྐྱབས་སུ་མཆིའོ། །ཞེས་སངས་རྒྱས་བོན་དང་སེམས་དཔའ། བླ་མ་ཡི་དམ་མཁའ་འགྲོ་བཅས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་ལྡན་པར་སྐྱབས་འཇུག་ཞུ་བ་ཡིན།
(4)ཀུན་སྐྱོབ་བྱམས་མ་(17)ནི་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ལ་གསུངས་ཞེས་ཟེར་ཞིང༌། གཙོ་བོ་ཀུན་སྐྱོབ་པར་བྱེད་པའི་བྱམས་མ་ཆེན་མོ་ལ་སྐྱབས་འཇུག་ཞུས་ཏེ་བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ་བའོ། །
(5)མཛད་བཅུ་(18)ནི་དགྲ་བཅོམ་གསང་བ་མདོ་སྡུད་ཀྱིས་སྟོན་པ་ལ་བསྟོད་པའི་མཛད་པ་བཅུ་གཉིས་པ་ཡིན་ཞིང༌། སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས་དང་མཚུངས་པར་ཉེ་སྟེ། བོན་གྱི་སྟོན་པ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ལ་བསྟོད་པ་བྱས་ཡོད།
(6)བསྙེན་བསྙུང་སྡོམ་ཆོག འདི་ནི་ཉིན་གྲངས་དང་པོའི་སྐབས་ཀྱི་ཞོགས་པ་དང་དགོང་མོའི་སྐབས་སུ། ད་གཟོད་བསྙེན་བསྙུང་ལས་བསྙེན་གནས་ཀྱི་སྡོམ་པ་བཞེས་ཚུལ་འདོན་པ་ཞིག་ཡིན་ཏེ། དེ་གཉིས་ཀྱི་དུས་ལ་ཁྱད་པར་ཡོད་པ་དཔེར་ན། བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དེ་རིང་ནམ་གསལ་ནས་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ལེན་པ་ཡིན། ཞེས་བསྙེན་གནས་སྡོམ་པ་ཡན་ལག་བརྒྱད་དེ་བརྩི་སྲུང་བྱས་ནས་སང་ཉིན་གྱི་སྨྱུང་གནས་ཉམས་སུ་ལེན་པར་སྟ་གོན་བྱེད་པ་ཡིན། འདོན་པ་གཞན་དང་མི་མཐུན་པ་ཞིག་ནི། བསྙེན་བསྙུང་སྡོམ་ཆོག་འདི་ཞོགས་པ་དང་དགོང་མོའི་ཚོགས་སྐབས་སུ་མ་གཏོགས་མི་འདོན།
(7)ཕྱག་མཆོད་བསྟོད་པ་ནི། (19) སྨྱུང་ཆོག་ཏུ་《ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཕྱག་མཆོད་པ་བསྟོད་ཉུང་བསྡུས་དད་པའི་སྙེ་མ》བྱ་བ་ཡིན་ཞིང༌། གཙོ་བོར་འཇིག་རྟེན་གསུམ་གྱི་ལུས་ཅན་ཀུན་གྱི་དང་བའི་འདྲེན་པོ་ཀུན་བཟང་རྒྱལ་བ་རྒྱ་མཚོར་གུས་པ་དང་བསྟོད་པ་བྱས་ནས། རང་ཉིད་དམ་སྲུང་ཡུལ་གྱི་ཁྱིམ་དེ་ངན་འགྲོའི་འཇིགས་པ་ལས་ཐར་ཞིང་སྡིག་སྒྲིབ་དག་པར་བྱས་ཏེ། ཕྱི་མར་མངོན་པ་བྱང་ཆུབ་སྐུ་རུ་འགྱུར་བར་སྨོན་ལམ་འདེབས་པར་གསུངས།
(8)སྨོན་ལམ་(20)ནི་གོང་གི་འདོན་པ་རྣམས་ཚར་རྗེས་ཐམས་ཅད་བདེ་བླག་ཏུ་་འགྲུབ་པའི་སྨོན་ལམ་རྒྱག་པ་ཞིག་སྟེ། དེ་ལ་ཚེ་དབང་སྨོན་ལམ་དང༌། སྨོན་ལམ་བསྟན་པ་དར་རྒྱས་ཡུན་གནས། གཅོད་པའི་སྨོན་ལམ་བཅས་དབྱེ་བ་དུ་མ་ཡོད་ཅིང༌། གཅན་གཟན་འདབ་ཆགས་དང་ཞ་བོ་འོན་པ་དབང་བོ་སྐྱོན་ཅན་གྱི་ལུས་སུ་མི་སྐྱེ་བར། བདེ་བ་དར་རྒྱས་འཕེལ་ནས་ཀྱང༌། འཁོར་བ་དོང་ནས་སྤྲུག་པར་ཤོག སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ལས་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའོ། །
གོང་སྨྲས་ཀྱི་འདོན་པ་དེ་དག་ལ་རང་རང་གི་ཁྱད་ཆོས་དང་མཐུན་པའི་དབྱངས་རྟ་སྙན་མོ་རེ་ཡོད་ཅིང༌། དེའང་འདོན་པ་དེ་རྣམས་འདོན་ཐེངས་རེའི་མགོ་རྩོམ་སྐབས་སྨྱུང་གནས་ཀྱི་དགེ་བསྐོས་ཞེས་མགོ་འཛིན་མཁན་གཉིས་ཀྱི་སྣེ་ཁྲིད་འོག་འདོན་པ་དང༌། དགེ་བསྐོས་ནི་སྡེ་བའི་ནང་གི་འདོན་མཁན་ལས་གཅིག་གཉིས་ཤིག་སྐྱེས་མ་རྣམས་ཀྱིས་བདམ་པ་ཞིག་གོ །
གཉིས་པ། ཉིན་བར་མའི་སྨྱུང་གནས་ཀྱི་ཆོ་ག་དང་འདོན་རྟ།
སྨྱུང་གནས་སྲུང་མཁན་ལ་མཚོན་ན། ཉིན་དང་པོའི་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་རྫོགས་རྗེས། ཉིན་གཉིས་པའི་སྔ་མོ་ནས་བཟུང་ངག་བསྡམ་པའི་ལས་ལ་ཞུགས་དགོས་པ་སྟེ། སྨྱུང་ཆོག་ཕྱོགས་བསྡུས་(21)ནང་དེ་རིང་ནམ་གསལ་ནས་སང་སྐྱ་རེངས་མ་ཤར་གྱི་བར་དུ། སྨྱུང་གནས་ཀྱི་སྡོམ་པ་ལ་གནས་པར་བགྱིའོ། །ཡུལ་གོང་མ་རྣམས་ཀྱི་ཐུགས་རྗེས་གཟུང་དུ་གསོལ། ཞེས་བསྙེན་གནས་ཀྱི་སྡོམ་པ་བོག་རྗེས། ནམ་གསལ་ནས་སང་སྐྱ་རེངས་མ་ཤར་བར་དུ་སྨྱུང་གནས་ཉམས་སུ་བླངས་ཏེ་ངག་བསྡམས་པ་དང་ཁ་ཟས་བཅད་ནས་རྩ་བ་བཞི་དང་ཡན་ལག་བཞི་སོགས་ཡང་དག་པར་སྒྲུབ་ནས་དགེ་རྩ་ལེན་པ་དང༌། ཐ་ཤལ་མ་རུངས་ཀྱི་སྤྱོད་པ་རིང་དུ་སྤང་ཏེ་སྨྱུང་གནས་ཀྱི་ངག་ཟས་གཉིས་བསྡམས་ཀྱི་ཐུམ་ལ་ཞུགས་པའོ། །
དངོས་གཞིའི་ཆོ་ག་ལ། ནམ་གསལ་ནས་ཉིན་དང་པོ་ལྟར་དུང་བརྡས་ཚོགས་བརྡ་བཏང་འཕྲལ། བསྲུང་གནས་སུ་འཛོམས་ཏེ་ཡང་བསྐྱར་འདོན་པ་རེ་རེ་དབྱངས་སུ་གྱེར་ནས་བཏོན་རྗེས་ཁྲུས་ཀྱི་གསོ་སྦྱོང་ལེན་པ་དང༌། སྨྱུང་གནས་ཉམས་སུ་བླངས་ནས་ངག་ཟས་གཉིས་ཀ་བསྡམ་པའི་དམ་བཅའ་བྱེད་དགོས། ཕྱི་དྲོའི་ཆུ་ཚོད་ལྔ་དྲུག་ཡས་མས་སུ་དུང་བརྡ་རྒྱབ་ཚེ། མི་རྣམས་སྲུང་གནས་སུ་འཛོམས་ནས་ཞལ་འདོན་ཚར་རྗེས་རང་ཡུལ་དུ་ལོག ངག་བསྡམ་པ་དང་ཁ་ཟས་བཅད་པའི་ཉིན་འདིར། སྲུང་མཁན་སུ་ཞིག་གིས་ཀྱང་ལས་ཀ་ལྩི་ཡང་གང་རུང་དང༌། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་དག་པ་རྣམས་ངེས་པར་དུ་སྤང་སྟེ། བསམ་པ་རྣམ་དག་གིས་ཕྱག་མཆོད་དང་བསྐོར་བའི་ལས་བྱས་ནས་སྐུ་གསུམ་ཐུགས་ལ་གསོལ་འདེབས་དང་སྨོན་ལམ་རྒྱག་དགོས། ཤར་རྫ་རིན་པོ་ཆེའི《འདུལ་བ་མདོར་བསྡུས》(22)ནང་ལུས་ངག་ཡིད་གསུམ་བསྡམས་བྱས་ལ། །བག་དང་ལྡན་པར་སྲུང་བར་འཚལ། །གསུངས་པ་བཞིན་བྱ་དགོས།
སྨྱུང་གནས་ཀྱི་འདོན་རྟ། འདིའི་ཉིན་གྱི་འདོན་པ་དང་དབྱངས་རྟ་ནི་སྤྱིར་ཉིན་གྲངས་དང་པོ་དང་མཚུངས་པར་①མཆོད་མར། ②གསོལ་འདེབས། ③སྐྱབས་འགྲོ། ④ཀུན་སྐྱོབ་བྱམས་མ། ⑤མཛད་བཅུ། ⑥ བསྙེན་སྨྱུང་གཉིས་ཀྱི་སྡོམ་ཆོག ⑦ ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཕྱག་མཆོད། ⑧ སྨོན་ལམ་བཅས་དབུ་མཛད་ཀྱི་སྣེ་ཁྲིད་འོག་འདོན་པ་ཡིན། ཉིན་དང་པོ་དང་མི་མཐུན་པ་ཞིག་ནི། ཚོགས་ཐེངས་གཉིས་ཏེ་ཞོགས་དགོང་གཉིས་ལས་ཉིན་གུང་གི་མཚམས་མེད་པ་དང༌། ཞལ་འདོན་བསྙེན་སྨྱུང་གཉིས་ཀྱི་སྡོམ་ཆོག་དེའང་གཞི་འདྲ་བའི་ཞོར་དུ། དུས་མི་འདྲ་བ་སྟེ་ཉིན་དང་པོའི་སྐབས་དེ་རིང་ནམ་གསལ་ནས་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་པ་སྲུང་བར་འཚལ་ལོ་ཞེས་དང༌། ཉིན་གཉིས་པའི་སྐབས་ནི་དེ་རིང་ནམ་གསལ་ནས་སང་སྐྱ་རེངས་མ་ཤར་གྱི་བར་དུ། སྨྱུང་གནས་ཀྱི་སྡོམ་པ་ལ་གནས་པར་བགྱིའོ། ཞེས་སུ་བཏོན་ཏེ་སྨྱུང་གནས་ཀྱི་ཉམས་བླངས་ནས་ངག་བསྡམས་པར་བྱ། དེ་མིན་འདོན་པ་གཞན་དག་ནི་ཧ་ལམ་གཅིག་མཚུངས་ཡིན་ཞིང༌། དེར་ཡང་རང་རང་གི་ཁྱད་ཆོས་དང་མཐུན་པའི་དབྱངས་རྟ་སྙན་མོ་རེ་ཡོད།
གསུམ་པ། ཉིན་ཐ་མའི་སྨྱུང་གནས་ཀྱི་ཆོ་ག་དང་འདོན་རྟ།
སྨྱུང་གནས་སྲུང་མཁན་ལ་མཚོན་ན། ཉིན་འདིར་ནམ་གསལ་གྱི་སྐྱ་རེངས་ཤར་ནས་སྨྱུང་གནས་ཀྱི་འདོན་པ་རེ་རེ་བཏོན་ཚར་བ་དང༌། དགེ་རྩ་བསྔོ་བ་སོགས་ཀྱི་ལས་བགྱིས་ཏེ་གཡང་འབོད་དང་བཀྲ་ཤིས་བཞག་རྗེས། སྨྱུང་གནས་ཀྱི་ངག་བསྡམ་པའི་ལས་དེ་རྫོགས་པ་ཡིན། ཁ་སྐད་དུ་དེ་ལ་ཐུམ་གྲོལ་བ་ཟེར། ཡང་ན་སྨྱུང་གནས་སྲུང་མཁན་རྣམས་ཀྱིས་སྨྱུང་གནས་ཀྱི་རྩ་བ་བཞི་དང་ཡན་ལག་བཞིའི་སྒྲིག་ཁྲིམས་སྲུང་རྗེས་མཐར་ཐུག་གི་ལས་རྣམ་པར་དག་པའི་བཀྲ་ཤིས་སྨོན་ལམ་དང་བཅས་ལུས་ངག་ཡིད་གསུམ་བསྡམ་པ་ཡངས་པོར་ཕྱེས་ཏེ། སྨྱུང་གནས་ཀྱི་མཇུག་དེ་རྫོགས་པར་བྱེད་པའོ། །
དངོས་གཞིའི་ཆོ་ག ཉིན་གསུམ་པའི་ནམ་མ་གསལ་བའི་ཆུ་ཚོད་བཞི་ལྔའི་ཡས་མས་སུ། སྨྱུང་གནས་འཛིན་ཡུལ་གྱི་ཁྱིམ་ཚང་དེའི་ཁྱིམ་མི་དང༌། ཡང་ན་གཉེན་ཉེ་རྣམས་སྔ་མོ་ནས་ལངས་ཏེ། སྨྱུང་གནས་སྲུང་མཁན་རྣམས་ལ་ཐོ་ཐུག་གམ་ཕྱེ་ཐུག་ཞེས་པ་བསྐོལ་དགོས། ཐོ་ཐུག་དེ་སྨྱུང་གནས་སྲུང་མཁན་གྱིས་འདོན་པ་རྣམས་བཏོན་མ་ཚར་སྔོན་ལ་བསྐོལ་བ་ཡིན་ཞིང༌། ནམ་གསལ་ནས་སྐྱ་རེངས་མ་ཤར་གོང་དབུ་མཛད་གཉིས་ཀྱི་མགོ་འདྲེན་འོག་ཞལ་འདོན་རྣམས་བཏོན་ཚར་རྗེས། ད་གཟོད་ཐོ་ཐུག་བཞེས་པ་ཡིན། དེ་ཡང་ཤར་རྫའི་གསུང་འབུམ་དུ(23)ལུས་ངག་ཡིད་གསུམ་གྱི་བསླབ་བྱ་དེ་དག་དམ་བཅའ་མ་རྫོགས་ཀྱི་བར་དུ་ཐུབ་པར་སྲུང་ན། བསྐལ་བ་གྲངས་མེད་དུ་བསགས་པའི་བག་ཆགས་དང་སྒྲིབ་པ་རྣམས་ཀྱང་ཚེ་འདི་ཉིད་དུ་བྱང་བར་འགྱུར་རོ། །ཞེས་སྨྱུང་གནས་ཀྱི་ཚོགས་འབྲས་དང་དགེ་ལས་དག་གཡང་ཁྱིམ་འདིར་འཛོམས་པར་བཤད་ལ། ཁྱིམ་འདི་དང་སྨྱུང་གནས་སྲུང་མཁན་གཉིས་ཀའི་ཁ་ལས་རླུང་རྟ་དང༌། ཚེ་རིང་ནད་མེད་བདེ་ཞིང་སྐྱིད་པའི་དགེ་རྩ་སྒྲུབ་པར་བཤད།
སྨྱུང་གནས་ཀྱི་འདོན་རྟ། ཉིན་འདིའི་འདོན་པ་ཉིན་དང་པོ་དང་གཉིས་པར་མི་འདྲ་ས་ནི། ཉིན་དང་པོ་ནི་མགོ་རྩོམ་པ་དང༌། གཉིས་པ་གཞུང༌། གསུམ་པ་མཇུག་བསྡུ་བ་ཞེས་མཐའ་མ་རྫོགས་པའི་དུས་ལ་སླེབས་པ་སྟེ། རང་བོད་ལ་ཟས་མགོ་ལྷ་ལ་མཆོད་པ་དང་ལས་མཐར་བཀྲ་ཤིས་ཁ་གཡང་འབོད་པའི་སྲོལ་ཞིག་ཡོད་པ་བཞིན། གོང་བརྗོད་ཀྱི་ཉིན་གྲངས་གཉིས་ཀྱི་འདོན་པ་ལས་བསྙེན་སྨྱུང་སྡོམ་ཆོག་ཕུད། གཞན་རྣམས་གཞིར་བཞག་སྟེང་དུ་སྨྱུང་གནས་མཇུག་རྫོགས་པའི་དུས་ཀྱི་གཡང་འབོད་དང་བཀྲ་ཤིས་ཀྱི་ཞལ་འདོན་ཞུས་ཏེ་ཐུམ་གྲོལ་བ་ཡིན།
1.གཡང་འབོད་ལ་བྱམས་མའི་གཡང་འབོད་དང༌། རྨ་རྒྱལ་གཡང་འབོད་ཡོད་དེ། སྨྱུང་གནས་ཀྱི་དགེ་རྩ་ལེགས་པར་འགྲུབ་པའི་མཇུག་འདིར། སྲུང་མཁན་དང་སྲུང་ཡུལ་གྱི་གནས་འདིར་བཀྲ་ཤིས་དོན་ཀུན་འགྲུབ་པའི་གཡང་འབོད་རྒྱལ་ཡུམ་བྱམས་མར་བྱ་སྟེ། དཔེར་ན་རྣམ་དག་ཁང་བཟང་དགོན་གནས་གྲྭ་སྡེ་གྲོང༌། །སྦྲ་གུར་ཡུལ་གྱི་ཞིང་མི་ནོར་གཡོག་འབངས། །གླིང་བཞི་སྲིད་པའི་ཕུན་ཚོགས་དཔལ་གྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་བསྡུས། །དཔལ་འབྱོར་བཙན་ཕྱུག་ལྷོ་སྤྲིན་དཀྲིགས་ཀློང་ནས། །སྙན་གྲགས་དབྱར་གྱི་རྔ་གསེང་ལྡིར་བ་དང༌། །ལྷན་ཅིག་འདོད་དགུའི་སྦྲང་ཆར་འབེབ་པའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། (24)ཞེས་བསྲུང་ཡུལ་གྱི་ཁང་ཁྱིམ་འདི་གཙོར་བྱས་གཡང་འབོད་བྱེད་པའོ། །
2. བཀྲ་ཤིས་(25)ནི་སྨྱུང་གནས་རྗོགས་པའི་མཐའ་མར་བཀྲ་ཤིས་དོན་ཀུན་འགྲུབ་པའི་སྨོན་ལམ་རྒྱག་པ་སྟེ། དགེ་རྩའི་མཐུ་ལ་བརྟེན་ནས་ཡུལ་ཕྱོགས་དང་ས་ཕྱོགས་བཀྲ་ཤིས་པ་དང༌། མོ་རྣམས་ཚེ་རིང་བར་གྱུར་བ། ཕོ་རྣམས་དཔའ་ཆེ་བར་གྱུར་ཅིང༌། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པར་བཀྲ་ཤིས་སྨོན་ལམ་དང་བཅས་བསྟན་པ་འདི་ཉིད་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བཀྲ་ཤིས་ཀྱི་ཁ་གཡང་བོས་ཏེ་སྨྱུང་གནས་ཀྱི་མཇུག་རྫོགས་པར་བྱེད། གཡང་འབོད་དང་བཀྲ་ཤིས་ལའང་རེ་རེའི་ཐུན་མིན་གྱི་དབྱངས་རྟ་རེ་ཡོད།
བཞི་བ། ཉིན་གསུམ་གའི་སྨྱུང་གནས་ཀྱི་རྣམ་གྲངས་དང་དེ་དག་གི་འབྲེལ་བ།
ཉིན་གྲངས་གསུམ་པོའི་སྨྱུང་གནས་ཀྱི་རྣམ་གྲངས་སྤྱིའི་ཆ་ནས་བརྗོད་ན་སྔར་བཞིན་བསྙེན་སྨྱུང་གཉིས་ཀྱི་རྣམ་གཞག་སྟེ། ཉིན་གྲངས་དང་པོའི་སྐབས་ནི་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་དེ་སྲུང་བ་སྟེ། གསོ་སྦྱོང་དང་ཕྱག་བསྟོད། མཆོད་འབུལ་སོགས་བྱས་ནས་ཁ་ཡི་ཟས་གཅོད་པ་མ་གཏོགས་ངག་གི་སྨྲ་བ་བསྡམས་མི་དགོས་པས། བསྙེན་གནས་སམ་སྡོམ་པ་ནི་ཉིན་གཉིས་པའི་སྨྱུང་གནས་ཀྱི་སྔོན་འགྲོ་ལྟ་བུ་ཡིན། སྨྱུང་གནས་ནི་ཉིན་གཉིས་པའི་ནམ་གསལ་ནས་སང་སྐྱ་རེངས་མ་ཤར་བར་དུ་བསྟན་ཞིང༌། དེར་ཟས་དང་ངག་གཉིས་ཀ་བཅད་ནས་སྡིག་པའི་ལས་སྤང་ཞིང༌། ལུས་ངག་ཡིད་གསུམ་གྱིས་དགེ་བའི་རྒྱུ་ཕུན་སུམ་ཚོགས་པ་གསོག་དགོས་པ་ཡིན། ཉིན་གསུམ་པ་ནི་ཉིན་གཉིས་པའི་རྗེས་མཐུད་དང་ཡང་ན་མཇུག་གི་སྡོམ་ཚིག་ལྟ་བུ་སྟེ ། སྔ་ཉིན་གྱི་ངག་བསྡམས་ཐུམ་དེ་གྲོལ་ནས་བཀྲ་ཤིས་གཡང་འབོད་དང་བཅས་མཇུག་རྫོགས་པ་ཡིན་ནོ། །
བཞི། སྨྱུང་གནས་འཛིན་མཁན་གྱི་བཟའ་བཏུང་དང་དོ་སྣང་བྱ་ཡུལ།
དང་པོ། ཉིན་གྲངས་རེ་རེའི་བཟའ་བཏུང་གི་རིགས།
ཉིན་དང་པོའི་དུས་ཀྱི་བཟའ་བཏུང༌། 《ཡན་ལག་སྡེ་བཞི》ལས་མང་ཐུན་གྱི་ཤ་ཟ་བ་སྤང་བ། ཡུ་ཏིའི་ཆང་འཐུང་བ་སྤང་བ། ཨག་ཙོང་སྒོག་ཙོང་ཟ་བ་སྤང་བ། དུས་མ་ཡིན་ཁ་ཟས་སྤང་བ། །གཞན་ཡང་ཚུལ་མིན་གྱི་ཟས་མ་རུངས་བ་དག་སྤང་བར་བྱ་དགོས། (26)ཞེས་གཙོ་བོར་སྨྱུང་གནས་ཀྱི་རྩ་བ་བཞི་བ་དང་ཡན་ལག་བཞིའི་སྒྲིག་ཁྲིམས་དམ་པོར་སྲུང་བའི་འོག་བཟའ་བཏུང་བཞེས་དགོས། སྡོམ་པའི་སྐབས་ཀྱི་བཟའ་བཏུང་ནི། ཤར་རྫའི་གསུང་འབུམ་གྱི《འདུལ་བ་མདོར་བསྡུས》ལས། སྐྱ་རེངས་ཤར་ནས་ཕྱེད་ཀྱི་བར། །དེ་ཡོལ་དུས་སུ་བཟའ་མི་བྱ། །དགོངས་ཀའི་དྲོ་ལ་ཆགས་པ་ན། །ཆུ་ཤིང་འབྲས་བུ་ལ་སོག་པའི། །བཏུང་བ་ཚགས་བཙགས་རུང་ཆུས་བསླད། །བུ་རམ་མར་དང་སྦྲང་རྩི་དང༌། །ཞག་སོགས་ཅི་རིགས་བཟའ་བར་གསུངས། །(27)ཞེས་སྔ་དྲོའི་ཞལ་འདོན་ཚར་རྗེས་ཁྲུས་བྱས་སྡོམ་རྩ་ལེན་པ་དང༌། ཉིན་གུང་དུ་ཆབ་དང་སིལ་ཏོག་རིགས། ད་དུང་མར་དང་གོ་རེ། ཇ་དང་ཀ་ར། ཞོག་ཁོག་སོགས་ཉེས་སྡིག་དང་དྲི་ངན་མ་ཡིན་པའི་ཟས་རིགས་བཟའ། ཉིན་གང་བོའི་བསྙེན་གནས་ཀྱི་སྡོམ་པའི་འདོན་པ་རྣམས་བཏོན་ཚར་རྗེས། དགོང་ཁའི་དུས་སུ་འོ་ཇ་དཀར་མོ་བཏུང་བ་དང༌། དེ་ནི་ཉིན་གཉིས་པའི་སྨྱུང་གནས་ཀྱི་རྒྱགས་ཕྱེ་ལྟ་བུ་ཡིན་པས། དེ་ནས་བཟུང་ཆུ་ཐིགས་ཙམ་ཡང་ཁར་རེག་མི་ཉན། གཞན་ཉིན་དང་པོའི་ཚོགས་ཐེངས་གསུམ་གྱི་ཞལ་འདོན་རྣམས་བཏོན་ཚར་རྗེས་ཐེངས་རེ་རེར་ཆབ་རྒྱག་པ་(28)ཞེས་ཆུ་གཙང་མས་ཁ་བཤལ་བ་སྟེ། ལུས་པོ་གང་རུང་དུ་འགུལ་སྐྱོད་མི་བྱེད་པར་བཟའ་བཏུང་ལ་རོལ་རྗེས་ཆབ་བརྒྱབ་པ་ན་ད་གཟོད་འགུལ་ཆོག་པ་ཡིན།
ཉིན་གཉིས་པའི་སྐབས་ཀྱི་བཟའ་བཏུང༌། འདི་ནི་བསྙེན་གནས་ནས་སྨྱུང་གནས་ཀྱི་རིམ་པ་ཞིག་སྟེ། སྔ་ཉིན་དགུང་ཇ་བཞེས་རྗེས་དཀར་དམར་གྱི་ཟས་རིགས་གང་ཡང་བཟའ་མི་རིགས་པར་ངག་ཟས་གཉིས་ཀ་གཅོད་པའི་བཅོས་ཁྲིམས་བརྩི་སྲུང་བྱ་དགོས། ཉིན་འདིར་བཟའ་བཏུང་གི་སྐོར་ཅི་ཡང་མེད། གལ་ཏེ་བཅོས་ཁྲིམས་འདི་དང་འགལ་ན། ཉམས་ན་ས་བོན་སད་ཁྱེར་འདྲ། །བྱང་ཆུབ་འབྲས་བུ་སྨིན་མི་འགྱུར། །ཞེས་དང༌། ངག་ཤོར་ནའང་དེ་ཉིད་ལྔ་ལས། །ཤོར་ན་ཉེས་དམིགས་ལྩི་བས་ན། །སྐྱེ་བ་ལྔ་བརྒྱར་ངན་སོང་བརྒྱུད། །(29) ཅེས་གསུངས་པ་བཞིན་ཉེས་ཁྲིམས་ལྩི་མོ་ཡོད་པར་བཞེད།
ཉིན་གསུམ་པའི་སྐབས་ཀྱི་བཟའ་བཏུང༌། ཉིན་འདི་ནི་སྨྱུང་གནས་བྱེད་རིམ་གཅིག་གི་མཇུག་བསྡུའི་སྐབས་ཏེ། ཉིན་གཉིས་པའི་སྐབས་སུ་ཁ་ཟས་དང་ངག་གི་སྨྲ་བ་བཅད་པ་ཕྱིར་ཕྱེ་བ་སྟེ་ཐུམ་གྲོལ་བའི་ཉིན་དེར་སྟོན་པ་ཡིན། བཟའ་བཏུང་ནི། གོང་དུ་སྨྱུང་གནས་འཛིན་ཡུལ་གྱི་ཁྱིམ་ཚང་དེའི་བྱེད་ལས་སྐབས་སུ་བཤད་ཟིན་པ་ལྟར། ཐོ་ཐུག་ཞེས་པ་དེ་ཡིན་ཞིང༌། དེ་ནི་གྲོ་ཕྱེ་དང་ཕྱུར་བ། འོ་མ་གསུམ་གྱིས་བསྐོལ་བ་ཞིག་ཡིན། ནམ་གསལ་ནས་ཚོགས་བརྡ་བརྒྱབ་རྗེས་སྨྱུང་གནས་སྲུང་མཁན་རྣམས་ཁྱིམ་དེར་སླེབས་ནས། སྨྱུང་གནས་ཀྱི་མཇུག་བསྡུ་བའི་བཀྲ་ཤིས་གཡང་འབོད་ཀྱི་ཞལ་འདོན་རྣམས་བཏོན་ཚར་རྗེས་ད་གཟོད་ཐོ་ཐུག་འཐུང་བ་ཡིན། དེའི་སྐབས་སུ་ངག་གིས་གཏམ་སྨྲས་ཆོག་ལ་ཟས་ཀྱང་ཟོས་ཆོག རྒྱུ་འབྱོར་བའི་ཆ་རྐྱེན་དང་བསྟུན་ནས་སིལ་ཏོག་རིགས་ཀྱང་གང་དགར་ཟས་ཆོག ཐོ་ཐུག་དེ་སྤྱིར་བཏང་དུ་ཁྱིམ་དེ་གའི་ཨ་ནེ་རྒན་པའམ་སྐྱེས་མ་ཉམས་མྱོང་ཅན་གྱིས་ཕྱེ་རྡལ(30)ནས་སྐོལ་བའི་སྲོལ་ཡོད།
གཉིས་པ། སྨྱུང་གནས་སྲུང་སྐབས་ཀྱི་དོ་སྣང་བྱ་ཡུལ།
བསྙེན་སྨྱུང་སྡོམ་པའི་དུས་སུ་སྲུང་མཁན་རང་ཉིད་ཀྱིས་ལས་ཀ་ཡང་ལྩི་གང་ཡང་བྱེད་མི་རིགས་པ་དང༌། ཁོང་ཁྲོ་ལངས་མི་རིགས་པ། འདུག་སྡོད་ཀྱི་སྐབས་སུ་མཉམ་བཞག་ནས་ཙོག་པ་ལས་གང་འདོད་དུ་སྡོད་མི་རིགས་ལ། སྡིག་ལས་ཀྱི་བྱ་བ་ནི་དེ་བས་ཀྱང་སྤང་བར་བྱ་དགོས་ཏེ། 《འདུལ་བ་མདོར་བསྡུས་ལས》མཁའ་འགྲོ་མ་ལྟ་བུའི་གླུ་གར་སྤང་བ། གཅན་གཟན་ལྟ་བུའི་རྒྱུག་མཆོངས་སྤང་བ། ཐོལ་མ་གྱུའི་རྩེ་འཇོ་སྤང་བ། མཁའ་ལྡིང་ལྟ་བུའི་འཕྲེད་ཉལ་དང༌། སྲིན་མོ་ལྟ་བུའི་གན་ཀྱལ། རུས་སྤལ་ལྟ་བུའི་ཁ་སྦུབ། ཀླུ་སྲིན་ལྟ་བུའི་ཁྲོ་བ། འབུ་སྲིན་ལྟ་བུའི་གཅེར་བུ་སྤང་བ། ཞེས་དང༌། ཡང་ལུས་ངག་ཡིད་གསུམ་བསྡམས་བྱས་ལ། །བག་དང་ལྡན་པར་གཙང་བར་སྲུང༌། །དད་ལྡན་ཁྲེལ་ཡོད་ངོ་ཚ་ཤེས། །གནས་བཅའ་གླིང་དབྱེ་བྱ་བར་ཞུ། །ནམ་ལང་ཁྲུས་དང་གཙང་སྦྲ་དང༌། །ལྷ་ཕྱག་བསྐོར་བྱ་ལ་སོགས་བྱ། །གོང་འོག་གཞན་གྱི་དགོས་པ་ལ། །ལུས་ཀྱི་བྱ་བ་དོན་ཡོད་བྱ། །བརྗོད་བྱ་མ་གནང་ཚིག་མི་སྨྲ། །(31) ཤར་རྫའི་གསུང་འབུམ་ལས། བསྐོལ་དང་མ་རེད་ཉམས་དང་ཚ། །ཉེས་མེད་མྱོས་འགྱུར་སྤོང་བྱ་ཡིན། །སྒོག་ཙོང་དྲི་ངན་ལ་སོགས་པ། །ཉེས་དམིགས་སྤང་ཕྱིར་སྤང་བར་བྱ། །ཤ་ནི་ཕ་མ་ལ་སོགས་པའི། །ཉེས་དམིགས་མང་ཕྱིར་སྤང་བར་བྱ། །བདུད་ཀྱི་ཁ་ཟས་བག་མེད་དང༌། །ཡ་རབས་རྣམས་ཀྱིས་སྨོན་པ་དང༌། །གོད་ཤ་ཟ་འཕྲོ་མ་ཡིན་པ། །ཆགས་སེམས་སྤང་ཏེ་སྲོག་ཕྱིར་བཟའ། །(32)ཞེས་བསྟན་ཏེ་གཅིག་ནས་སྨྱུང་གནས་སྲུང་མཁན་རྣམས་ཀྱིས་ལུས་པོར་ཁྲུས་དང་གཙང་སྦྲ་བྱེད་པ་དང༌། གཉིས་ནས་མལ་སྟན་ཁྲི་ཐོག་དང་ཡང་ན་རྐུབ་སྟེགས་སོགས་མཐོ་བའི་རིགས་གང་ལའང་སྡོད་མི་ཉན་པར་རྐང་བ་གཉིས་བསྐུམ་པར་བྱས་ཏེ་སྡོད་པ། གསུམ་ནས་སྒོག་ཙོང་གི་རིགས་ཀྱི་ཟས་ཁར་མི་རེག་པར་ཟས་གཙང་ཆུ་གཙང་དང༌། ལུས་ངག་ཡིད་གསུམ་རྣམ་པར་དག་པའི་སྒོ་ནས་ཕྱག་མཆོད་བྱེད་པ། བཞི་ནས་ཁོང་ཁྲོ་ཚིག་རྩུབ་ངག་ཀྱལ་དང༌། སྲོག་གཅོད་མ་བྱིན་ལེན་པ་དང༌། འདོད་ཆགས་གཏི་མུག་ང་རྒྱལ་སོགས་སྤྱོད་པ་མ་དག་པ་རྣམ་པར་སྤང་བར་དོ་སྣང་བྱས་ཏེ་བསྙེན་གནས་དང་སྨྱུང་གནས་ཀྱི་ལས་ལ་ཞུགས་དགོས་པའོ། །
ལྔ། ཆོས་ལུགས་པའི་བློ་ངོའི་སྨྱུང་གནས་ཀྱི་བྱེད་ལས་དང་ཕན་ཡོན།
སྨྱུང་གནས་ཀྱི་བྱེད་ལས་ནི་རྟེན་བསྐྲུན་པ་དང༌། མཆོད་རྫས་བཞེངས་པ། ཆོ་གར་འཇུག་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་གླེང་ཆོག རབ་གནས་བྱས་ཟིན་པའི་སྐུ་བརྙན་དང་གསུང་འབུམ། ཐུགས་རྟེན་གང་རུང་བཤམས་པའམ་ཡང་ན་བླ་མ་ཡི་དམ་གྱི་རྣམ་པ་མདུན་གྱི་ནམ་མཁར་བསྒོམས་ནས་རྟེན་དུ་བྱེད་པ། ཤར་རྫ་རིན་པོ་ཆེའི་བསྙེན་བསྙུང་སྡོམ་ཆོག་(33)ཏུ་གསུངས་པ་ལྟར། རབ་གནས་ལྡན་པའི་སྐུ་གསུང་ཐུགས་རྟེན་གང་རུང་བཤམས་པའོ། །ཞེས་སངས་རྒྱས་དང་ཡི་དམ་ལྷ་ཚོགས་ཀྱི་སྐུ་འདྲ་བཤམས་ནས་རྟེན་དུ་འཇོག་པ་ལྟ་བུ། མཆོད་རྫས་བཞེངས་པ་ལ་མར་མེ་དང༌། ཡོན་ཆབ། ཞལ་ཟས། མེ་ཏོག སྤོས། ཤ་དང་སྒོག་པ་སོགས་དྲི་ངན་མ་ཡིན་པའི་ཞལ་ཟས་ཅི་ཡང་འབུལ་ཆོག རེབ་གོང་བོན་མང་གི་སྨྱུང་གནས་ཀྱི་འདོན་པ《སྨྱུང་ཆོག་ཕྱོགས་བསྡུས》(34) ཀྱི་བསྙེན་བསྙུང་གཉིས་ཀྱི་སྡོམ་ཆོག་ལས། བླ་ན་མེད་ཅིང་དཀོན་པའི་མཆོག ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཅི་སྙེད་མཆོད་ཡོན་ཁྱེད་ལ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །ཞེས་སྡིག་པ་མི་བྱེད་པའི་མཆོད་ཡོན་གང་ཡིན་འབུལ་ཆོག་པར་བསྟན། ཆོ་ག་ལ་འཇུག་པ་ནི་དྲང་སྲོང་རྨ་མེད་རྣམ་དག་གཅིག་ནས་བཞིའི་བར་གང་འགྲུབ་ཀྱིས་འཚོག་འདོན་གང་འགྲུབ་གསུངས་པ་དང༌། ཡན་ལག་བདུན་པ་བྱ་བ་སྟེ་གསོ་སྦྱོང་དང་ཕྱག་བསྟོད། མཆོད་འབུལ་སོགས་བརྗོད་པ། བླ་མ་དང་མཁས་པ། དགེ་སློང་སོགས་ཡིན་ན་རབ་ཡིན་པར་བཤད་ལ། དེ་མིན་སྨྱུང་གནས་ཀྱི་སྡོམ་པ་སྲུང་བའི་མདུན་ནས་སྡོམ་པ་འབོག་པ་ཞིག་ཡིན་དགོས་པར་གསུངས། ཕན་ཡོན་ནམ་རྣམ་པ་ལ། 《ཤར་རྫ་རིན་པོ་ཆེའི་གསུང་འབུམ་》(35)ལས། ངག་བསྡམས་(36)ཀྱི་ཕན་ཡོན་ནི། དྲན་པའི་(37)ཞལ་ནས། ཞག་བདུན་སྨྲ་བཅད་མི་ལུས་འཐོབ། །ཟླ་ཕྱེད་བཅད་ན་དལ་འབྱོར་ལྡན། །ཟླ་གཅིག་ཟླ་གཉིས་ཟླ་གསུམ་དང༌། །བཞི་ལྔ་དྲུག་ལ་སྨྲ་བཅད་ན། །རིམ་བཞིན་ལྷ་དང་ལྷ་མིན་མི། །བྱོལ་སོང་ཡི་དྭགས་དམྱལ་བ་ལས། །ཐར་ནས་སྡུག་བསྔལ་གཏན་མི་མྱོང༌། །ཞེས་དང༌། སྨྲ་བཅད་རིགས་དྲུག་སྐྱེ་སྒོ་ཁེགས། །ཞེས་ཁ་གསལ་མདོར་བསྡུས་སུ་གསུངས་པས་འཐུས་པར་བྱས་སོ། །
མཐར་ཐུག་གི་འབྲས་བུ་ལ། རྗེ་དྲན་པ་ནམ་མཁའ་ལགས་ཀྱིས་ཐ་མལ་སྨྲ་བ་བཅད་གྱུར་ན། །གྲུབ་པ་གཤེན་གྱི་ཕོ་བྲང་དུ། །དྲི་མེད་ལུང་གི་སྟོན་པར་སྐྱེ། །ཟབ་དང་རྒྱ་ཆེའི་བོན་འཁོར་བསྐོར། །ཚངས་དབྱངས་དྲུག་ཅུས་བོན་བསྟན་ནས། །འགྲོ་དོན་དཔག་མེད་འགྲུབ་པར་འགྱུར། །(38) ཞེས་གསུངས་ཡོད། ཉེས་དམིགས་ནི། དྲན་པའི་ཞལ་ནས། ཉམས་ན་ས་བོན་སད་ཁྱེར་འདྲ། །བྱང་ཆུབ་འབྲས་བུ་སྨིན་མི་འགྱུར། །ཞེས་གསུངས་པ་དང༌། ངག་ཤོར་ནའང་དེ་ཉིད་ལས། ཤོར་ན་ཉེས་དམིགས་ལྩི་བས་ན། །སྐྱེ་བ་ལྔ་བརྒྱར་ངན་སོང་བརྒྱུད། །ཞེས་དང༌། གཞན་ཡང་དེ་ཉིད་ལས། ཚིག་གཅིག་སྨྲས་ན་ཉམས་པ་ཡིན། །གཉིས་སྨྲས་ཕན་ཆད་ཤོར་བ་ཡིན། །ཡི་གེ་བྲིས་ན་ཕྱེད་ཉམས་ཤིང༌། །ལག་བརྡའ་མཆུ་བརྡས་ཞོར་གྱིས་ཉམས། །(39) ཞེས་གསུངས་སོ། །ཤར་རྫ་རིན་པོ་ཆེའི་《ངག་བསྡོམས་ཆོ་ག་གསེར་གྱི་ཐ་རམས》ལས། ཕྱག་འཚལ་བའི་སྐབས་སུ་དུས་དེ་རིང་ནས་བཟུང་སྟེ་ལོ་གཅིག་གམ། ཟླ་བ་གཅིག་གམ། ཞག་བདུན་ལ་སོགས་ལ་ཐ་མལ་གྱི་སྨྲ་བ་བསྡམས་ཏེ། རྫུན་དུ་སྨྲ་བ་སྤང་བར་བྱའོ། །ཚིག་རྩུད་སྤང་བར་བྱའོ། །ཕྲ་མ་སྤང་བར་བྱའོ། །ངག་འཆལ་པ་ཐམས་ཅད་སྤང་བར་བྱའོ། །(40) ཞེས་ངག་བསྡམས་ཏེ་སྨྱུང་གནས་བསྲུང་ཚེ་འགྲོ་དོན་ཀུན་དཔག་མེད་འགྲུབ་པར་འགྱུར་བར་གསུངས།
དྲུག སྨྱུང་གནས་ཀྱི་ཆོ་གས་ས་གནས་དེ་གའི་བོད་ཀྱི་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས།
(༡) ཀུན་སྤྱོད་ཀྱི་ཐད་ནས། སྨྱུང་གནས་ཀྱི་རྩ་བ་བཞི་དང་ཡན་ལག་བཞིའི་སྒྲིག་ཁྲིམས་སྲུང་ཚེ། སྲུང་མཁན་གྱི་མི་དེ་དག་གི་བསམ་པའི་སྤྱོད་པ་དང་བྱེད་ལས་ཡང་དག་པ་དང༌། དགེ་བའི་ཕྱོགས་སུ་འཕེལ་བར་ཕན་ནུས་ཤིན་ཏུ་ཆེ་སྟེ། སྲུང་མཁན་རྣམས་ཀྱིས་བྱ་བ་ཅི་བསྒྲུབ་ཀྱང་སྤྱི་ཚོགས་དང་མིའི་རིགས། ཡང་ན་རང་བྱུང་ཁམས་ཀྱི་སེམས་ཅན་དང་ཁོར་ཡུག་ལ་གནོད་པའི་ལས་མི་བྱེད་ལ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་དུས་རྒྱུན་དུ་མཉམ་འཇོག་བྱེད་པས་སྤྱི་ཚོགས་འཆམ་མཐུན་གྱི་སྤྱི་འགྲོས་དང་ཆེས་ཆེར་མཐུན།
(༢) སེམས་ཁམས་ཀྱི་ཆ་ནས། རྙོག་འཛིང་དང་འདུ་འཛིས་ཁེངས་པའི་དེང་གི་དུས་འདིར། མི་ཐམས་ཅད་ཁ་ཟས་དང་འཚོ་བ་སོགས་དངོས་པོའི་རྒྱུ་ནོར་གྱི་ཆེད་དུ་འདུར་རྒྱུག་བྱེད་བཞིན་མཆིས་པས། དངོས་པོའི་འཚོ་བ་ཕྱུག་ཀྱང་བསམ་པ་ནི་ཧ་ཅང་སྟོང་བ་དང་སུན་སྣང་གི་ཁྲོད་ན་གནས། དེ་བས་མི་རྣམས་ལ་སྔོན་ཆད་ལྟ་བུའི་ལྷིང་འཇགས་ཀྱི་སེམས་ཁམས་ནི་དེ་བས་ཀྱང་དཀོན། སྨྱུང་གནས་ཉམས་སུ་ལེན་པའི་གོ་རིམ་ཁྲོད་ཁོ་ཚོར་འདོད་ཆུང་ཆོག་ཤེས་ཀྱི་བདེ་བ་ཞིག་ཀྱང་སྦྱིན་ཡོད་པར་འདུག་སྙམ་པ་མ་ཟད། སྨྱུང་གནས་འཁོར་གཅིག་གི་སྒྲུབ་པ་ཉམས་ལེན་བྱས་རྗེས། མི་ཞིག་གི་བསམ་པའི་ཁྱབ་ཁོངས་སུ་དགེ་བ་དང་དགེ་བའི་གསོས་ཆུ་སྨིན་པར་འགྱུར་ངེས་པ་སྟེ། ཉིན་གྲངས་གསུམ་གྱི་འཚོ་བས་ཁོང་ཚོར་ཟས་ཀྱི་རིན་ཐང་དང༌། མི་ལུས་རིན་ཆེན་ཡིན་པའི་འདུ་ཤེས་ཟབ་མོ་ཞིག་སྦྱིན་ཏེ། དེ་སྔའི་མ་དག་པ་དང་ཉེས་སྡིག་གི་ཡིད་སེམས་ལ་ཁྲུས་གསོལ་གྱི་གཙང་དག་ཅིག་ཀྱང་བྱས་ཏེ་སེམས་རྒྱུད་རྣམ་པར་དག་པར་བཟོ་ཐུབ།
(༣) ལུས་པོའི་ཐད་ནས། སྤྱིར་སྤྱི་ཚོགས་འཕེལ་ཕྱོགས་ཀྱི་ཆ་ནས་བརྗོད་ན། འདི་ནི་རྨོངས་དད་དང་སོས་དལ་གྱི་བྱེད་ལས་སུ་སྣང་མོད། འོན་ཀྱང་གྲོང་ཁྱེར་དུ་ཞོགས་པ་སྔ་མོ་ནས་ལུས་རྩལ་སྦྱོང་བརྡར་བྱེད་བཞིན་པའི་རྒན་རྒོན་སོགས་དང་བསྡུར་ན། སྨྱུང་གནས་སྐབས་སུའམ་རྒྱུན་ལྡན་གྱི་ཕྱག་དང་བསྐོར་བ་བྱེད་པའང་ཕྱོགས་གཅིག་ནས་ལུས་ཕུང་སྦྱོང་བརྡར་ཆེན་པོ་ཞིག་ཡིན། དེ་བས་ཕྱག་དང་བསྐོར་བ་བྱེད་པའང་རྨོངས་དད་ཆོས་ཀྱི་སྤྱོད་པ་ཁོ་ན་ཙམ་དུ་མི་བརྩི་བར་ཕྱོགས་མང་པོའི་ཆ་ནས་དེའི་དགེ་མཚན་རྟོགས་པར་བྱེད་དགོས་སོ། །
(༤)ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཐད་ནས། གོང་དུ་འཆད་པ་ལྟར། སྨྱུང་གནས་ཀྱི་རྩ་བ་བཞི་དང་ཡན་ལག་བཞིའི་ཆ་དེ་དམ་པོར་སྲུང་ན། ལུས་ངག་ཡིད་གསུམ་གྱི་མ་དག་པ་དང་མ་རུངས་པའི་ལས་ཐ་དག་བཀག་སྟེ། བྱམས་དང་སྙིང་རྗེའི་འདུ་ཤེས་རྒྱུད་ལ་བསྐྱེད་པ་སྟེ། ལུས་ཀྱི་མ་དག་པ་གཞན་སྲོག་གཅོད་པ་དང༌། བཙན་གནོན་དང་བརྙས་བཅོས་ཀྱི་སྡིག་ལས་སྤང་བར་བྱེད་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ལའང་ཤིན་ཏུ་སྨན། 《སྨྱུང་ཆོག་ཕྱོགས་བསྡུས་སུ》ཡང༌། བཀོལ་སྤྱོད་ཞོན་དང་འོ་ཞོ་འཐུང་བ་ཡི། །བུ་ལོན་འཇལ་དཀའི་དུད་འགྲོ་དྲིན་ཅན་དང༌། །སྲོག་བཅད་ཤ་ཟོས་པགས་པ་གྱོན་པ་དང༌། །རྡོ་དང་དབྱུག་པས་བརྡུངས་དང་མཐུས་བསད་དང༌། །བསམ་སྦྱོར་མ་ཚང་ཞོར་སྟབས་བསད་ཚར་ཀྱི། །འགྲོ་རྣམས་ཀུན་མཁྱེན་འབྲས་བུ་ཐོབ་པར་ཤོག། (41)ཅེས་སྤྱོད་པ་མ་རུངས་པ་དག་སྤངས་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་དང་ཞི་འཇགས་སྟེར་བའི་ཀུན་སློང་ཞིག་བསྐྱེད་པར་བྱེད།
(༥)ཡིག་རྨོངས་སེལ་བ། ང་ཚོའི་མི་རིགས་ལ་ཡིག་རྨོངས་མཁན་ཆེས་ཆེར་མང་ཞིང་ལྷག་པར་དུ་སྐྱེས་མ་རྣམས་ལ་མཚོན་ན་དེ་བས་ཀྱང་མང༌། འོན་ཀྱང་རང་སྡེ་བར་མཚོན་ན། སྐྱེས་མ་རྣམས་ཀྱིས་སྨྱུང་གནས་ཀྱི་འདོན་པ་རྣམས་ངོས་ཟིན་ཆེད། ཆེད་དུ་ཡི་གེ་སྦྱངས་པ་དང་ཡང་ན་རང་སྦྱོང་གི་ཚུལ་གྱིས་ཡིག་རྨོངས་སེལ་ཏེ། སྨྱུང་གནས་རིམ་པའི་ཕན་ཡོན་དང་བྱེད་ལས་སོགས་ཀྱང་རྟོགས་བཞིན་ཡོད་པ་ལྟ་བུ་རེད།
མཇུག་བསྡུའི་གཏམ།
སྤྱིར་སྨྱུང་གནས་ནི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་རང་གཞན་གཉིས་ཀྱི་བདེ་བ་དང་བདེ་སྐྱིད་ཀྱི་དགེ་རྩ་བསྔོ་བའི་ཕན་བདེའི་ཆོ་ག་ཞིག་དང༌། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་དག་པའི་ལས་རྣམས་དག་པར་བྱེད་པའི་ཆོ་ག་ཞིག་སྟེ། སྲོག་གཅོད་མ་བྱིན་ལེན་པ་དང༌། ཚིག་རྩུབ་ཕྲ་མ་ངག་ཀྱལ་རྫུན། བརྣབ་སེམས་གནོད་སེམས་ལོག་ལྟ་བཅས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་དག་པ་བསྡམས་པར་བྱེད་པའི་ཆོ་ག་ཞིག་ཡིན་པས་མི་རྣམས་དགེ་བའི་ལས་ལ་སྤྱོད་པར་ཕན་ནུས་ཤིན་ཏུ་་ཆེ། སྨྱུང་གནས་ཞེས་པའི་སྲོལ་རྒྱུན་རིག་གནས་འདི་དག་ལ་ད་ལྟ་རྒྱུན་ཆད་དང་ཆད་བཞིན་པ་མིག་ལག་ཟིན་ཏུ་སྣང་བར་དམིགས་ནས། དེ་ཉིད་གཙིགས་མཐོང་སྲུང་སྐྱོབ་དང་རྒྱུད་འཛིན་ཤེས་རྟོགས་ཡོང་བའི་རིན་ཐང་གསལ་པོར་རྟོགས་ཏེ། སྨྱུང་གནས་ཀྱི་མགོ་མཇུག་བར་གསུམ་གྱི་ཆོ་ག་དེ་རིགས་ཇི་མ་ཇི་བཞིན་དུ་ཡི་གེར་ཕབ་པའི་དཔྱད་རྩོམ་འདི་བྲིས་པ་ལགས་སོ། །
མཆན་འགྲེལ།
(1)(6)(22)(27)(31)(32)ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། འདུལ་བ་མདོརབསྡུས་པའི་གཞུང་བཞུགས་སོ། །(ཉ) བོད་དཔེ།
(2).འབུམ་ཞེས་པ་ནི། བོན་གྱི་སྐུ་གསུང་ཐུགས་ལས་གསུང་གི་ཆོས་སྤྱོད་ཞལ་འདོན་ཞིག་ཡིན།
(3).ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། བསྙེན་བསྙུང་སྡོམ་ཆོག P553~558
(4).ཀུན་སྐྱོབ་བྱམས་མ་ནི། བོན་གྱི་མོ་ལྷའི་ནང་གསེས་ཤིག་ཡིན་ཏེ། བྱམས་མ་ལ་རིགས་མི་འདྲ་བ་མང་པོ་ཡོད། བན་ཕྱོགས་ཀྱི་སྒྲོལ་མའི་ལྷ་དང་མཚུངས།
(5).དཀར་ཐིག་ཞེས་པ་ནི་ཚེ་འདིར་ཐོག་མར་ལས་གང་ལ་ཞུགས་པའམ་ཐོག་དང་པོའི་དགེ་ལས་ཤིག་ལ་རྟེན་འབྲེལ་གྱི་ཚུལ་དུ་མཚོན་རྟགས་སྟོན་པ་ཞིག་གོ །
(7).སྨྱུང་ཆོག་ཕྱོགས་བསྡུས། རེབ་གོང་བོན་མང་གི་སྨྱུང་གནས་ཀྱི་འདོན་པ་ཆེད་བསྒྲིག P26
(8).(9)བོན་གྱི་བརྟེན་འགྱུར་ལས། ཀུན་བཟང་པོ་འཁོར་བ་སྟོང་བར་འདྲེན་པའི་ངན་སོང་དོང་སྤྲུག་གི་རྒྱུད་ལས་རྣམ་གཞག་མཆོད་གཞུང་གི་ཆ་ལག་བསྙེན་གནས་དང་སྨྱུང་གནས་ཀྱི་ཆོ་ག་ལས་དྲངས། P181 P31
(10).གསོ་སྦྱོང་ཞེས་པ་ནི། སྨྱུང་གནས་ཉམས་སུ་ལེན་པའི་སྐྱེ་བོ་གང་ཞིག་གིས་སྨྱུང་གནས་ཀྱི་སྡོམ་ཁྲིམས་མ་བསྲུང་སྔོན་དུ། ཆགས་ཉམས་དང་སྡིག་པའི་ལས་ལ་ཉེས་བཤགས་ཀྱིས་དགེ་ལས་ཉམས་གསོ་དང་སྦྱངས་བར་བྱེད་པ་ཞིག་གོ །
(11)(12)(13)(14)(15)(16)(17)(18)(19(20)(21)(33)(41)ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། བསྙེན་བསྙུང་སྡོམ་ཆོག P553~558 P1~P4 P26 P4~P8 P26 P8~P20 P20~P26 P56~P60 P31
(23)(35)(40)ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། ངག་སྡོམ་ཆོ་ག་གསེར་གྱི་ཐ་རམས། (ཉ)P545~P552 P545~P552
(24)(25)(34)སྨྱུང་ཆོག་ཕྱོགས་བསྡུས། རེབ་གོང་བོན་མང་གི་སྨྱུང་གནས་ཀྱི་འདོན་པ་ཆེད་བསྒྲིགP61~72 P73~80
(26).ཡན་ལག་སྡེ་བཞི་ནི་མང་ཐུན་གྱི་ཤ་ཟ་བ་སྤང་བ། ཡུ་ཏིའི་ཆང་འཐུང་བ་སྤང་བ། ཨག་ཙོང་སྒོག་ཙོང་ཟ་བ་སྤང་བ། དུས་མ་ཡིན་གྱི་ཁ་ཟས་སྤང་བ། གཞན་ཡང་ཚུལ་མིན་གྱི་གོས་དང༌། རིན་ཆེན་གྱི་ཁྲི་གདན་སྤང་བ། གྲོགས་ཀྱང་ཉམས་པ་ཅན་དང་དམན་པ་ཅན། རིགས་ངན། དམག་དཔོན། བྱིས་པ། སྨྱོན་པ། ཚོང་དཔོན། དབང་བོ་མ་ཚང་བ། མཚན་ངན་པ། སྨྲ་མང༌། བླུན་པོ། སྡིག་དད་ཅན། དག་པའི་ཞིང་ལ་གཤེ་སྐུར་འདེབས་པ། དགེ་སྤྱོད་ལ་འཕྱ་རློམ་བྱེད་པ། དྲང་སྲོང་ལ་ཡ་ཁ་སྨྲ་བ་རྣམས་སྤང་བའོ། །
(28).ཆབ་རྒྱག་པ་ཞེས་པ་ནི་སྡོམ་པ་སྲུང་མཁན་དེས་ཞལ་ལག་ཟོས་རྗེས་དྭངས་ཤིང་གཙང་བའི་ཆུ་བླངས་ནས་ཧུབ་གང་བྱས་ཏེ་ཁ་བཤལ་ནས་མི་གཙང་བ་དག་པར་བྱེད་པ་ཞིག་གོ །
(29).དཔོན་སློབ་དྲན་པ་ནམ་མཁའི་གསུངས་ལས་དྲངས།
(30).ཕྱེ་རྡལ་ནི་ཨ་མདོའི་ཁ་སྐད་དེ། ཐུག་པ་བརྡལ་སྤྱད་ཀྱི་ཤིང་ཅུང་རིང་ལ་རིལ་བུ་ཞིག མིང་གཞན་ལ་རྡལ་རིལ་ཡང་ཟེར།
(36).ངག་བསྡམས་སམ་བསྙུང་གནས་དོན་གཅིག་ཡིན།
(37).དྲན་པ་ནི་སློབ་དཔོན་དྲན་པ་ནམ་མཁའོ། །
(38).དྲན་པ་ནམ་མཁའི་གསུངས་དྲངས།
(39).དཔོན་སློབ་དྲན་པ་ནམ་མཁའི་གསུངས་ཡིན་པའོ། །