ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> འདུལ་སྔཊ་རྫོགས་གསུམ། >> གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད།
གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ༧རྣམ་མཁྱེན་སྟོན་པ་གཤེན་རབ།] [ཟླ་ཚེས། 11-05-12] [ཀློག་གྲངས། ]

རིག་པའི་གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་རྣམ་བཞག་སྤྱི་བཤད།


      བཀའ་ལ་ཐོག་མཐའ་བར་བ་གསུམ། །དེ་ཡང་སོ་སོར་དབྱེ་བ་ན། །དང་པོ་ཀུན་རྫོབ་བདེན་གཉིས་གསུངས། །བར་བ་བདེན་གཉིས་དོ་མཉམ་གསུངས། །ཐ་མར་དོན་དམ་བདེན་པར་གསུངས། །དེ་ཡང་མཛད་པ་བཅུ་གཉིས་ཀྱིས། །བསྟན་སྤེལ་ཡན་ཆད་ཀུན་རྫོབ་ཚུལ། །རྗེས་བཞག་ཡན་ཆད་བདེན་གཉིས་ཚུལ། །མྱང་འདས་ཡན་ཆད་དོན་དམ་ཚུལ། །ཐོག་མར་བསྟན་སྤེལ་ཡན་ཆད་ལ། །རྣམ་པ་གཉིས་སུ་འཆད་པ་སྟེ། །རིག་པའི་གནས་དང་བསྟན་པའི་བོན། །ཐོག་མར་རིག་པའི་གནས་ལས་སུ། །དེ་ཡང་རྣམ་པ་ལྔ་རུ་སྟེ། །བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་པ་གཉིས་དང་ལྔ། །དང་པོ་འབྱུང་བའི་གནས་ལྔ་སྟེ། །བར་དུ་འབྱུང་བའི་རྒྱུད་ལྔ་དང་། །ཐ་མར་འབྱུང་བའི་བོན་ལྔ་སྟེ། །དང་པོ་འབྱུང་བའི་གནས་ལྔ་ནི། །བདག་ཉིད་སྐུ་ཡི་རྒྱུད་ལྔ་སྟེ། །ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། །ཡེ་རྗེ་སྨན་ལྷའི་རྒྱལ་པོ་དང་། །ཡེ་དབང་ས་ཡི་རྒྱལ་པོ་དང་། །ཡེ་དཔལ་མཐུ་ཡི་རྒྱལ་པོ་དང་། །རིགས་བཞི་སངས་པོ་ཉིད་དང་ལྔ། །དང་པོ་འབྱུང་བའི་གནས་ལྔ་འོ། །བར་དུ་འབྱུང་བའི་རྒྱུད་ལྔ་ནི། །བསྐལ་སྲིད་འབྱུང་བའི་རྒྱུ་རྐྱེན་ལས། །མངོན་པ་བཟོ་ཡི་རིག་པ་བྱུང་། །ཡེ་རྗེ་རྒྱལ་པོ་བྱ་ཁྱུང་ལས། །འཆད་པ་སྒྲ་ཡི་རིག་པ་བྱུང་། །ཡེ་ཡོད་ནམ་མཁའི་བ་མོ་ལས། །ཀུན་སྐྱོབས་གསོ་བའི་རིག་པ་བྱུང་། །ས་བདག་གསེར་གྱི་རུ་སྦལ་ལས། །ཀུན་མཁྱེན་ཕྱི་ཡི་རིག་པ་བྱུང་། །ཆུ་སྲིན་ཡིད་བཞིན་རྒྱལ་བ་ལས། །ཡིད་བཞིན་ནང་གི་རིག་པ་བྱུང་། །བར་དུ་བྱུང་བའི་རྒྱུད་ལྔ་ཡིན། །ཐ་མར་བྱུང་བའི་བོན་ལྔ་ནི། །དེ་ཡང་རྣམ་པ་བཞི་རུ་སྟེ། །མདོ་འབུམ་གཟུངས་དང་མན་ངག་བཞི། །ཐོག་མར་བཟོ་ཡི་རིག་པ་ལ། །མདོ་འབུམ་གཟུངས་དང་མན་ངག་སྟེ། །དང་པོ་མདོ་ལ་རྣམ་པ་གསུམ། །མངོན་པ་མཛོད་ཆེན་བསྐལ་པའི་མདོ། །སྲིད་པ་སྟོང་རྩིས་སྲིད་པའི་མདོ། །ཆགས་གནས་འཇིག་སྟོངས་འབྱུང་བའི་མདོ། །

      གཉིས་པ་འབུམ་ལ་རྣམ་པ་གསུམ། །བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ། །སྲིད་པ་མི་བུ་རྒྱུད་ཀྱི་འབུམ། །འབྱུང་བ་ཆགས་གནས་འཇིག་སྟོངས་འབུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ཡོད་པ་སྐྱེད་བྱེད་རྟེན་པའི་གཟུངས། །མེད་པ་སྲིད་བྱེད་འཕེལ་བའི་གཟུངས། །སྣང་སྲིད་འཇིག་རྟེན་ཞི་བདེའི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །འབུམ་པ་དབལ་ཆེན་མཐུ་ཡི་རྒྱུད། །འབར་བ་དབལ་ཆེན་ཛོ་ཡི་རྒྱུད། །རམ་པ་དབལ་ཆེན་གཤེད་ཀྱི་རྒྱུད། །ཐམས་ཅད་ཀུན་ལ་སྤྱི་རྒྱུག་པའི། །མངོན་པ་སྤྱི་རྗེ་རིག་པ་ཡིན། །གཉིས་པ་སྒྲ་ཡི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་དང་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །རིག་པ་ཁུ་བྱུག་རྒྱུད་ཀྱི་མདོ། །ཚད་མ་རྣམ་འགྲེལ་ལུང་གི་མདོ། །ཡིད་བཞིན་སྙིང་པོ་མན་ངག་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །ལྷ་སྲིན་འཁྲུག་འབུམ་ནག་པོ་དང་། །སྒྲ་ཚད་རྩོད་འབུམ་ཁྲ་བོ་དང་། །དག་པའི་ལྷ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ལྷ་སྲིན་ཞི་བྱེད་གསང་བའི་གཟུངས། །སྡེ་བརྒྱད་གཟུངས་རིང་ཟློག་པའི་གཟུངས། །དག་པ་ཡེ་ཤེས་ལྷ་ཡི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །བསྐལ་བ་དུས་ཀྱི་འཁོར་ལོ་དང་། །སྲིད་པ་དུས་ཀྱི་འཁོར་ལོ་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །སྒྲ་ཚད་རིག་པའི་བོན་སྡེ་འོ། །
      གསུམ་པ་གསོ་བ་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་སྟེ། །མདོ་འབུམ་གཟུངས་དང་མན་ངག་གསུམ། །ཐོག་མར་མདོ་ལ་རྣམ་པ་གསུམ། །ཁྲི་སྡེ་རིག་པ་དཔྱད་ཀྱི་མདོ། །བདུད་རྩི་ཟིལ་པ་སྨན་གྱི་མདོ། །ཡན་ལག་བརྒྱད་པ་གསང་བའི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །གསོ་བྱའི་ནད་འབུམ་ནག་པོ་དང་། །གསོ་བྱེད་འཚོ་འབུམ་ཁྲ་བོ་དང་། །རྣམ་རྒྱལ་སྨན་འབུམ་དཀར་པོ་དང་། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ཉོན་མོངས་ནད་འཇོམས་རྩི་ཡི་གཟུངས། །བདུད་རྩི་འཁྱིལ་པ་སྨན་གྱི་གཟུངས། །བདུད་རྩི་གསང་བ་ཡོན་ཏན་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །ཡེ་རྗེ་སྨན་ལྷའི་དཀྱིལ་འཁོར་དང་། །བདུད་རྩི་གསང་བའི་སྒྲུབ་པ་དང་། །དུག་འཇོམས་སྔགས་ཀྱི་སྦྱོར་བ་སྟེ། །གསོ་བ་རིག་པའི་བོན་སྡེ་འོ། །
      བཞི་བ་ཕྱི་ཡི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །སྣང་སྲིད་ཀུན་གསལ་གཏོ་ཡི་མདོ། །རིན་ཆེན་ཀུན་གསལ་རྩིས་ཀྱི་མདོ། །གཙུག་ལག་གབ་ཙེ་དཔྱད་ཀྱི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །སྣང་སྲིད་གཏོ་འབུམ་ནག་པོ་དང་། །རིན་ཆེན་ཀུན་འབུམ་ཁྲ་བོ་དང་། །གཙུག་ལག་དཔལ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །སྣང་སྲིད་ཁ་བསྐངས་གཏོ་ཡི་གཟུངས། །རིན་ཆེན་ཀུན་གསལ་རྩིས་ཀྱི་གཟུངས། །གཙུག་ཏོར་དཀར་མོ་གདུགས་ཀྱི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །གབ་རྩེ་བྱང་གླིང་དགུ་བསྐོར་དང་། །ཇུ་ཞགས་སྲིད་པའི་འཁོར་ལོ་དང་། །མན་ངག་དུས་འཁོར་རྩིས་འཛིན་གསུམ། །ཕྱི་ཡི་རིག་པའི་བོན་སྡེ་འོ། །
      ལྔ་བ་ནང་གི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །གདུལ་བྱ་སྲིད་པ་རྒྱུད་ཀྱི་མདོ། །འདུལ་བྱེད་མན་ངག་དོན་གྱི་མདོ། །འདུལ་བ་ཐུགས་རྗེ་ཐབས་ཀྱི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །དྲག་པོའི་ཀླུ་འབུམ་ནག་པོ་དང་། །འདུལ་བའི་ཀླུ་འབུམ་ཁྲ་བོ་དང་། །གཙང་མའི་ཀླུ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །སྡུག་བསྔལ་ཞི་བྱེད་ཐར་བའི་གཟུངས། །བཀྲ་ཤིས་ཕན་བདེ་སྨོན་ལམ་གཟུངས། །ཉོན་མོངས་ཐར་ལམ་བདེ་བྱེད་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །ཡེ་དཔལ་མཐུ་ཡི་རྒྱལ་བོ་དང་། །གདོན་འདུལ་དབང་གི་རྒྱལ་བོ་དང་། །བདུད་འཇོམས་གསང་བའི་བདག་པོ་སྟེ། །ནང་གི་རིག་པའི་བོན་སྡེ་འོ། །དེ་ལྟར་རིག་པའི་གནས་ལྔ་ལ། །སོ་སོ་རྣམ་གྲངས་དབྱེ་བ་ཡི། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །སྤྱི་སྡེ་ཆེན་པོ་དྲུག་ཅུ་སྟེ། །སྒོས་སྡེ་གྲངས་ལས་འདས་པ་ཡི། །རིག་པའི་གནས་སུ་སྟོན་པ་འོ། །
      གཉིས་པ་སྟོན་པའི་བོན་ལས་སུ། །བོན་ལ་རྣམ་པ་གསུམ་དུ་སྟེ། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་སྟེ། །སྒོས་སུ་གསས་མཁར་སུམ་བརྒྱ་དང་། །ཡང་དགོས་ཐེག་པ་རིམ་དགུ་སྟེ། །དེ་ཡང་འདུལ་དང་གཉེན་པོ་གཉིས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་སྟེ། །འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་ལ། །གསས་མཁར་སུམ་བརྒྱ་དྲུག་ཅུ་སྟོན། །མ་རིག་འཁྲུལ་བ་སྒོ་དགུ་ལ། །བོན་སྒོ་ཐེག་པ་རིམ་དགུ་བསྟན། །བོན་སྒོ་ཐེག་པ་རིམ་དགུ་ལ། །རྒྱུ་འབྲས་ཐེག་པ་བརྒྱད་དུ་བསྟན། །ཐོག་མར་རྒྱུ་ཡི་ཐེག་པ་ལ། །ཕྱྭ་སྣང་འཕྲུལ་སྲིད་རྣམ་པ་བཞི། །ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །གཏོ་རབས་ཤིང་ལོ་རྒྱས་པ་དང་། །དཔྱད་རྒྱུད་བདུད་རྩི་ཟིལ་བ་དང་། །ཀུན་རྫོབ་སྒྱུ་འཕྲུལ་འཁོར་ལོ་དང་། །སྨྲང་རྒྱུད་ཆུ་བོ་གཞུང་རིང་བཞི། །དེ་ལ་སོ་སོར་གྱེས་པ་ཡི། །ཕྱྭ་གཤེན་ཐེག་པ་བསམ་མི་ཁྱབ། །གཉིས་པ་སྣང་གཤེན་ཐེག་པ་ལ། །ལྷ་ལ་ཡོན་འབུལ་བགེགས་ལ་གླུད། །གཏོ་ཡི་རྩི་དང་ཕན་གྱིས་སོད། །སྲིད་པ་རབ་འབྱམས་མདོས་བསྐང་སྟེ། །གཏོ་རིགས་སུམ་བརྒྱ་དྲུག་ཅུ་དབྱེ། །གསུམ་པ་འཕྲུལ་གཤེན་ཐེག་པ་ལ། །སྟོབས་ལྔ་ཐབས་དྲུག་ལས་རིམ་གྱིས། །རྫུ་འཕྲུལ་བཅུ་གསུམ་མཐུ་ཡི་རྒྱུད། །བཙོ་དབལ་ཐིས་གསུམ་དྲག་པོ་གསུམ། །རྒྱུད་སྡེ་ཆེན་པོ་བཞི་རུ་དབྱེ། །བཞི་བ་སྲིད་གཤེན་ཐེག་པ་ལ། །ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང་། །འདུར་ཐབས་བཞི་བཅུ་རྩ་གཉིས་སྟེ། །འདི་ཕྱི་ཕན་བདེའི་བོན་སྡེར་དབྱེ། །ལྔ་བ་དགེ་བསྙེན་ཐེག་པ་ལ། །དགེ་བསྙེན་རྒྱུ་འབྲས་དཀའ་སླ་སྟེ། །མདོ་སྡེ་ཆེན་པོ་བརྒྱད་དུ་སྟེ། །སྣོད་བཅུད་འབྱུང་རྫོགས་བསྐལ་པའི་མདོ། །ཆགས་གནས་འཇིག་སྟོངས་འབྱུང་བའི་མདོ། །དྲག་རྩུབ་ཞི་བྱེད་བསྙོམས་པའི་མདོ། །ཐུགས་རྗེ་ཤེས་རབ་དྲྭ་བའི་མདོ། །བསྲུང་ཁྲིམས་ཡོན་ཏན་ངོ་མཚར་མདོ། །སེམས་བསྒྲུབ་སེལ་བུ་དོན་གྱི་མདོ། །བསྐལ་སྲིད་འབྱུང་དེད་ལུང་གི་མདོ། །དེ་ལྟར་མདོ་སྡེ་གཞུང་བརྒྱད་ལ། །མདོ་ཕྲན་ཉིས་བརྒྱ་ལྔ་བཅུ་སྟེ། །དགེ་བསྙེན་ཐེག་པའི་བོན་དུ་དབྱེ། །དྲུག་པ་དྲང་སྲོང་ཐེག་པ་ལ། །འབུམ་སྡེ་བཞི་ཡི་གཟུངས་ལ་འབྲེལ། །གཙང་དག་རྒྱས་པ་ཡུམ་གྱི་འབུམ། །གྱ་དོར་སེལ་མ་ལྷ་ཡི་འབུམ། །བོན་ཉིད་རབ་འབྱམས་སྲིད་པའི་འབུམ། །འགྲོ་འདུལ་ཤེས་རབ་དྲྭ་བའི་འབུམ། །དེ་དག་འབུམ་སྡེ་བཞི་ལས་སུ། །འབུམ་ཕྲན་བརྒྱ་དང་རྩ་བརྒྱད་དབྱེ། །དྲང་སྲོང་ཐེག་པའི་བོན་སྡེ་འོ། །བདུན་པ་ཨ་དཀར་ཐེག་པ་ལས། །སྔགས་སྡེ་ཆེན་པོ་དགུ་རུ་སྟེ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །ཐིས་སྔགས་དབལ་སྔགས་སྤུར་སྔགས་དང་། །དམོད་སྔགས་དྲག་སྔགས་ངན་སྔགས་སྟེ། །གསང་བ་སྔགས་ཀྱི་སྡེ་དགུ་ལས། །ཡན་ལག་སུམ་བརྒྱ་དྲུག་ཅུ་དབྱེ། །ཨ་དཀར་ཐེག་པའི་བོན་སྡེ་འོ། །བརྒྱད་པ་ཡེ་གཤེན་ཐེག་པ་ལ། །ལྟ་སྒོམ་སྤྱོད་འབྲས་བཞི་རུ་དབྱེ། །རྒྱུད་ལ་མན་ངག་སྤྱི་ཁོག་དབུགས། །རྩ་རླུང་ཐིག་ལེ་བདེ་དྲོད་སྦྱར། །མན་ངག་གནད་དོན་བསམ་མཐའ་ཡས། །ཡེ་གཤེན་ཐེག་པའི་བོན་སྡེ་འོ། །དགུ་བ་བླ་མེད་ཐེག་པ་ལ། །ཐེག་བརྒྱད་སྤྱི་ལ་ཁྱབ་པ་སྟེ། །གཡུང་དྲུང་སྤྱི་ལུང་ཆེན་པོ་ཡིན། །དེ་ལྟར་གནས་ལྔ་ཐེག་པ་དགུ། །དང་པོར་གསུངས་པའི་བཀའ་ལུང་ངོ་། །བར་བ་བདེན་གཉིས་གསུང་ཚུལ་ལས། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། །
      སྒོ་བཞི་མཛོད་ལྔའི་རིམ་པ་ནི། །དཔོན་གསས་མན་ངག་ལུང་གི་སྒོ། །ཆེན་པོ་ལྔ་རུ་དབྱེ་བ་སྟེ། །གསས་མཁར་ཆེན་པོ་དབྱེ་བ་དང་། །སྤྱི་ལུང་ཆེན་པོར་དབྱེ་བ་དང་། །ཐེག་པ་ཆེན་པོར་དབྱེ་བ་དང་། །རྫོགས་པ་ཆེན་པོར་དབྱེ་བ་དང་། །རྒྱུད་ལུང་ཆེན་པོར་དབྱེ་བ་འོ། །ཆབ་ནག་སྲིད་པ་རྒྱུད་ཀྱི་སྒོ། །རྒྱུད་སྡེ་བཅུ་རུ་དབྱེ་བ་སྟེ། །གཏོ་རྒྱུད་ཤིང་ལོ་རྒྱས་པ་དང་། །དཔྱད་རྒྱུད་བདུད་རྩི་ཟིལ་བ་དང་། །སྨྲང་རྒྱུད་ཆུ་བོ་གཞུང་རིང་དང་། །སེལ་རྒྱུད་དྲྭ་མ་གཞུང་བཞི་དང་། །ལྷ་རྒྱུད་ཐུགས་དཀར་ཕྱྭ་རབས་དང་། །མཐུ་རྒྱུད་སྒྲ་བླ་གཉེན་མཁར་དང་། །སྲིད་རྒྱུད་ཡེ་རྗེ་སྨོན་རྫོང་དང་། །གསང་རྒྱུད་བ་བཱ་སང་དེ་དང་། །དབང་རྒྱུད་ལྷ་རབས་འོད་དཀར་དང་། །སྐོས་རྒྱུད་རབ་འབྱམས་འཁོར་ལོ་སྟེ། །སྲིད་པ་རྒྱུད་ཀྱི་བོན་སྡེ་འོ། །འཕན་ཡུལ་རྒྱས་པ་འབུམ་གྱི་སྒོ། །བོན་སྡེ་ཆེན་མོ་བཅུ་གཉིས་ཏེ། །བྱེ་མ་ཉི་ཁྲི་ཆུ་ཡི་འབུམ། །ཤེས་རབ་ཕར་ཕྱིན་ཡུམ་གྱི་འབུམ། །ཁམས་བརྒྱད་རིག་པ་གཏན་འབེབས་འབུམ། །མུ་ཏྲ་འཕྱོ་བཞི་བྱ་བྱེད་འབུམ། །ཡེ་གཤེན་བཀོད་པ་དོན་གྱི་འབུམ། །གཡུང་དྲུང་ས་བཅུ་ལམ་གྱི་འབུམ། །རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། །དགེ་རྒྱས་ཚོགས་ཆེན་ཡོན་ཏན་འབུམ། །ཕུན་སུམ་ཚོགས་པ་བདལ་བའི་འབུམ། །མངོན་རྟོགས་རིག་པ་རྩེ་མོའི་འབུམ། །ཡེ་ཤེས་ཉི་མ་དགུ་ཤར་འབུམ། །གསང་བའི་ཡེ་ཤེས་དོན་གྱི་འབུམ། །འབུམ་སྡེ་ཆེན་པོ་བཅུ་གཉིས་ལ། །འདོན་མཆོད་འབུམ་ཕྲན་གཉིས་སུ་དབྱེ། །འཕན་ཡུལ་རྒྱས་པའི་བོན་སྡེ་འོ། །ཆབ་དཀར་དྲག་པོ་སྔགས་ཀྱི་སྒོ། །རྒྱུད་ལུང་མན་ངག་གསུམ་དུ་དབྱེ། །རྒྱུད་ལ་རྣམ་པ་གསུམ་དུ་དབྱེ། །ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ། །ལུང་ནི་རྣམ་པ་གཉིས་སུ་སྟེ། །སྤྱི་ལུང་ཕུན་སུམ་ཚོགས་པ་དང་། །སྒོས་ལུང་གསལ་བའི་སྒྲོན་མེ་འོ། །མན་ངག་རྣམ་པ་གསུམ་དུ་སྟེ། །བསྙེན་བསྒྲུབ་ལས་དང་གསུམ་དུ་འོ། །དེ་ལྟར་རྒྱུད་ལུང་མན་ངག་ལ། །སོ་སོར་དབྱེ་བ་གྲངས་ལས་འདས། །ཆབ་དཀར་སྔགས་ཀྱི་བོན་སྡེ་འོ། །སྒོ་བཞི་སྤྱི་ལ་རྒྱུག་པ་ཡི། །མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་སྒོ། །མདོ་སྡེ་བཞི་རུ་དབྱེ་བ་སྟེ། །དུས་གསུམ་གཤེན་རབ་འབྱུང་ཁུངས་མདོ། །ཁམས་གསུམ་སེམས་ཅན་སྐྱེ་འཆི་དང་། །སྣོད་བརྟེན་འབྱུང་བ་ཆགས་འཇིག་དང་། །བླ་མེད་གོ་འཕང་སྒྲུབ་ཐབས་དང་། །མདོ་སྡེ་ཆེན་པོ་ཟུང་བཞི་ལ། །སོ་སོར་དབྱེ་བ་བཞི་བཅུ་སྟེ། །འདུས་པ་བརྒྱ་དང་དྲུག་ཅུ་སྟེ། །མདོ་ཕྲན་སྟོང་དང་རྩ་གཉིས་ནི། །མཐོ་ཐོག་མཛོད་ཀྱི་བོན་སྡེ་འོ། །དེ་ལ་སོ་སོར་དབྱེ་བ་ནི། །མདོ་འབུམ་གཟུངས་དང་རྣམ་པ་གསུམ། །རྒྱུད་ལུང་མན་ངག་གསུམ་དང་དྲུག །བཀའ་རྒྱུད་ཟུང་གསུམ་ཡ་དྲུག་སྟེ། །སྡེ་སྣོད་ཟུང་གསུམ་ཡ་དྲུག་དང་། །ཟུང་འབྲེལ་བཅུ་གཉིས་སྤྱི་རུ་ཁྱབ། །བར་བ་བདེན་གཉིས་ཟུང་འབྲེལ་བོན། །བར་དུ་གསུངས་པའི་བཀའ་ལུང་ངོ་། །
      ཐ་མ་ཕྱི་ནང་གསང་གསུམ་སྟེ། །ཕྱི་རྒྱུད་འདུལ་བ་ཁྲིམས་ཀྱི་སྡེ། །ནང་རྒྱུད་གསང་བ་སྔགས་ཀྱི་སྡེ། །གསང་རྒྱུད་བླ་མེད་དོན་གྱི་སྡེ། །ཡང་དག་དོན་དུ་གསུངས་པ་སྟེ། །བཀའ་ལུང་ཐོག་མཐའ་བར་གསུམ་མོ། །དེ་ལྟར་བཀའ་ཡི་བསྡུ་བ་ལས། །དེ་ལྟ་བསྟན་པ་རྗེས་བཞག་དུས། །གསོ་བ་རིག་པའི་སྡེ་ལྔ་དང་། །བོན་སྒོ་ཐེག་པ་རིམ་དགུ་དང་། །གསས་མཁར་སུམ་བརྒྱ་དྲུག་ཅུ་དང་། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་རྣམས། །ཐབས་དང་ཤེས་རབ་ཟུང་འབྲེལ་བས། །མི་བརྗེད་གཟུངས་ཐོབ་གཤེན་རྣམས་དང་། །འཕྲུལ་གྱི་ཡི་གེ་མཁན་རྣམས་ཀྱིས། །རིན་ཆེན་སྣ་ལྔའི་གླེགས་བམ་བརྩོམ། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། །ཕྱི་རབས་འགྲོ་བ་དྲང་ཕྱིར་དུ། །བསྟན་པ་རྗེས་སུ་བཞག་པར་བྱ། །

ཞེས་པ་འདི་ནི༼མདོ་དྲི་མེད་གཟི་བརྗིད༽ལས་ཚན་བཤུས་ཏེ་བཀོད་པ་ཡིན།

༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དྲན་དེབ་ཟིན་ཐོ༽ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག