ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> གཡུང་དྲུང་བོན་ལུགས་ཀྱི་གཤིན་པོའི་འདས་མཆོད་བྱེད་སྒོ་རགས་བསྡུས་ཙམ་གླེང་བ།
གཡུང་དྲུང་བོན་ལུགས་ཀྱི་གཤིན་པོའི་འདས་མཆོད་བྱེད་སྒོ་རགས་བསྡུས་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཙང་ཚྭ་བསམ་གཏན་འགྱུར་མེད།] [ཟླ་ཚེས། 11-10-18] [ཀློག་གྲངས། ]

   དེ་ཡང་སྤྱིར་ཡ་མ་བརླ་ཡི་སྣང་སྲིད་ཞིང་འདིར་སྐྱེས་ཚད་ཐམས་ཅད་འཆི་བ་མི་རྟག་པས་འཇུག་བསྒྲིལ་བ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་རེད། སྒོས་སུ་གོ་ལའི་ཁྱོན་གྱི་མི་ཕལ་ཆེ་བས་མི་ཤི་བྱུང་དུས་གྲུབ་མཐའ་འམ། རྒྱལ་ཁམས། ས་གནས་བཅས་ཆེ་ཆུང་ལ་མ་བལྟོས་པར་རང་རང་ལུགས་སྲོལ་ལྟར་གཤིན་པོའི་འདས་མཆོད་བྱེད་སྒོ་ལ་དོ་སྣང་ཆེན་པོ་ཡོད་པ་རེད། ལྷག་ཏུ་ང་ཚོ་ཁ་བའི་ལྗོངས་འདིར་འདས་མཆོད་བྱེད་སྒོ་ནི་ཆོས་ལུགས་དང་མཐུན་པར་ལག་ལེན་བྱེད་ལ། ཆོས་ལུགས་ནི་ནང་པ་སངས་རྒྱས་པ་ཡིན་ཞིང་། དེ་ལ་དབྱེ་ན་དམ་པའི་ཆོས་དང་། གཡུང་དྲུང་བོན་གཉིས་ཡོད་། དམ་པའི་ཆོས་ལའང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་བཞི་དང་། དེ་དག་ནང་གསེས་ལ་མི་འདྲ་བའང་ཡོད། དེ་དག་གི་འདས་མཆོད་བྱེད་སྒོ་ཡང་རྒྱ་མི་ཆུང་བ་ཡོད་པ་སྨྲོས་མ་དགོས་སོ། །རྫོགས་སངས་རྒྱས་ཀྱི་བཀའ་དང་ལུང་མཐུན་བོན། །སྔོན་བྱོན་ཞང་བོད་མཁས་པའི་ཕྱག་ལེན་ལྟར། །མ་ཉམས་དེང་སྐབས་དངོས་སུ་སྤྱོད་བཞིན་པའི། །གཤིན་པོའི་འདས་མཆོད་རགས་བསྡུས་མདོ་ཙམ་གླེང་། །སྟོན་པ་བཀའ་དྲིན་ཅན་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞུགས་ནས་དད་པ་བྱེད་པའི་གང་ཟག་རྣམས་ཀྱིས་མི་ཤི་བའི་དུས་སུ།ཐོག་མར་༼དབུགས་ཆད་བླ་མ་༽ཞེས་པ་དགེ་བྱེད་པ་སྟོང་ཉིད་ལ་ཐུགས་འབྱོངས་པའམ། བསྐྱེད་རྫོགས་ལ་བྱན་ཆུད་པ་སྙིང་རྗེས་རྒྱུད་བརླན་པ། སྡོམ་གསུམ་མིག་འབྲས་བཞིན་བསྲུང་བ། ཐ་ན་བོན་སྒོའམ་ཆོས་སྒོར་ཞུགས་པའི་མི་ཞིག་གིས་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ངང་། འཆི་ཀའམ་ཤི་བའི་རོ་དེ་ལ་གནད་ཀྱི་གདམ་པ་བཅུ་གཉིས་༡ཀྱི་ལས་བྱ་བ་དང་། དཀོན་མཆོག་ལ་མཆོད་པ་རྣམ་ལྔ་༢སོགས་དངོས་འབྱོར་ཡིད་སྤྲུལ་ཇི་སྙེད་འབུལ་ནས་ཚེ་འདས་དེ་ངན་སོང་ལས་བསྐྱབས་ཏེ་བདེ་ཆེན་ཞིང་དུ་འདྲེན་པའི་ར་མདའ་སྦྲན་ལ་ཞག་གསུམ་དྲོས་བཞིའི་བར་ཉིན་མཚན་བར་མ་ཆད་པར་ཞི་ཁྲོ་ཐོས་ཆོག་རང་གྲོལ་དབྱངས་སུ་གྱེར། ཞག་གསུམ་ཉིན་༼ཞག་གསུམ་བླ་མ་༽ཞེས་པ་བླ་མ་མཚན་ཉིད་དང་ལྡན་པས་༣སྒྲིབ་སྦྱོང་མུན་སེལ་སྒྲོན་མའམ།ཀུན་རིག་སྒྲོན་མའི་ཆོ་ག ཁྲོ་བོ་ངོ་མཚར་རྒྱས་པ་སོགས་དཀྱིལ་འཁོར་གང་རུང་གི་སྒོ་ནས་བྱང་བུ་བཞུས་རྗེས་བསྔོ་སྨོན་རྣམ་པར་དག་པ་བྱེད། དེ་ནས་དགེ་བ་ཆེ་བཞིའམ་ཆོས་ཆེན་སྣེ་བཞི་ལ་འཇུག་སྟེ། །དང་༼ཨ་མཆོད་༽ཅེས་པ་བླ་གྲྭ་ཞེ་ལྔའམ་གང་ལྕོགས་ཀྱིས་མཆོད་པ་དང་སྦྱིན་པའི་ཡོ་བྱད་བཤམས་ལ། གཤིན་པོ་ཚེ་ལས་འདས་ནས་དགུང་ཞག་ཞེ་དགུའི་བར་ཉིན་ལྟར་ནངས་པར་ཚོགས་འདོན་སྔོན་འགྲོའི་སྐོར་དང་། དངོས་གཞི་མདོ་ཆོག་གང་རུང་ངམ་ཁྱད་པར་དེང་སྐབས་དར་ཁྱབ་ཆེ་བ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཚན་རྒྱས་བསྡུས་ཚར་གཉིས་རེ་མགྲོན་གཉིས་༤ལ་ཡར་མཆོད་མར་སྦྱིན་ཚད་ལྡན་གྱི་སྒོ་ནས་ཆོ་ག་ཀློག ཉིན་རེར་དུས་གཉིས་ལ་ཚེ་འདས་ཟས་གཏད་དང་བསྔོ་བ་བྱ། དགོང་མོར་རྗེས་བྱ་བར་དོའི་འཕྲང་ཐར་སྨོན་ལམ་དང་། མ་ཏྲི་རྒྱང་འབོད་། རིགས་དྲུག་རང་སྦྱོང་། སྨོན་ལམ་རྣམ་གསུམ་སོགས་སྨོན་ལམ་སྣ་ཚོགས་ཀྱིས་མཚམས་སྦྱར།༼བདུན་བྱང་༽ཞེས་བར་བར་བདུན་ཚིགས་རེ་ལ་བྱང་བུ་བཞུ་བ་ཡང་ཡོད་པ་ནི་འཆར་ཅན་གྱི་བྱ་རིམ་ཞིག་ཡིན། །གཉིས་པ།༼འདུར་བཅའ་༽ཞེས་དོན་དུ་ལྟ་སྒོམ་སྤྱོད་པ་དམ་ཚིག ཕྲིན་ལས་ལྔའི་དོན་རྒྱུད་ལ་ཡོད་པའི་གསང་སྔགས་པ་གང་རུང་ཞིག་གིས་ཡི་དམ་སྒྲུབ་པ་དཀའ་བརྒྱད་༥དམ་མེ་རི་སྟག་ལྷ་གང་རུང་གི་བསྙེན་སྒྲུབ་ལག་ལེན་ཚུལ་མཐུན་ལེགས་གྲུབ་བྱས་ཏེ། དོན་དུ་བྱང་ཆུབ་སེམས་ལ་བསད་གསོ་སོགས་ཡེ་ནས་སྟོང་ཡང་བསྟན་འགྲོར་འཚེ་བའི་དགྲ་བགེགས་བསྒྲལ་བའི་ཞིང་བཅུ་༦དང་། དམིགས་བསལ་འདིའི་དུས་སུ་ཚེ་འདས་ལ་མཐོ་རིས་ཐར་པའི་གེགས་ཤིང་དང་། ངན་སོང་་འཁོར་བའི་གཏིང་ཕུལ་བྱེད་པའི་ཟ་འདྲེ་ཤི་གཤེད་སྲི་དགུ་༧བཅས་དང་པོ་འགུག་པ་དང་། བར་དུ་བསྒྲལ་བ་དང་། ཐ་མ་སྤར་བ་སོགས་ཀྱི་ལས་བྱ་བར་སྣང་ངོ་། །དེ་དག་མ་བསྒྲལ་ན་སངས་རྒྱས་ཀྱི་བསྟན་པ་མི་ཚུགས་ཤིང་། སེམས་ཅན་ལ་བདེ་སྐྱིད་མི་འབྱུང་བ་དང་། གཤེད་པོ་དང་ཚེ་འདས་གཉིས་བདེ་གནས་མི་འཐོབ་པས་དེ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་བསྒྲུབ་པའི་ཕྱིར་དུ་བསྒྲལ་བའི་ལས་བསྟན་པའོ། །བསྒྲལ་ཚུལ་ནི། ཀུན་རྫོབ་བསྒྲལ་བྱ་མིག་ཡོར་ལྟ་བུ་དང་། སྒྲོལ་བྱེད་དབལ་གཤེན་སྒྱུ་མ་ཙམ་སྟེ་དོན་དམ་དུ་རང་ལས་གཞན་མི་དམིགས་པ་སྒྱུ་མ་ལྟ་བུའི་ལས་སུ་འདོད་པའོ། །དུས་ཚད་ནི་ཞག་ལྔ་ནས་དུ་མའི་བར་རོ། །གསུམ་པ།༼ཀུན་རིག་བླུག༽ཅེས་པ་འདི་རྒྱས་བསྡུས་མང་པོ་ཡོད་ཀྱང་། དར་ཆེ་ཤོས་ནི་འབྲིང་པོ་གཙོ་དགུ་གཙོ་དགུ་འཁོར་གསུམ་བྱས་པའི་རྒྱས་པ་༼མཆོད་སྐོར་ཞེ་བཞི་༽ཅན་འདི་ལ་མཚོན་ན།ཐོག་མར་ཙན་དན་དཀར་དམར་ཡོད་ན་རབ། མེད་ན་ཤུག་པ་རལ་གྲིའི་དབྱིབས་ཅན་དུ་བྱས་པ། ཤིང་ཐུང་ལ་ཁྲི་ཙེ་གཅིག་ནས་གསུམ་བར་གྲངས་ཉིས་སྟོང་བཞི་བརྒྱ་ཙམ་དང་། ཤིང་རིང་དང་སྡོང་བུ་གྲངས་བཅོ་ལྔ་རིང་ཚད་ཁྲི་ཙེ་ལྔ་ཙམ་བཅས་ལ་ལས་བཞི་རྒྱུན་ལྔ་༨དང་ཀློང་རྒྱས་གདུང་སྲེག་བཅས་ཀྱི་སྙིང་པོ་དང་སྨོན་ལམ་བསྔོ་ཚིག་བཅས་ཚང་མ་གསེར་དངུལ་ཅི་རིགས་ཀྱིས་བྲིས་ཏེ་དར་ཟབ་ཀྱི་ན་བཟའ་གསོལ། འདི་གསེར་ཁོ་ནས་བྲི་ན་གསེར་སྒོར་མོ་ལྔ་ཙམ་དགོས། དེ་ནས་ཀློང་རྒྱས་དང་ལས་བཞིའི་ཕྲིན་ལས་རྣམས་མཁས་བཙུན་བཟང་གསུམ་༩དང་ལྡན་པའི་བླ་གྲྭ་བཅུའམ་བརྒྱད་ཀྱི་ལག་ལེན་དམིགས་བུ་ལྟར་སྦྲགས་ནས་དེ་དག་སོ་སོའི་རྒྱན་རྫས་བཀོད་པ་དང་སྲེག་རྫས་ཉི་ཤུ་བཅས་ནི།སྨན་སྣ་དང་།རིན་ཆེན་རིགས།ཟས་སྣ།སྟག་གཟིག་གུང་གསུམ་གྱི་རྒྱལ་མཚན།གོ་མཚོན་སོགས་སྣ་མང་བརྗོད་ཀྱིས་མི་ལང་བ་ཡོད་པ་རྣམས་འདིར་མི་བརྗོད་།ཞིབ་པར་མཁྱེན་འདོད་ཡོད་ན་ཀུན་རིག་དམིགས་བུ་༡༠ལས་གསལ། སྲེག་བླུག་དངོས་ནི། ཐོག་མར་ལས་བཞིའི་དཀྱིལ་འཁོར་རྡུལ་མཚོན་ལེགས་པར་གཏབ་པའི་ཐོག་ཏུ་སྲེག་ཁང་བརྩིགས།ཕུང་པོའི་ཕྱི་ནང་ཀུན་ཁྲུས་རྫས་ལྔ་ལྔ་༡༡སྦྱར་བའི་ཚོ་དྲུག་པོ་རྟེན་ཁྲུས་དང་བསྲེས་ཏེ་དག་པར་བཀྲུས་ནས་ཀ་མད་སོགས་ཡི་གེའི་འབྲུ་བཀོད་དང་རིགས་ལྔའི་ཙཀ་ལིའམ་༡༢ཕྱག་རྒྱས་དབང་སྐུར་སོགས་བྱས་ལ་གོང་གི་སྲེག་རྫས་དང་མཉམ་དུ་སྲེག་ཆོག་གི་གཞུང་དང་བསྟུན་ནས་ཡེ་ཤེས་མེ་ལྷ་དང།རང་བཞིན་གྱི་མེ་ལྷ་དང།རྫུ་འཕྲུལ་མེ་ལྷ་རྣམས་ཀྱི་ངོ་བོ་དང་དབྱེར་མེད་དུ་ཤར་བའི་སྲེག་ཟ་འབར་བའི་ཞལ་དུ་བསྟབ་པར་བྱེད་དོ། །སྐབས་འདིར་ཕུང་པོ་སྒོར་འདོན་པའི་བྱ་བ་དང་བསྟུན་ཏེ། ས་བདག་ཀླུ་གཉན་ལ་འགྲམ་འཁྲུགས་སོགས་ཉེར་འཚེ་རིགས་མི་ཡོང་བའི་ཆད་དུ་གྲྭ་པའམ་སེར་མོ་བ་རེ་ཟུང་ནས་གཟུངས་འདུས་བཀླག་པ་དང་། ས་བདག་སྒྲིབ་བཅོས་སྤར་ཁ་དང་སྨེ་བའི་བཅོས་ཀ་སོགས་བྱེད། སྦྱིན་སྲེག་དངོས་གཞིའི་སྐབས་སུའང་ཉིན་ཤས་ཙམ་ལ་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཆོ་ག་དང་བསྟུན་ཏེ་ལྷ་གཙོ་འཁོར་ཅི་ཡོད་ཀྱི་མཆོད་སྤྲིན་རྒྱ་ཆེན་དང་སྦྲགས་གཤིན་པོར་དམིགས་པའི་བསྔོ་སྨོན་འདོད་གསོལ་རྒྱ་ཆེར་བྱེད་དེ་གཤིན་པོའི་ནང་མི་དང་གཉེན་ཚན་ཀུན་འདུས་ནས་གཤིན་པོ་དེ་དམིགས་པའི་རང་རང་ལྕོགས་ཚོད་ཀྱིས་དགེ་སྒྲུབ་ཁས་ལེན་ཅི་མང་བྱེད་དེ་སྦྱིན་བདག་ནས་ཀྱང་སྐྱ་སེར་འདུས་ཚོགས་སུ་བསྙེན་བཀུར་རྒྱ་ཆེན་གྱིས་མཇུག་བསྡུ་བྱེད་པ་བཅས་ཡིན། ཚུལ་དེ་གསོན་གཤིན་གང་གི་ཚོགས་གསོག་སྒྲིབ་སྦྱོང་བླ་ན་མེད་པ་མཆོག་ཏུ་གྱུར་པར་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱིས་གསུངས་སོ། །སྦྱིན་སྲེག་བྱས་པའི་གདུང་ཐལ་ཁག་ཅིག་ཞིབ་མོར་བྱས་ཏེ་འཇིམ་པ་དང་བསྲེས་ནས་ཚྭ་ཚྭ་འདེབས་པ་དང་། ཁག་ཅིག་དུར་ཁྲོད་བྱིན་ཅན་ལ་གཏོར་བ་དང་།ཁག་ཅིག་བསྲེགས་ཤུལ་གྱི་དངོས་པོ་དང་ལྷན་དུ་ས་དཔྱད་མཁན་པོས་ས་བཙལ་ནས་ལག་ལེན་མ་ནོར་བ་བྱས་ཏེ་ས་འབེབས་དུར་འདེབས་བྱེད་ཅིང་གསོན་གཤིན་གཉིས་ཀར་བཀྲ་ཤིས་ཤིང་དགེ་བའི་རྟེན་འབྲེལ་གྱི་སྒོ་མ་འཆུགས་པ་བྱེད་པ་བཅས་སོ། །སྐབས་འགར་ཤི་དུས་གཟའ་སྐར་ངན་རིགས་ལ་ཐུག་ཚེ་སྲེག་དུ་མི་རུང་བའང་ཡོད་པས་དེའི་ཚེ་ས་དཔྱད་ལྟར་ཕུང་པོ་དུར་ས་འདེབས་པ་དང་། གནས་རི་རྩ་ཆེན་གྱི་དུར་ཁྲོད་ལ་བསྐྱལ་ནས་བྱ་འབོད་བསྔོ་སྨོན་སོགས་ཀྱིས་ཕུང་པོ་བྱ་གཏོར་བྱེད་པའང་ཡོད། འཆར་ཅན་དགོན་པ་དང་དགེ་འདུན་གྱི་སྡེ་ལ་མང་ཇ་དང་སྐུ་འགྱེད་བསྙེན་བཀུལ་བྱེད་པ་ནི་དགེ་བའི་མཆོག་ཏུ་བརྩི་ཞིང་། སྤྲང་སློང་ལ་སྦྱིན་པ་གཏོང་བ་སོགས་ནི་བྱ་བ་གལ་ཆེན་ཞིག་ཡིན། །བཞི་པ།༼ཞི་ཁྲོ་བླུག་༽ཅེས་བྱ་བ་འདི་ལ་འདོན་མཁན་གྲྭ་གྲངས་བཅུའམ་གང་ཡོད་ཀྱིས་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་ངོ་མཚར་རྒྱས་པ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དེ་གཉིས་ཀྱི་ཟུར་བཀོད་ཆ་ལག་དང་བཅས་པ་རྒྱས་པར་སྦྲགས་ཏེ་ཞི་ཁྲོའི་ལྷ་ཚོགས་ལ་ཚོགས་མཆོད་བརྒྱ་སྟོང་དང་ཁྱད་པར་མར་མེ་ཚར་ཁྲི་སྟོང་གྲངས་མང་དང་གྲངས་མེད་སོགས་སྦྱིན་བདག་གི་སྟོབས་འབྱོར་ལྟར་འབུལ་བའོ། །གཞན་ཡང་༼བྱང་ལུང་༽ཞེས་པ་ནི། གོང་གི་ཆོས་བཞི་པོ་དེ་དག་གི་བར་དུ་པྲ་དང་བྱང་བུའི་པྲ་རྟགས་དང་། བླ་མའི་དགོངས་བརྟག་དང་། གཤིན་རྩིས་ཀྱི་བབས་འབྲས་སོགས་ལས་བྱུང་བའི་གནད་དམིགས་མདོ་ཆོག་འདོན་མཆོད་དང་། ལྷ་རྟེན་འབྲི་བཞེངས།དར་འཛུགས།འཁོར་བཞེངས། རྡོ་འབུམ་གནས་སྐོར།ཟམ་པ་དང་ལམ་བཅོས། སྤྲང་འགྱེད་དང་ཉ་དགེ། ཚེ་ཐར་དང་སྲོག་བླུ། སྒོ་བཤས་སྤོང་བ་སོགས་གང་ལ་གང་དགོས་རྣམ་དཀར་ཅི་ཐུབ་བྱེད་པ་རྣམས་ནི་འཁོས་ཀ་ཡོད་མེད་ལ་མ་ལྟོས་པའི་འཆར་ཅན་གྱི་བསྒྲུབ་བྱ་ཡིན། ཞེ་དགུ་རྫོགསཔའི་ཉིན་༼ཞེ་དགུའི་བརྫང་བདར་བླ་མ་༽ཞེས་གཞི་ལམ་འབྲས་གསུམ་༡༣གྱི་དོན་དང་ལྡན་པའི་བླ་མས།གང་ལྟར་ཕྱི་ནང་དཀྱིལ་འཁོར་གང་རུང་སྒོ་ནས་༼ལམ་སྟོན་བྱང་བུ་༽ཞེས་བྱང་ཆེན་བཞུས་ཏེ།སྐབས་ཀྱི་ཚེ་འདས་ཀྱིས་ཐོག་དྲངས་སྲིད་པའི་རྩེ་ནས་དམྱལ་བའི་གདན་ལ་ཐུག་པ་ཡན་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསྔོ་བ་སྨོན་ལམ་སོགས་རྒྱ་ཆེན་བྱེད་པའོ། །འདིའི་སྐབས་དང་གོང་གི་ཞག་གསུམ་བྱང་བུའི་སྐབས་སུ་རྒྱས་སྤྲོས་བྱེད་མཁན་རིགས་ཤིག་གིས༼བྱང་བུ་སྒ་གཏད་༽ཅེས་རྟ་བཟང་ལ་སྒ་ཆས་དང་།གཤིན་པོ་ཕོ་མོ་གང་ཡིན་ལྟར་ལུས་ཆས་སྤུས་དག་ཆ་ཚང་རྟ་ལ་བཅིང་སྟེ་འབུལ་བ་དང་། ཁ་ཤས་ཀྱིས་ལུག་ལ་བསྐྱོན་པའང་ཡོད་། དེ་དག་ལ་བྱང་བུ་ལུག་བསྐྱོན་དང་རྟ་བསྐྱོན་ཟེར།ཡང༼ལོ་ཆོས༽ཞེས་མི་གཅིག་ཡན་གྱིས་མདོ་སྡེ་བསྐལ་པ་བཟང་པོ་སོགས་ཟབ་ཅིང་རྒྱ་ཆེ་བའི་མདོ་གཞུང་ཁག་ཅིག་ལོ་གཅིག་གི་རིང་ལ་ཀློག་འདོན་བྱེད་པའང་ཡོད་དོ། །ཡང་ལོ་གཅིག་འཁོར་རྗེས༼དུས་དྲན༽ཞེས་ཀུན་རིག་ཞི་ཁྲོ་ཡང་སྐྱར་བླུག་པ་དང་། ཆོ་ག་འཚོགས་པ་སོགས་དགེ་བ་ཅི་རིགས་བྱེད་པའོ། །གཤིན་ཆོས་ཀྱི་བྱེད་སྒོ་ནང་དུ་ཆོས་ཆེན་སྣེ་བཞི་འགའ་རེ་མ་ཐོན་ནའང་གང་ཐོན་པ་དེ་དག་རྒྱས་བསྡུས་ཙམ་ལས་ངོ་བོ་དམིགས་ཡུལ་བྱེད་ལས་སོགས་གཅིག་མཚུངས་སུ་ངོས་འཛིན་པ་ཡིན་ནོ། །གང་གི་་གཤིན་ཆོག་གི་ལམ་སྲོལ་དེ་ནི་ཤིན་ཏུ་ཡུན་རིང་དང་ལྡན་པའི་ལོ་རྒྱུས་ཡོད་དེ།བོད་ཀྱི་བཙན་པོ་དུས་སྐབས་སྟེ། དཔེར། གནམ་གྱི་ཁྲི་བདུན་༡༤གྱི་སྐབས་ནས་བཟུང་སྟེ་ད་ལྟའི་བར་གཉན་འཕྲང་ཅི་རིགས་ཀྱིས་དར་བར་གྲགས་སོ། །ནང་བསྟན་ནང་གི་མེས་པོ་གཡུང་དྲུང་བོན་ལུགས་ཀྱི། སྔར་སྲོལ་སྔར་བཞིན་སྤྱོད་པའི་འདས་མཆོད་བྱེད་སྒོ་ལྟར། ལག་ལེན་ལག་གིས་བླངས་སྟེ་དངོས་སུ་བཀོད་པ་ལས།མཐོང་མིན་མཐོང་མདོག་སྒྲོ་སྐུར་བྱས་མེད་དོ། །བསིལ་བསིལ་གངས་ལྗོངས་བཙན་པོ་གཉའ་ཁྲི་ནས། །རིང་རིང་དར་བའི་གཤེན་བསྟན་ལྟ་སྤྱོད་ལ། །མིན་མིན་བསྙད་འདོགས་རྗེས་སུ་མ་བརྒྱུགས་པར། །རང་རང་གྲུབ་མཐའི་གཞུང་ལ་དཔྱད་པ་ལགས། །དེ་ལྟར་བཀོད་པའི་དཔྱད་གཏམ་ཉུང་ངུ་འདི་སྒྲོ་སྐུར་གྱི་དྲི་མ་ཡོད་བསམ་པ་མེད་ཀྱང་། ཕྲན་ཤེས་རབ་ཀྱི་འཇུག་སྒོ་ཞན་པས་ནོར་འཁྲུལ་མཆིས་ན་རྣམ་དཔྱོད་བློ་གྲོས་ལྡན་པའི་མཁས་དབང་རྣམ་པས་སློབ་སྟོན་དང་སྐྱོན་སེལ་གྱི་དགོངས་འཆར་གསུང་གནང་ཡོད་པར་ཞུ།།

 ༡གནད་ཀྱི་གདམ་པ་བཅུ་གཉིས་ནི། མ་སྒྲུབ་རྫོགས་སངས་རྒྱས་པའི་གནད་དང་། སྣོད་དུ་རུང་བ་མྱོང་གྲོལ་གནད། ལས་ཉོན་མི་སྐྱེ་རྩ་བཅིང་གནད། ཉོན་མོངས་རྩ་སྒོ་བཀག་པའི་གནད། གནས་ངན་སྐྱེ་སྒོ་གཅོད་པའི་གནད། རིག་པའི་ཡེ་ཤེས་གསལ་བའི་གནད།  ཕྱིར་མི་ལྡོག་པ་གསུང་སྐུད་གནད།ངན་སོང་མི་སྐྱེ་ལུས་ཀྱི་གནད། ཚང་དབུག་དབྱེ་བ་དམ་རྫས་གནད། རྣམ་ཤེས་འདྲེན་པ་སྐྲ་འཐེན་གནད།བག་ཆགས་བཟང་འཇོག་ངོ་སྤྲོད་གནད།རྣམ་ཤེས་འཕོ་བ་ཟང་ཐལ་གནད་དང་བཅུ་གཉིས་སོ། །
༢མཆོད་པ་རྣམ་ལྔ་ནི།མར་མེ།སྤོས།ཡོན་ཆབ།ཞལ་ཟས།མེ་ཏོག་གི་མཆོད་པ་དང་ལྔའོ།།
༣བླ་མ་དཀོན་མཆོག་གི་མཚན་ཉིད་ནི།སྐྱབས་ཀྱི་ཡུལ་མཆོག་གང་ཞིག རྩ་བ་དང་བརྒྱུད་པས་བསྡུས་པའི་ལྷག་པའི་དཀའ་དྲིན་ཅན་དེའོ།།དེ་ཡང་ཕྱི་ཡི་ཚུལ་མཛེས་པ།ནང་གི་ཁྲིམས་ལྡན་པ།རང་དོན་ཐོས་བསམ་སྒོམ་གསུམ།གཞན་དོན་འཆད་རྩོད་རྩོམ་གསུམ་དང་ལྡན་པ་ཞིག་དགོས་སོ།།
༤མགྲོན་གཉིས་ནི། བདེར་གཤེགས་མཆོད་པའི་མགྲོན་དང་། རིགས་དྲུག་སྙིང་རྗེའི་མགྲོན་དང་གཉིས་སོ།།
༥ཡི་དམ་སྒྲུབ་པ་བཀའ་བརྒྱད་ནི། སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག ཡོན་ཏན་གེ་ཁོད། ཕྲིན་ལས་ཕུར་པ། རོལ་པ། རམ་པ། འབུམ་པ་དང་བརྒྱད་དོ། །
༦བསྒྲལ་བའི་ཞིང་བཅུ་ནི། གཡུང་དྲུང་བོན་ནམ་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ། སློབ་དཔོན་གྱི་སྐུ་དགྲ།སྔགས་ཀྱི་དམ་ལས་ཉམས་པ། སྔགས་ཀྱི་ལྟ་སྤྱོད་ལོག་པ། བླ་མ་དང་མཆེད་ལ་ཞེ་སྡང་གིས་འཁུ་བ། སྔགས་སྤྱོད་སྒྲུབ་ལ་བར་དུ་གཅོད་པ། སེམས་ཅན་ཡོངས་ལ་གནོད་པ། དམ་ཚིག་ཅན་ལ་སྡང་བ།མི་དགེ་ཁོ་ན་སྤྱོད་པ། ངན་སོང་གསུམ་དང་བཅུའོ།།
༧སྲི་དགུ་ནི། ཕོ་སྲི། མོ་སྲི། ཆེ་སྲི། ཆུང་སྲི།དར་སྲི། ཐབས་སྲི་ངོ་ནག ཡུལ་སྲི།སྲོག་གཅོད། དབུགས་ལེན་དང་དགུའོ།། 
༨ལས་བཞི་རྒྱུན་ལྔ་ནི།ནད་གདོན་སྡིག་སྒྲིབ་ཞི་བས་ཞི་བ།ཚེ་བསོད་དབང་ཐང་རྒྱས་པས་རྒྱས་པ།སྣང་སྲིད་དབང་དུ་འདུས་པས་དབང་།དགྲ་བགེགས་མུ་སྟེགས་ཚར་གཅོད་པས་དྲག་པོ།ལས་བཞི་ཀར་ཁྱབ་ཅིང་རྒྱས་གཞི་བསྡུས་གནས་སུ་བྱེད་པའི་རྒྱུན་དང་ལྔ་ཞེས་སྒྲ་དོན་ཙམ་ཡིན་ཞིང་།དོན་ནི་གསང་བ་སྔགས་ཀྱི་ཞི་རྒྱས་དབང་དྲག་གི་ལས་མཐའི་སྒོ་ནས་སེམས་ཅན་བདག་འཛིན་དང་ལས་ཉོན་ཐམས་ཅད་རྩད་ནས་གཅོད་ཅིང་སྒྲིབ་གཉིས་དག་སྟེ་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་བགྲོད་པའི་ཐབས་མ་ཚང་བ་མེད་པ་ཞིག་ཡིན།།
༩མཁས་བཙུན་བཟང་གསུམ་ནི།རང་གཞན་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་པའི་སྤྱན་དཀྱུས་ཡངས་པ་ལ་མཁས།ཐོས་དོན་ཚིག་ཕྱིར་མི་འབྲེང་བར་རང་རྒྱུད་ཀྱི་བདག་འཛིན་སྨད་ན་བཙུན།སྟོན་པའི་བཀའ་བཞིན་མདོ་སྔགས་སེམས་གསུམ་རང་རྒྱུད་ལ་ཟུང་དུ་འབྲེལ་ཞིང་འཆད་རྩོད་རྩོམ་གསུམ་བྱས་ན་བཟང་པོ་ཞེས་སོ།།
༡༠ཀུན་རིག་དམིགས་བུ་ནི།ལས་བཞི་རྒྱུན་ལྔ་གདུང་སྲེག་བཅས་ཀྱི་བཅའ་ཐབས་བྲི་ཐབས་ཀློག་ཐབས་སྲེག་ཐབས་སོགས་ཀྱི་ལག་ལེན་ཟིན་བྲིས་ཀུན་ཚང་བའི་ལེའུ་ཞིག་ལ་ཟེར་རོ།།
༡༡ཀུན་ཁྲུས་རྫས་ལྔ་ནི།རིན་ཆེན་ལྔ།འབྲུ་ལྔ།སྨན་ལྔ།སྤོས་ལྔ།སྙིང་པོ་ལྔ།ཚན་ལྔ་བཅས་སོ།།
༡༢རིགས་ལྔའི་ཙཀ་ལི་ནི།གཡུང་དྲུང་།འཁོར་ལོ།པད་མ།རིན་ཆེན།རྒྱལ་མཚན་དང་ལྔའོ།།
༡༣གཞི་ལམ་འབྲས་གསུམ་ནི།མདོ་སྔགས་སེམས་གསུམ་གྱི་སྐབས་སོ་སོ་ནས་ངོས་འཛིན་མི་འདྲ་བ་མང་དུ་ཡོད་དོ།།
༡༤གནམ་གྱི་ཁྲི་བདུན་ནི།ཞང་ཞུང་སྲིད་པའི་རྒྱལ་པོ་མང་པོས་བཀུར་བའི་རྒྱལ་པོའི་རྒྱུད་ལས།འབུམ་ཕྲག་ཕྱེད་དང་བཅུ་གསུམ་སོང་བའི་དུས་སུ་སྐྱ་སེང་གི་སྲས་གཉའ་ཁྲི་བཙད་པོ་སྐུ་འཁྲུང་།མི་རྗེ་ལྷ་ཡི་ཚུལ་དུ་ལྷ་རི་གྱང་ཏོར་གཤེགས་བོད་གཡག་དྲུག་གི་རྗེ་བོ་མཛད།དེའི་གོང་བོད་ལ་རྒྱལ་པོ་མེད་པས་བོད་རྒྱལ་སྔ་བ་དེ་ཡིན།དེས་བོན་གཤེན་ནམ་མཁའ་སྣང་མདོག་ཅན་བླ་མར་བཀུར་ནས་དབལ་རམ་སོགས་ཉམས་ལེན་མཛད།མཐའ་བཞི་དབང་དུ་བསྡུས།བོན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱི་སྨན་རྩིས་བཟོ་རིག་ནང་དོན་རིག་པ་སྒྲ་སོགས་དར་སྤེལ་བྱས།གཉའ་ཁྲིའི་སྲས་མུ་ཁྲི་བཙན་པོས་ཞང་ཞུང་ནས་བོན་གཤེན་བརྒྱ་རྩ་བརྒྱད་བོད་དུ་གདན་དྲངས་ནས་བོད་ཀྱི་རིག་གནས་དར་སྤེལ་བྱས།དེའི་སྲས་དེང་ཁྲི་བཙན་པོས་གསང་སྔགས་སྤྱི་དཔུངས་སྐོར་གསུམ་ཉམས་བཞེས་མཛད་པས་རྫུ་འཕྲུལ་ཡབ་དང་དབྱེར་མེད་གྱུར།ཕམ་ཤི་ཡ་གོང་གི་སྡེ་གཉིས་བྱུང་།ཕྱོགས་མཚམས་ཀུན་ཏུ་གསས་ཁང་དང་ལབ་རྩེ་སོགས་བརྩིགས།དེའི་སྲས་སོ་ཁྲི་བཙན་པོས་ཞང་ཞུང་དང་སྲིད་བསྡེབས་ནས་ནང་དོན་རིག་པའི་བོན་སྐོར་དུ་མ་གདན་དྲོངས།གསས་མཁར་རྨུ་དགུ་ཁྱུང་བཞེངས།དེའི་སྲས་མེར་ཁྲི་བཙན་པོས་དྭགས་པོའི་རྒྱལ་པོ་དང་གཉེན་བསྡེབས་ནས།དྭགས་པོའི་ཡུལ་དུ་བོན་གཤེན་དུ་མ་བསྟན་སྤེལ་ཕྱིར་དུ་མངགས།ཁོང་ཉིད་ཡབ་མེས་གོང་མ་བཞིན་སྤྱི་སྤུངས་བོན་སྐོར་ལ་ཐུགས་མངའ་བར་མཛད།དེའི་སྲས་གདགས་ཁྲི་བཙན་པོས་ཞང་བོད་རིག་འཛིན་དུ་མ་ལྷན་ཅིག་བསྡེབས་ནས་ཁམས་ཆེན་པོ་བཅུ་དྲུག་སོགས་ཞང་ཞུང་སྐད་དེ་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་ཡི་གེར་བཏགས་སོ།གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས།དེའི་སྲས་སེང་ཁྲི་བཙན་པོའི་སྐབས་སུ་བོད་ཁམས་མི་བདེ་སྣ་ཚོགས་བྱུང་བས་ལོ་ཙ་བ་མི་གསུམ་ལ་འཕྲིན་ཡིག་བརྫངས་ཏེ་རྒྱ་ནག་ཁྲི་ཤང་སྒོ་བརྒྱར་ཀོང་ཙེ་ལ་རྩིས་བསླབ་ཏུ་བཏང་ནས་ཀོ་ཙེའི་མངོན་རྟོགས་དུ་མ་བོད་དུ་གདན་དྲངས།རྒྱ་བོད་ཀྱི་རིག་གནས་འབྲེལ་བ་གཉིས་པ་ཆགས།གནམ་གྱི་ཁྲི་བདུན་ནི་རིག་པ་རྟགས་ཐོབ་ཏུ་གྲོལ་བའི་འཇའ་ལུས་པ་མངོན་སུམ་གྲུབ་པའི་རྒྱལ་པོ་ཤ་སྟག་ཡིན་ནོ།།

རྩོམ་འདི་སྤྱི་ལོ་2008ལོའི་ཁྲི་བསྟན་ནོར་རྩེའི༼་བགྲེས་པོའི་འབེལ་གཏམ་༽8པར་བཀོད་ཟིན།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག