མདོ་སྔགས་གཞུང་དོན་སྙིང་ཐིག་ལྟ་བའི་ཁྱད། །ཤིན་ཏུ་ཆ་ཕྲ་རབ་ཏུ་གཏིང་ཟབ་ཕྱིར། །
སོ་སོའི་ཁྱད་འབྱེད་སྨྲ་ལྕེ་ཐུང་ན་ཡང༌། །གསུང་བསྐུལ་མི་ལྡོག་ཙམ་ཞིག་འདི་ན་འགོད། །
དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་དོན་དུ་གཉེར་བའི་སྐྱེས་བུ་དག་གིས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་སོ་སོའི་བསྟན་དོན་གྱི་སྙིང་ཐིག་ལྟ་བའི་དོན་དེ་ཉིད་ཉམས་སུ་བླང་ནས་རྟོགས་པར་བྱ་དགོས་པ་ལྟར་གཞུང་ལུགས་དེ་དག་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་ཤིང༌། མང་དུ་ཐོས་པའི་སྐྱེས་མཆོག་དག་གིས་ཀྱང་ཐེག་པ་གོང་འོག་གི་ལྟ་བའི་གནད་དང༌། དེ་དག་གི་ཁྱད་འབྱེད་ནི་དཀའ་བའི་གནས་སུ་གྱུར་ཚུལ་ཡང་ནས་ཡང་དུ་གསུངས་ཡོད་པས་གྱི་ན་བ་ཕྲན་ལྟ་བུས་འདི་ལྟའི་སྐོར་གླེང་བ་ནི་སྐབས་སུ་མ་བབ་ཅིང་གནད་དུ་མི་འཁེལ་བ་སྨོས་མེད་ལགས་ཀྱང་ད་ལན་ཐེག་དགུའི་ངོ་སྤྲོད་བགྱིས་སྐབས་ཆོས་དགེ་རྣམ་པའི་གསུང་བསྐུལ་ལ་ངོས་ལེན་གྱིས་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་རྩ་འགྲེལ་ཆ་ལག་སོགས་ལས་གསུངས་པའི་ཐེག་དགུའི་ལྟ་བ་དང་ཁྱད་འབྱེད་སྐོར་འགའ་ཞིག་འགོད་པ་ལ།
༡༽ ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། "དེ་ལ་ལྷ་མི་གཞན་བརྟེན་ཐེག་པ་ནི། །དངོས་པོ་སྣ་ཚོགས་སྣང་བ་བདེན་པར་རྟོགས། །ཡུལ་སེམས་མི་འབྱེད་འདི་ཁ་ལྟར་དུ་ཤེས། །"ཞེས་པས། ཕྱི་ནང་འཇིག་རྟེན་བོན་བརྒྱད་ལ་ཞེན་པའི་དངོས་པོ་སྣ་ཚོགས་པའི་སྣང་བ་འདི་དག་ཕལ་པ་ལ་སྣང་བ་ལྟར་བདེན་པར་རྟོགས་ཏེ་ཡུལ་སེམས་སམ་ཕྱི་ནང་དུ་ཡང་འབྱེད་མ་ཤེས་པར་རང་རྒྱུད་པར་བལྟ་བ་ནི་ལྷ་མི་གཞན་བརྟེན་གྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། འདིའི་སྐབས་ཀྱི་བོན་བརྒྱད་ནི། བདག་གཞན་ཡོད་མེད་གཟུང་འཛིན་བདེ་སྡུག་བཅས་སུ་གསུངས།
༢༽ "ཕྱི་ཡུལ་དངོས་པོ་མེད་དེ་ནང་ཤེས་རྒྱུ་དང་འབྲས། །" ཞེས་པས། ཕྱི་རོལ་གྱི་དོན་ཡང་དག་ཏུ་མ་གྲུབ་ཅིང་དོན་དམ་པར་ནང་འཛིན་བྱེད་ཀྱི་ཤེས་པ་གཟུང་འཛིན་ཡང་དག་རྒྱུ་འབྲས་ཀྱི་ཆ་དང་བཅས་པ་ནི་རང་རྟོགས་དངོས་ཀྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། ལྷ་མི་གཞན་བརྟེན་ལས་ཁྱད་པར་འཕགས་ཚུལ་ལ། འགྲེལ་མེ་ལོང་དགུ་སྐོར་ལས། "ལྷ་མི་གཞན་བརྟེན་པའི་ཐེག་པས་ནི་ལྟ་བ་གང་ཡང་མ་ཤེས་ཏེ་རྟོལ་མེད་པ་མུན་པའི་ཤེས་པས་འདི་ཁོ་ན་ལྟར་བདེན་པར་ངེས་པར་བྱེད་དོ། །རང་རྟོགས་གཤེན་གྱི་ཐེག་པས་ནི་ཕྱི་དང་ནང༌། དོན་དམ་དང་ཀུན་རྫོབ་ཏུ་ཕྱེ་ནས་རྒྱུ་འབྲས་དང་བདེན་པ་གཉིས་སུ་རྟོགས་པས་འཕགས་སོ། །"ཞེས་གསུངས།
༣༽ "ཕྱི་ནང་ལོག་ན་མེད་དེ་གཟུང་འཛིན་བྲལ་བའི་སེམས། །ཉམས་མྱོང་ཤེས་པའི་རྣམ་པ་འདུག་བཅས་ལྟ།།"ཞེས་པས། ཤེས་པ་ལས་མ་རྟོགས་པའི་ཕྱི་རོལ་གྱི་དོན་མེད་ཅིང་བོན་ཐམས་ཅད་གཟུང་འཛིན་གཉིས་མེད་ཀྱི་ཤེས་པའི་བདག་ཉིད་དུ་གྱུར་པ་དེ་ཐུགས་རྗེ་སེམས་དཔའི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། འདིས་གཟུང་འཛིན་གཉིས་སྟོང་འདོད་པས་འོག་མ་ལས་ཁྱད་པར་འཕགས་སོ། །
༤༽ "བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་ལྟ། །"ཞེས་པས། བོན་རྣམས་ཀྱི་ངོ་བོ་སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཆད་ཅིང་སྐྱེ་འགག་དང་བྲལ་ཏེ་ནམ་མཁའ་ལྟར་གནས་པའི་དོན་དེ་ཉིད། གཡུང་དྲུང་སེམས་དཔའ་སྤྲོས་མེད་གྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། འོག་མ་ལས་ཁྱད་འདོན་པ་ལ། མེ་ལོང་ལས། ''ཐུགས་རྗེ་སེམས་དཔའི་ཐེག་པ་ནི། སྣ་ཚོགས་སུ་སྣང་བ་ཐམས་ཅད་ཤེས་པའི་སྐྱེ་མཆེད་ཡིན། ཤེས་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དངོས་པོ་གང་ཡང་མེད་དེ། ཐམས་ཅད་སེམས་སུ་འདུས་པ་ལ་སེམས་དེ་ཡང་དག་པར་བདེན་ནོ་ཟེར་རོ། །འདིས་ནི་ཤེས་པ་ཙམ་དུ་མི་འདོད་དེ་རང་བཞིན་མེད་པའི་དོན་ནོ། །"ཞེས་གསུངས་སོ། །
༥༽ "གཏན་ཚིགས་དང་བཅས་དག་པའི་བོན་ཉིད་ལྟ། །"ཞེས་པས། ཕྱི་ནང་མཚན་ཉིད་འཛིན་པའི་བོན་སྣ་ཚོགས་སུ་སྣང་བ་རྒྱུ་འབྲས་དང་བཅས་པ་འདི་དག་ཐམས་ཅད་རང་ས་ནས་བརྟགས་པས། དངོས་པོ་ཅིར་ཡང་མ་གྲུབ་ཅིང༌། རྣམ་པར་རྟོག་པས་དབེན་པ་འདུག་སྟེ། མ་རིག་པའི་སྐྱེ་མཆེད་ཀྱིས་སྟོང་པའི་བོན་ཉིད། ཡང་དག་པར་དྲི་མ་དང་བྲལ་བར་བལྟ་བ་དེ་བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། དག་པ་གསུམ་གྱི་བོན་ཉིད་ཡེ་ཤེས་སྒྲིབ་མེད་དེ་འོག་མ་བ་ལ་མེད་པས་འཕགས་སོ། །
༦༽ "མཚན་མའི་དངོས་པོ་དག་ལ་ཚད་མས་བརྟག །མཚན་མ་མེད་པའི་བོན་ཉིད་རྟོགས་པ་ཡི། །བྱིན་རླབས་རོལ་པ་མཚན་མ་ལྷ་རུ་བལྟ། །"ཞེས་པས། སྣོད་བཅུད་སྣ་ཚོགས་སུ་སྣང་བའི་མཚན་མ་འདི་དག་ལ་སེམས་དང་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ཏེ། རང་རིག་པ་དང་རྣལ་འབྱོར་གྱི་ཚད་མས་བརྟགས་པས་ལོག་པའི་མ་རིག་པ་ཉོན་མོངས་པའི་རྟོག་པ་མཚན་མ་དང་བྲལ་བའི་བོན་ཉིད་དུ་རྟོགས་ཏེ། དེའི་རོལ་པའི་སྐྱེ་མཆེད་ཤར་བའི་བྱིན་རླབས། ལྷ་ཡི་སྐུ་ཕྱག་རྒྱ་བཞི་དང་ལྡན་པའི་ཡང་དག་པའི་མཚན་མར་བྲལ་བ་དེ་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། འོག་མ་ལ་དག་པ་གསུམ་གྱི་བོན་ཉིད་ཙམ་ལས་མེད་ཅིང༌། འདིས་བོན་ཐམས་ཅད་མཚན་མ་མེད་པར་རྟོགས་ཏེ་དེའི་བྱིན་རླབས་ཀྱང་ལྷ་ཡི་དཀྱིལ་འཁོར་དུ་བལྟ་བས་འཕགས་སོ། །
༧༽ "དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །"ཅེས་པས། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ་རྣམས་སེམས་ཉིད་རང་རིག་པ་ལས་མི་གཞན་པའི་བདག་ཉིད་ཆེན་པོ་དེ་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། སྔ་མས་ཡུལ་དང་ཡུལ་ཅན་དུ་བལྟས་ཏེ་ཤེས་པས་ཡུལ་ལ་ཕར་བཏགས་པར་འདོད་ཅིང༌། འདིས་ནི་མཉམ་པ་ཉིད་ཀྱི་བདག་ཉིད་ཆེན་པོར་འདོད་པས་འཕགས་སོ། །
༨༽ "རྒྱུ་ནི་དག་པའི་དབྱིངས་ཆེན་ནས། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ཤར། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །"ཞེས་པས། རྒྱུ་དག་པའི་དབྱིངས་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་བ་དེ་བསྐྱེད་ཅིང་བཙལ་མི་དགོས་པར་གདོད་ནས་འདུས་མ་བྱས་པ་དང༌། ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་དེ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། རྒྱུ་དག་པའི་དབྱིངས་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་བ་དེ་འོག་མས་མི་འདོད་པས་ཁྱད་པར་འཕགས་སོ། །
༩༽ "གཞི་ཉིད་ཀ་དག་ཆེན་པོ་ལ། །ལྷུན་གྲུབ་ངང་ལྡན་གཏན་ཚིགས་ཀྱིས། །རང་བཞིན་རོལ་པ་ངོ་བོ་ཉིད། །"ཅེས་པས། འཁོར་འདས་ཤེས་བྱ་ཐམས་ཅད་ཡེ་ནས་གཞི་ཀ་དག་གི་ཀློང་དུ་རྫོགས་ཤིང་གནས་ལུགས་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཐིག་ལེ་ཉག་གཅིག་གི་ངང་ལས་ལྷུན་གྱིས་གྲུབ་པའི་རང་རིག་སྟོང་པ་སྣང་གསལ་མ་བཅོས་ཅི་བཞིན་པའི་ངོ་བོ་དེ་ཉིད་ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པའི་རྟོགས་པའི་ལྟ་བ་རུ་བསྟན། འོག་མས་ནི་རྒྱུ་དག་པའི་དབྱིངས་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་བར་འདོད་པས་རྩོལ་བཅས་སུ་འགྱུར་ཞིང་འདིས་ནི་རྩོལ་མེད་ལྷུན་གྲུབ་ཐིག་ལེ་ཉག་གཅིག་གི་ངང་ལས་མི་འདའ་བས་ཁྱད་པར་འཕགས་སོ། །
ཐེག་དགུའི་ལྟ་དོན་ཁྱད་འབྱེད་བཅས། །ཟུར་ཙམ་བཀོད་འདིར་དགེ་མཆིས་ཚེ། །
དོན་གཉེར་སྐྱེས་བུར་ལེགས་སྐྱེས་འབུལ། །ཉེས་འགལ་ནོར་འཁྲུལ་གང་མཆིས་མཐོལ། །
ཐ་ཚན་མུ་ཙུག་སྨར་རོ། །