ཞང་ཞུང་སྨར་གྱི་སྐད་དུ་ན། ཨཱི་ཐི་ཀུ་ཡིག་ཁྲི་རྩེ་ཨུ་པ་ཏན་ཏྲ་ཐད་དོ་ཅི། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང༌། ཐིག་ལེ་ཉག་གཅིག་ཨེ་མ་ཧོ། །ཀུན་ཏུ་བཟང་པོ་རང་འབྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ།།༡༽འདི་སྐད་བདག་གིས་བསྟན་པའི་དུས་ཅིག་ན། གནས་འོག་མིན་བོན་ཉིད་ཀྱི་དབྱིངས་ན། ༢༽ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ། ཅིར་ཡང་མཚོན་དུ་དཀའ་སྟེ། གདོད་ནས་བརྗོད་མེད་ཆེན་པོར་བཞུགས་སོ། །དེའི་ངང་ལས། ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ། ཐུགས་རྗེ་ཀུན་ལ་སྙོམས་པར་བཞུགས་སོ། །ཐུགས་ཉིད་མ་གཡོས་པའི་ངང་ལས། །གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ། །སེམས་ཅན་གཞན་ལ་ཚད་མེད་པའི་སྙིང་རྗེ་ཤར་རོ། །ཚད་མེད་པའི་སྙིང་རྗེ་དེས། །སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་མེད་པར་གྱུར་ཏོ། །སྙིང་རྗེ་དེ་ཉིད་ཐུགས་རྗེའི་བདག་ཉིད་དུ་སངས་རྒྱས་པའི་རྟགས་སུ། །སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་ཆུ་ཟླའི་དཀྱིལ་འཁོར་ལྟར་གསལ་ལ་འཚེར་བ། །སྐུ་སྣང་ལ་རང་བཞིན་མེད་པ། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། །འཁོར་དང་ཞིང་ཁམས་དང་བཅས་པར་གྱུར་ཏེ། །དེའི་ཐུགས་རྗེའི་འོད་ཟེར་ལས། ཐུགས་རྗེ་མ་འགགས་པའི་རྩལ་དུ། །རིག་པ་འོད་ཀྱི་ཁྱེའུ་ཆུང་ཞེས་ཀྱང་བྱ། །གཤེན་ཚད་མེད་འོད་ལྡན་ཞེས་བྱ་བ་བྱུང་སྟེ། །ཡེ་ཅི་བཞིན་པའི་སངས་རྒྱས་རིག་པ་རང་སྣང་ཅན་དང་ཐབས་ཅིག་ཏུ་བཞུགས་སོ།། ༣༽དེའི་ཚེ་གཤེན་ཚད་མེད་འོད་ལྡན་ཅིར་ཡང་སྤྲུལ་པའི་སྟོན་པ་གྱིས། །སྟོན་པ་བླ་ན་མེད་པའི་མཆོད་པ་ཕུལ་ཏེ། །ཐུགས་ཀྱི་མཛོད་བསྐུལ་ནས་ཞུས་པ། །སྟོན་པ་ཐུགས་རྗེའི་མངའ་བདག་ལགས། །འགྲོ་བ་ཐུགས་རྗེས་བཟུང་སླད་དུ། །ཉོན་མོངས་འཁྲུལ་པའི་སེམས་ཅན་རྣམས། མ་རིག་མུན་པས་བསྒྲིབས་པ་ལ། །རང་རིག་ཡེ་ཤེས་བསྟན་དུ་གསོལ། །ཅེས་ཞུས་པས། ༢༽སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ་ཀུན་ཏུ་བཟང་པོས་ཚིག་ཏུ་རྡུལ་ཙམ་ཡང་གསུངས་པ་མེད་དེ། ཏིང་ངེ་འཛིན་དགོངས་པའི་ངང་ནས་གསུངས་སོ། །རང་འབྱུང་ཀ་དག་ཡེ་སངས་རྒྱས། །བོན་དང་བོན་ཅན་ཐམས་ཅད་ཀྱང༌། །རང་གི་སེམས་ཡིན་གཞན་མིན་པས། ཐམས་ཅད་རང་འབྱུང་ཉིད་དུ་ལྟོས། ཞེས་གསུངས་པས། འཁོར་རྣམས་རང་རིག་པའི་ཡེ་ཤེས་རང་ལས་ཤར་ཏེ། རང་འབྱུང་གི་ཡེ་ཤེས་རང་གིས་རྟོགས་པར་གྱུར་ཏོ། ཡང་གསུངས་པ། ཀ༽རང་རིག་གཉུག་མ་ཀུན་གྱི་གཞི། གཡུང་དྲུང་གི་ཚིག་རྐང་བཅུ་གཉིས་ཀྱི་མདོར་བསྟན། ཁ༽རྩོལ་བྲལ་བགྲོད་མེད་ལྷུན་རྫོགས་ལམ། ག༽ཅི་བཞིན་ལྷུན་གྲུབ་འབྲས་བུ་སྟེ། ང༽ཡང་དག་དོན་ལ་ལྟ་རུ་མེད། ཅ༽ཡང་དག་དོན་ལ་སྒོམ་དུ་མེད། ཆ༽ཡང་དག་དོན་ལ་སྤྱོད་དུ་མེད། ཇ༽སེམས་ཀྱི་དཔེ་ནི་ནམ་མཁའ་འདྲ། ཉ༽སེམས་ཀྱི་རྟགས་ནི་སེམས་ཉིད་ཡིན། ཏ༽སེམས་ཀྱི་དོན་ནི་བོན་ཉིད་དོ། ཐ༽སྐྱེ་བ་མེད་པའི་བོན་དབྱིངས་ན། ད༽འགག་པ་མེད་པའི་ཡེ་ཤེས་གནས། ན༽སྐྱེ་འགག་གཉིས་མེད་ཐིག་ལེ་གཅིག །གླེང་གཞིའི་ལེའུའོ། །བྱང་སེམས་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཀ༽རྒྱས་པར་བསྟན་ཏེ་བཤད་པ་ལ། །སེམས་ཉིད་སྟོང་པ་ཀ་ནས་དག །སེམས་ཉིད་སྟོང་པ་འོད་དུ་གསལ། །འོད་གསལ་སྟོང་པ་གདོད་ནས་དག །འཁོར་འདས་གཉིས་ཀྱི་གཞི་མར་གྱུར། །འཁོར་འདས་གཉིས་སུ་གྱེས་པ་མེད། །དེ་ཉིད་རང་བཞིན་མེད་པར་ཤེས། །རྟོགས་པས་ཀུན་བཟང་ཡེ་སངས་རྒྱས། །དེ་མ་ཡིན་ལ་དེར་བཟུང་ནས། །གཟུང་འཛིན་གཉིས་སུ་སྤྱད་པ་ཡིས། །མ་རྟོགས་སེམས་ཅན་འཁོར་བར་འཁྱམས། །ལམ་ལྔ་རྒྱུ་དྲུག་སོ་སོ་དང༌། །སྐུ་དང་ཞིང་ཁམས་ཐམས་ཅད་དང༌། །འཁོར་བ་དང་ནི་མྱང་འདས་གཉིས། །ཐམས་ཅད་བྱང་ཆུབ་སེམས་ལས་བྱུང༌། །ཉོན་མོངས་དུག་ལྔ་ང་ཡི་སེམས། །དུག་ལྔ་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དུག་ལྔ་ཡེ་ནས་རྣམ་པར་དག །ཡེ་ཤེས་ལྔའི་རང་བཞིན་ཡིན། །རང་འབྱུང་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཁ༽སེམས་ཀྱི་མཚན་ཉིད་གང་ཡིན་པ། །ཡང་དག་ངེས་པར་བསྟན་པར་བྱ། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད། །བྱང་ཆུབ་སེམས་ལ་བཅོས་སླད་མེད། །བྱང་ཆུབ་སེམས་ལ་གདགས་སུ་མེད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །སེམས་ཀྱི་སྐུ་ནི་མཚོན་དུ་མེད། །སེམས་ཀྱི་གསུང་ནི་རང་བཞིན་མེད། །སེམས་ཀྱི་ཐུགས་ནི་མཚན་མ་མེད། །སེམས་ཀྱི་ཡོན་ཏན་མི་ཟད་པ། །སེམས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ། །ལྷུན་གྲུབ་སེམས་ལ་འབད་རྩོལ་མེད། །རྩོལ་བས་བྱས་པ་སངས་རྒྱས་མེན། །ཚིག་གི་ལམ་དང་དོན་གྱི་ལམ། །ཚིག་གི་ལམ་གྱིས་དོན་ལ་སྦྱོར། །དོན་གྱི་ལམ་ལ་བགྲོད་དུ་མེད། །བགྲོད་མེད་རྩོལ་བྲལ་ལྷུན་ལ་རྫོགས། །རྩོལ་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ག༽སེམས་ཉིད་གདོད་ནས་ཡེ་སངས་རྒྱས། །དང་པོ་ཡེ་ཤེས་རྒྱུ་མེད་པས། །རྒྱུ་ལས་སྐྱེས་པའི་ཡེ་ཤེས་མིན། །རང་གསལ་ཡེ་ཤེས་ཉག་གཅིག་མ། །ཀུན་ཏུ་བཟང་པོའི་ཐུགས་ཉིད་ཡིན། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ། །འདས་དང་མ་བྱུང་ད་ལྟར་གསུམ། །རྟོགས་པ་སྔ་ཕྱིའི་ཁྱད་པར་ལས། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །བྱང་ཆུབ་སེམས་ལ་རྒྱུ་མེད་པས། །རྒྱུ་ལས་སྐྱེས་པའི་འབྲས་བུ་མིན། །རྩོལ་བྲལ་ནམ་མཁའ་ལྟ་བུར་གནས། །སེམས་ཉིད་ནོར་བུ་རིན་པོ་ཆེ། །གཞན་ནས་བཙལ་བས་མི་རྙེད་དེ། །སེམས་ཀྱིས་སེམས་ལ་བཙལ་བར་བྱ། །བཙལ་བས་རྙེད་པར་མི་འགྱུར་ཏེ། །མ་བཙལ་བར་ཡང་སྟོར་བྲལ་མེད། །རྒྱུ་མེད་འབྲས་བུ་བྱང་ཆུབ་སེམས། །རྩོལ་བྲལ་ནམ་མཁའ་ལྟ་བུའི་དོན། །རྟོགས་ཤིང་ཁོང་དུ་ཆུད་གྱུར་ན། །དེ་དག་མཐར་ཕྱིན་བརྟན་པ་ཐོབ། །འབྲས་བུ་ཀུན་གྱི་བདག་ཉིད་ཡིན། །དང་པོའི་སངས་རྒྱས་རྒྱུ་མེད་པས། །རྒྱུ་ལས་བྱུང་བའི་སངས་རྒྱས་མིན། །གདོད་མ་ཉིད་ནས་ཡེ་སངས་རྒྱས། །སྐུ་གསུམ་རང་འབྱུང་ལྷུན་གྱིས་གྲུབ། །ལྷུན་གྲུབ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ང༽སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །ཐམས་ཅད་བྱང་ཆུབ་སེམས་སུ་རྫོགས། །དེ་ཕྱིར་རྫོགས་པ་ཆེན་པོ་ཡིན། །རྫོགས་ཆེན་ཟབ་མོའི་དོན་ལ་ལྟ། །འདི་ཞེས་བྱ་བར་ལྟ་རུ་མེད། །ལྟས་པས་མཐོང་བར་མི་འགྱུར་ཏེ། །མ་མཐོང་པ་ཉིད་མཐོང་བའི་མཆོག །ཀུན་ཏུ་བཟང་པོའི་ལྟ་བ་ནི། །འདི་ཞེས་བྱ་བར་མ་གསུངས་ཏེ། །ཅི་ཡང་འཆར་ཅིང་ཅིར་ཡང་སྣང༌། །གང་ཡིན་གང་མིན་ཅིར་ཡང་མིན། །བྱང་སེམས་ཀ་དག་འདུས་མ་བྱས། །རྒྱ་ཆད་ཕྱོགས་ལྷུང་རིས་ཆད་སོགས། །མུ་བཞི་གང་གི་མཐས་མ་རེག །ཐ་དད་རྟག་པར་འཛིན་པ་དང༌། །སྟོང་པ་ཕྱལ་ཆད་འཛིན་པ་དང༌། །གཟུང་འཛིན་གཉིས་སུ་ལྟ་བ་དང༌། །རོལ་པའི་སྣང་བ་བཀག་པས་ཆད། །མཐའ་བྲལ་དབུ་མའི་དོན་འཛིན་པ། །མཐའ་བཞི་གསལ་བའི་དགོངས་པའོ། །མཐའ་བྲལ་ཆེན་པོ་ལྟ་བའི་མཆོག །འདི་ནི་ལྟ་བའི་རྒྱལ་པོ་སྟེ། །སྤྱི་གཅོད་ཀུན་གྱི་ཐུན་མོང་མིན། །མཐའ་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཅ༽རྫོགས་ཆེན་ཟབ་མོའི་དོན་ལ་སྒོམ། །འདི་ཞེས་བྱ་བ་སྒོམ་དུ་མེད། །སྒོམ་པས་གསལ་བར་མི་འགྱུར་ཏེ། །མ་སྒོམ་བར་ཡང་གསལ་འགྲིབ་མེད། །ཀུན་ཏུ་བཟང་པོའི་དགོངས་པ་ནི། །སོ་མ་རང་ལུགས་མ་བཅོས་པ། །མ་བཅོས་གཉུག་མ་རང་ས་ཟིན། །སྒོམ་དུ་མེད་ཅིང་ཡེངས་སུ་མེད། །སྒོམ་དུ་མེད་པའི་སེམས་ཉིད་ལ། །ཡེངས་སུ་མེད་པའི་གཟེར་གྱིས་བཏབ། །རང་རིག་གསལ་སྟོང་འདུ་འབྲལ་མེད། །འཁོར་འདས་གཉིས་མེད་མཉམ་པར་གནས། །གཉུག་མའི་ངང་ཐག་རྒྱུན་མི་བཅད། །སྒོམ་དུ་མེད་པ་སྒོམ་པའི་མཆོག །སྒོམ་མེད་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཆ༽རྫོགས་ཆེན་ཟབ་མོའི་དོན་ལ་སྤྱད། །འདི་ཞེས་བྱ་བ་སྤྱད་དུ་མེད། །ལྟ་སྒོམ་མ་དང་མ་བྲལ་བར། །སྐྱེ་མེད་སྤྲོས་བྲལ་ཆེན་པོ་ལ། །འབྲལ་མེད་སྤྱོད་པ་སྤྱོད་པ་ཡིན། །བཅོས་པའི་སྤྱོད་པ་སྤྱོད་པ་མིན། །མ་བཅོས་དགག་སྒྲུབ་མེད་པ་རུ། །ལྟ་སྤྱོད་ཟུང་དུ་འབྲེལ་བ་ན། །རོལ་པའི་སྤྱོད་པ་རྫོགས་ཆེན་རྒྱན། །ཅི་ལྟར་སྤྱད་ཀྱང་རྣམ་པར་དག །པདྨ་བཞིན་དུ་སྐྱོན་མ་གོས། །བླང་དོར་མེད་པ་སྤྱོད་པའི་མཆོག །སྤྱོད་མཆོག་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཇ༽བྱང་ཆུབ་སེམས་ནི་དཔེའི་མཚོན། །དཔེའི་ནམ་མཁའ་འདུ་མ་བྱས། །ནམ་མཁའ་སྟོང་པའི་ངང་ཉིད་ལས། །གཞའ་སྤྲིན་ཁུ་རླངས་སྣ་ཚོགས་དང༌། །ཅི་ཡང་འཆར་ཅིང་ཅིར་ཡང་སྣང༌། །ནམ་མཁའི་ངང་དུ་གནས་ཤིང་ཐིམ། མཐའ་དབུས་མདོག་དབྱིབས་ཕྱོགས་རིས་བྲལ། །ཡང་དག་དོན་ལ་མཚོན་དུ་མེད། །མཚོན་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཉ༽བྱང་ཆུབ་སེམས་ཀྱི་གཏན་ཚིགས་ནི། །དམན་པའི་སེམས་ཀྱིས་མི་ཤེས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱའོ། །ངང་དང་རང་བཞིན་བདག་ཉིད་གསུམ། །ངང་ནི་རིག་པ་ཅིར་ཡང་གསལ། །རང་བཞིན་རིག་པ་ཅི་ཡང་སྟོང༌། །བདག་ཉིད་གསལ་སྟོང་གཉིས་སུ་མེད། །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །སེམས་ཉིད་སྟོང་པ་རྩ་བྲལ་ལ། །སེམས་དང་སེམས་འབྱུང་ཅི་ཤར་ཡང༌། །སེམས་ཉིད་ངང་དུ་གནས་ཤིང་ཐིམ། །སེམས་ཉིད་གཟུང་འཛིན་མཐའ་དང་བྲལ། །མཁའ་ལ་ཉི་མ་ཤར་བ་འདྲ། །གསལ་སྟོང་ཟུང་འཇུག་དབྱེ་རུ་མེད། །དབྱེར་མེད་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཏ༽དོན་དམ་བོན་ཉིད་སྐྱེ་བ་མེད། །སྐྱེ་བ་མེད་པའི་བོན་དབྱིངས་ནས། །བོན་དང་བོན་ཅན་ཐམས་ཅད་ཀྱང༌། །ཅི་ཡང་འཆར་ཞིང་ཅིར་ཡང་སྣང༌། །བོན་ཉིད་ངང་དུ་གནས་ཤིང་ཐིམ། །བོན་ཉིད་དོན་ལ་སྐྱེ་འགག་མེད། །བོན་ཉིད་དོན་ལ་ཕྱོགས་རིས་མེད། །བོན་ཉིད་དོན་ལ་བརྗོད་དུ་མེད། །བརྗོད་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཐ༽དབྱིངས་དང་ཡེ་ཤེས་མཚན་ཉིད་ནི། །དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ། །བོན་ཉིད་དབྱིངས་ལ་སྐྱེ་བ་མེད། ད༽ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །འོད་གསལ་ཡེ་ཤེས་འགག་པ་མེད། ན༽སྐྱེ་འགག་གཉིས་མེད་ཐིག་ལེ་གཅིག ཐིག་ལེ་ཉག་གཅིག་བོན་གྱི་སྐུ། །བོན་གྱི་སྐུ་ལ་མཚོན་དུ་མེད། །མཚོན་མེད་ངང་ལས་ཡེ་ཤེས་ཤར། །སྟོང་ཉིད་ཡེ་ཤེས་ཕྱོགས་རིས་མེད། །མེ་ལོང་ཡེ་ཤེས་གསལ་འགྲིབ་མེད། །མཉམ་ཉིད་ཡེ་ཤེས་མཐོན་དམན་མེད། །སོར་རྟོགས་ཡེ་ཤེས་མ་འདྲེས་གསལ། །བྱ་གྲུབ་ཡེ་ཤེས་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །རྒྱན་དང་ཆ་ལུགས་མཚན་དཔེ་ལྡན། །འཁོར་དང་ཞིང་ཁམས་ལྷུན་གྱིས་གྲུབ། །རྫོགས་པའི་སྐུ་ལས་ཐུགས་རྗེ་ཤར། །གང་ལ་གང་འདུལ་སྤྲུལ་པར་སྟོན། །སྣ་ཚོགས་སྤྲུལ་སྐུས་འགྲོ་དོན་མཛད། །སྐུ་གསུམ་རང་བཞིན་ལྷུན་ལ་རྫོགས། །སྐུ་གསུམ་ལྷུན་རྫོགས་ཆེན་པོ་ལ། །སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད། །གསས་མཁར་ལྷུན་རྫོགས་ཆེན་པོ་ལ། །བསྐྱེད་བྱ་སྐྱེད་བྱེད་ཅི་ཡང་མེད། །བོན་ཉིད་ལྷུན་རྫོགས་ཆེན་པོ་ལ། །རྫོགས་བྱ་རྫོགས་བྱེད་ཅི་ཡང་མེད། །དམ་ཚིགས་ཡེ་བསྲུང་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་ཅི་ཡང་མེད། །ཡེ་དབང་སེམས་ལ་རྫོགས་པ་ལ། །དབང་ནི་འཐོབ་བྱ་ཐོབ་བྱེད་མེད། །དངོས་གྲུབ་རྒྱ་མཚོ་ཆེན་པོ་ལ། །དངོས་གྲུབ་འཐོབ་བྱ་ཐོབ་བྱེད་མེད། །འོད་གསལ་ལྷུན་རྫོགས་ཆེན་པོ་ལ། །སའི་རིམ་པ་ཅི་ཡང་མེད། །རྩོལ་བྲལ་ལྷུན་རྫོགས་ཆེན་པོ་ལ། །ལམ་གྱི་རིམ་པ་ཅི་ཡང་མེད། །རང་འབྱུང་ལྷུན་རྫོགས་ཆེན་པོ་ལ། །འབྲས་བུའི་བྱེ་བྲག་ཅི་ཡང་མེད། །ཐམས་ཅད་རྫོགས་པ་ཆེན་པོ་ལ། །ཐེག་པའི་རིམ་པ་ཅི་ཡང་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །ངང་ལ་ངང་གིས་གནས་པ་ནི། །ནོར་བུ་ཆུ་གདངས་བཞིན་དུ་གསལ། །ངང་གསལ་ཉག་གཅིག་བྲི་བ་མེད། །མཐའ་བྲལ་ཐིག་ལེ་ཉག་གཅིག་ཡིན། །ཐིག་ལེ་ཉག་གཅིག་བོན་གྱི་སྐུ། །ཐམས་ཅད་བོན་སྐུར་རྟོགས་པ་ན། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །ཕྱོགས་རིས་མེད་ན་ལྟ་བ་ཡིན། །མཉམ་ཉིད་རྟོགས་ན་སྒོམ་པ་ཡིན། །བླང་དོར་མེད་ན་སྤྱོད་པ་ཡིན། །རེ་དོགས་མེད་ན་འབྲས་བུ་ཡིན། །གཟུང་འཛིན་མེད་ན་རྟོགས་པ་ཡིན། །སེམས་ཉིད་རྟོགས་པའི་རྣལ་འབྱོར་པ། །ཁྱུང་དང་སེང་གེའི་བུ་བཞིན་དུ། །རྒྱ་གསུམ་རལ་ནས་རྩལ་གསུམ་རྫོགས། །རྟོགས་པ་མངོན་གྱུར་སངས་རྒྱས་ཉིད། །བསྒྲུབ་པ་མེད་པར་ལྷུན་གྱིས་གྲུབ། །རྩོལ་བ་མེད་པར་རང་ས་ཟིན། །སངས་པ་མེད་པར་ཉོན་མོངས་སངས། །རྒྱས་པ་མེད་པར་ཡེ་ཤེས་རྒྱས། །ཕྱིན་པ་མེད་པར་མཐའ་རུ་ཕྱིན། །སྒྲིབ་གཡོགས་མེད་པར་ཐམས་ཅད་གསལ། །འདས་པ་མེད་པར་མྱ་ངན་འདས། །མྱང་འདས་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། རྒྱུད་ཀྱི་ཆེ་བ་བརྗོད་པ་དང༌། །རྒྱུད་ཡོངས་སུ་གཏད་པའོ། །ཡང་སྟོན་པས་གསུངས་པ། །རྫོགས་པ་ཆེན་པོ་བྱང་སེམས་ཐིག་ལེ་ཉག་གཅིག་འདི། །རྒྱུད་རྣམས་ཀུན་གྱི་རྒྱལ་པོ་སྟེ། །ལུང་རྣམས་ཀུན་གྱི་རྩ་བ་ཡིན། །མན་ངག་ཀུན་གྱི་སྙིང་ཁུ་ཡིན། །བརྒྱད་ཁྲི་བཞི་སྟོང་མཐར་ཐུག་ཡིན། །ཐེག་པ་དགུའི་ཡང་རྩེ་ཡིན། །ཀུན་ཏུ་བཟང་པོའི་དགོངས་པ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཚིག་ཏུ་རྡུལ་ཙམ་གསུང་པ་མེད། །མ་གསུང་མི་གསུང་གསུང་མི་འགྱུར། །དེའི་ཕྱིར་ཡང་དཀོན་པའོ། སྟོན་པ་ངས་ཀྱང་མ་བཤད་དེ། མ་བཤད་མི་བཤད་བཤད་མི་འགྱུར། དེ་ཡི་ཕྱིར་ཡང་དཀོན་པའོ། །སེམས་ཅན་བློ་ལ་མི་སྣང་དེ། །ནམ་མཁའ་རྒྱ་མཚོའི་ཚུལ་བཞིན་དུ། །རྒྱ་ཆེ་གཏིང་ཟབ་ཆ་ཕྲ་བས། །རྟོགས་པར་དཀའ་ཞིང་རིག་པར་དཀོན། །ཚིག་དང་ཡི་གེར་མི་བཞུགས་ཏེ། །དེའི་ཕྱིར་ཡང་དཀོན་པའོ། སྟོན་པ་ངས་ཀྱང་མ་བཤད་དེ། མ་བཤད་མི་བཤད་བཤད་མི་འགྱུར། དེ་ཡི་ཕྱིར་ཡང་དཀོན་པའོ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་འབྱུང་སྟེ་ཤིན་ཏུ་དཀོན། །དེའི་ཕྱིར་ཁྱེད་ལ་གདམས་པར་བྱ། །ཤིན་ཏུ་གཉན་ཅིང་གཅེས་པར་ཟུངས། །རང་རིག་ཡེ་ཤེས་བདེར་གཤེགས་ཀུན་གྱི་ཐུགས། །མ་ཡེངས་མ་བརྗེད་སེམས་ཀྱི་དཀྱིལ་དུ་ཞོགས། །འདི་ཉིད་འདིའི་དོན་རྣམས་རྟོགས་པར་གྱིས། །འདི་ནི་གསང་བའི་མན་ངག་སྟེ། །ཤིན་ཏུ་གསང་བས་གསང་པའོ། །ཡང་གསང་བླ་ན་མེད་པའོ། །ནོར་བུ་ཆུ་སྲིན་ཁར་ཆུད་ལྟར། །ཤིན་ཏུ་གསང་བ་དམ་པའི་མཆོག །སྣོད་མེད་གཅམ་བུ་ཁ་ཁྱེར་མཁན། །འཕྱར་ལ་གཡེང་ཞིང་དམ་མི་སྲུང༌། །སློབ་དཔོན་གསང་ཅིང་རང་ཆེ་བསྒྲུབ། །མུ་སྟེགས་རུ་ཏྲ་ལོག་པར་ལྟ། །དེ་ལྟ་བུའི་གང་ཟག་ལ། །རབ་ཏུ་གསང་བ་དམ་པའི་མཆོག །སྒྲ་ཚིག་ཙམ་ཡང་མི་བརྗོད་དོ། །སྣོད་ལྡན་མི་འགྱུར་བརྟན་པའི་བློ། །གཞན་གྱིས་མི་འགྱུར་མ་སང་གེའི་བུ། །དད་བརྩོན་ཤེས་རབ་སྙིང་རྗེ་ལྡན། །དམ་ཚིག་སྲོག་འཛིན་བླ་མ་སྤྱི་བོར་ཁུར། །དེ་ལྟ་བུའི་གང་ཟག་ལ། །ཤིན་ཏུ་གསང་ཞིང་བསྟན་པར་བྱ། །ཞེས་གསུངས་སོ། །ས་མ་ཡ། །དེ་ནས་ཚད་མེད་འོད་ལྡན་ལས་སོགས་འཁོར་རྣམས་ཀྱིས། །ཨེ་མ་ཧོ། །ཞེས་མགྲིན་གཅིག་ཏུ་བསྟོད་པ། །སྟོན་པ་ཀུན་ཏུ་བཟང་པོ་ཐུགས་རྗེའི་མངའ་བདག་གང་ལ་གང་འདུལ་སྟོན་པ། རང་རིག་མཆོག་གི་སྟོན་པ་ཨེ་མ་ངོ་མཚར་ཆེའོ། །རྫོགས་པ་ཆེན་པོ་བྱང་སེམས་ཐིག་ལེ་ཉག་གཅིག་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། །ལུང་ཐམས་ཅད་ཀྱི་རྩ་བ། །མན་ངག་ཐམས་ཅད་ཀྱི་ཉིང་ཁུ། །བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང༌། །ཐེག་པ་རིམ་པ་དགུའི་ཡང་རྩེ། །གསས་མཁར་སུམ་བརྒྱ་དྲུག་ཅུའི་ཡང་བཅུད། །འདས་པའི་གཤེན་རབ་ཐམས་ཅད་ཀྱི་གཤེགས་པའི་ལམ། །མ་འོངས་པའི་གཤེན་རབ་ཐམས་ཅད་འབྱུང་བའི་ཡུམ། །ད་ལྟའི་གཤེན་རབ་ཐམས་ཅད་ཀྱི་དགོངས་པ། །མ་རིག་པའི་མུན་པ་སེལ་བའི་སྒྲོན་མ། །དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ། །རྫོགས་པ་ཆེན་པོ་བྱང་སེམས་ཐིག་ལེ་ཉག་གཅིག་ཨེ་མ་ངོ་མཚར་ཆེའོ། །ཞེས་མགྲིན་གཅིག་ཏུ་བསྟོད་དོ། །སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱང༌། །འཁོར་འདས་ཀྱི་བོན་ཐམས་ཅད་མཉམ་པ་ཆེན་པོའི་ངང་ལ་གཅིག་ཏུ་བསྡུས་ཏེ། །ཐུགས་ཉིད་མ་གཡོས་པའི་ངང་ལ་བཞུགས་སོ། །ཚད་མེད་འོད་ལྡན་ལས་སོགས་ཏེ་འཁོར་རྣམས་ཀྱང༌། །རང་རིག་པའི་ཡེ་ཤེས་རང་ལ་ཤར་ཏེ། །རང་འབྱུང་གི་ཡེ་ཤེས་རྟོགས་ནས། །ཐམས་ཅད་ཀུན་ཏུ་བཟང་པོའི་ངང་ལ་གནས་པར་གྱུར་ཏོ། །རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང་ལས། །རྒྱུད་བུ་ཆུང་བཅུ་གཉིས་མན་ངག་གི་རྩ་བར་བསྟན་པ། །ཐིག་ལེ་ཉག་གཅིག་རྫོགས་སོ། །བདེར་གཤེགས་དགོངས་རྒྱུད་དགུའི་ཐུགས་ཀྱི་བཅུད། །གང་ཟག་ཉི་ཤུ་རྩ་བཞིའི་ཉམས་ཀྱི་མན་ངག་དྲིལ། །སྤྲུལ་པའི་སྐུ་ཡིས་ལས་ཅན་གཤེན་ལ་བསྟན། །དུས་མཐར་མི་ནུབ་འགྲོ་དོན་བྱེད་པར་ཤོག །ཅེས་གསུངས་སོ། །སྤྲུལ་པའི་སྐུ་ཉིད་ནམ་མཁའ་ལ་གཞའ་ཡལ་བ་ལྟར་གཤེགས་སོ། །གྱེར་སྤུངས་ཉིད་དགོངས་པ་མཁའ་ལྟར་གྲོལ་ལོ། །རིམ་གྱིས་བརྒྱུད་ནས་དར་བའོ། །སརྦ་མངྒ་ལཾ། །