ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> འོལ་མོའི་གླིང་དང་འཛམ་གླིང་འབྲེལ་བའི་ཚུལ།
འོལ་མོའི་གླིང་དང་འཛམ་གླིང་འབྲེལ་བའི་ཚུལ།
[རྩོམ་གྱི་ཡོང་ཁུངས། མུ་ལའི་ཟིན་བྲིས་མེས་པོའི་གསུང་སྒྲོས།] [རྩོམ་པ་པོ། ༧དཔོན་སློབ་བསྟན་འཛིན་རྣམ་དག] [ཟླ་ཚེས། 12-04-02] [ཀློག་གྲངས། ]

       སྟོན་པ་གཤེན་རབ་མི་བོ་རྟག་གཟིགས་འོལ་མོ་ལུང་རིང་ནས་བོད་ཡུལ་ཀོང་པོའི་བར་དུ་ཕེབས་པའི་ལམ་ལ་དཔགས་ཏེ་རྟག་གཟིགས་དང་ཞང་ཞུང་དང་བོད་ཀྱི་ས་ཡི་ཁྱོན་དབྱིབས་འབྲེལ་ཚུལ་བཅས་ལུང་བཞིན་བཤད་པ་ཞིག་སྔར་ནས་རགས་ཙམ་བཤད་ཀྱང་། བསྐྱར་དུ་བསྟན་པ། གངས་དབལ་སོ་ར་བའི་ཕྱི་རོལ། གངས་ཏི་སེའི་བྱང་ཕྱོགས་ཀྱི་མཐར། གེ་སར་ཕྲོམ་གྱི་ཡུལ་ཡོད། གེ་སར་ཕྲོམ་གྱི་རྒྱལ་པོ་ཁ་ལ་དུང་སྤྲུག་གི་མངའ་འོག་ཏུ་ཧོར་གྱི་ཞིང་དྲུག་ཡོད། དེ་ནི་སྟོད་ན་གུར་དཀར་གྱི་གླིང་ཆེན་སྡེ་དྲུག་སྨད་ན་གུར་ནག་གི་ཞིང་ཆེན་སྡེ་དྲུག བར་ན་དྲུག་ཕྲོམ་གྲུ་གུའི་སྡེ་དྲུག་ལ་གུར་སེར་གྱི་ཆོལ་ཁ་སྡེ་དྲུག བློན་དང་སོག་པོ། གངས་རྒྱུད་དང་མཚོ་གླིང་དང་གཉིས་བཅས་ཏེ་སྡེ་ཆེན་ཉི་ཤུ་ཡོད་པར་གསལ།

      ༼མདོ་དྲི་མེད་གཟི་བརྗིད། ཉ ༤༦༡༽ཡུལ་སྡེ་འདི་རྣམས་གུར་དཀར་ནག་ཏུ་གནས་པར་མངོན། ཧོར་དང་སོག་པོ་རྣམས་ཀྱང་ཕྲོམ་གྱི་མངའ་ཁོངས་ཡིན་པར་གསལ། ཕྲོམ་གྱི་མཐའ་རས་བོད་མི་ཡིན་ཞེས་པས། ཕྲོམ་གྱི་ལྷོ་ཡི་མཐའ་རུ་བོད་མི་ཡིན་ཞེས་པ་ལྟར་མངོན་ཀྱང་། ཕྲོམ་དང་བོད་ཀྱི་བར་དུ་ཐོ་གར་དང་། ཞང་ཞུང་གི་ཡུལ་གཉིས་ངེས་པར་ཡོད་དགོས་ཏེ།  ༼མདོ་གཟེར་མིག ཁ ༦༦༡༽ལས་ཞང་ཞུང་མུ་ཕྱ་དུམ་པ་ཚལ་ན། ཞེས་སྟོན་པ་ཕེབས་ལམ་དུ་ཞང་ཞུང་དང་འཕྲད་པར་བཤད། བོད་ཀྱི་ཡུལ་ཁྱོན་ཀྱང་ཉང་པོ། ཀོང་པོ། དྭགས་པོ་དང་། ཀློ་དང་། མོན་དང་། བོད་དང་བཅས་པ་ཡིན་པས་ཉང་པོ་ནི། ཀོང་པོའི་བྱང་ནུབ་བྲག་གསུམ་གྱི་རྒྱུད་ནས་བསམ་ཡས་ཀྱི་ལྷོ་ཤར་འོལ་ཁ་སོགས་ཡིན་ལ། ཀོང་པོ་ནི་དེང་དུས་ཀྱང་རྩེ་བླ་རྫོང་ཞེས་པའི་མངའ་འོག་དང་། སྤོ་ཡུལ་བཅས་པ། དྭགས་པོ་ནི་དེང་དུས་དྭགས་པོ་ཁོག་ཅེས་པའི་ས་གནས་ཡོད་པ་འདི་རྣམས་ཀྱི་སྣེ་ཟུར་ཕན་ཚུན་ནས་ཆེ་ཆུང་གི་འགྱུར་ལྡོག་ཅུང་ཙམ་བྱུང་བ་སྲིད་ཀྱང་ས་གནས་ནི་མ་འགྱུར་བར་མངོན། ཀློ་ནི་དེང་སང་ཀློ་མོན་ཐང་ཞེས་པ་བལ་པོའི་རྒྱལ་པོའི་མངའ་འོག་ཏུ་འདུག་པ་འདི་ནི་སྔ་མོའི་དུས་ནས་བོད་ཀྱི་མངའ་འོག་ཡིན་འདུག་སྟེ། དེ་རྗེས་བོད་ཀྱི་རྒྱལ་རབས་བྱུང་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡང་ཀློ་བོད་འོག་ཏུ་ཡོད་དེ། རྒྱལ་པོས་བོན་གཤེན་རྣམས་ལ་ཐུགས་མཉེས་པའི་རྟགས་སུ༼རྒྱལ་རས༽སྟོད་ནས་འབངས་གསུམ་ཕུལ་བ། སོ་དང་། སོ་ན། ཀློ་བོ་དང་གསུམ་མོ། །ཞེས་དང་། མོན་ནི་བལ་བོད་མཚམས་ཀྱི་ཡུལ་སྡེ་ཕལ་ཆེར་དང་། ཁྱད་པར་སྐྱིད་རོང་གི་སྐོར་ལ་བརྗོད། བོད་ནི་བོད་ཡུལ་རུ་བཞི་ཞེས་གཡས་རུ་གཡོན་རུ་དབུས་རུ་རུ་ལག་རྣམས་སོ།།

      ༼མཛོད་ཕུགས། ༡༡༠༽ལྷོ་འཛམ་བུ་གླིང་ལ་རི་དགུ་ཡིས་ཕྱི་ནས་ནང་དུ་འཁོར་ནས་ཡོད་དེ། འདི་ནི་བྱང་ནས་ལྷོ་རུ་བརྩིས་པ་སྟེ། འཛམ་གླིང་བྱང་གི་ཁ་ཁྱེར་ལ། མཚོ་དང་གླིང་འབྱེད་པ་ཏིང་བྱེར་གྱི་རི་རྒྱུད་བྱ་བ་ཡོད། དེ་ལ་གཅན་གཟན་སྣ་ཚོགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་ཡང་འཁོབ་འབྱེད་པ་རི་བོ་ད་ཤན་གྱི་རི་རྒྱུད་ཡོད། དེ་ལ་གནོད་སྦྱིན་ཕོ་མོ་མི་ལ་མངོན་སུམ་དུ་རྒྱུགས་པ་གནས་སོ། །དེའི་ལྷོ་ན་ཡང་འཁོབ་དང་མཐའ་འཁོབ་དུ་འབྱེད་པའི་རི་བོ་ཤ་ཚགས་ཀྱི་རི་རྒྱུད་ཡོད། དེ་ལ་མི་རྒོད་ཤ་ཤོར་གྱི་རིགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་གེ་སར་དུ་འབྱེད་པའི་རི། ལ་ཤངས་རྩེ་མངས་ཀྱི་རི་རྒྱུད་ཡོད། དེའི་རྩ་ན་རྩི་ཤིང་སྐྱེས། རི་ལ་རི་དྭགས་གནས་སོ། །དེའི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་རི། དན་ཤན་གྱི་རི་རྒྱུད་གནས་ཏེ། དེ་ལ་རྩི་ཤིང་དང་འདབ་ཆགས་མང་བར་གནས་སོ། །དེའི་ལྷོ་ན་ཕྲོམ་དང་ཧོར་དུ་འབྱེད་པའི་རི་བྱང་རྩུག་རི་ཞེས་བྱ་བ་ལ། རྩི་ཤིང་དང་ནགས་ཚལ་གཅན་གཟན་དང་འདབ་ཆགས་གནས་སོ། །དེའི་ལྷོ་ན་ཧོར་དང་གྲུ་གུ་དང་རུ་འབྱེད་པ་ཤང་ལ་ནག་པོ་བྱ་བ་ལྕགས་རི་དང་ཟངས་ཐང་དུ་ཡོད་དོ། །དེའི་ལྷོ་ན་དྲུག་གུ་ཚ་གསེར་དུ་འབྱེད་པ། བ་དག་ཤན་གྱི་རི་རྒྱུད་གནས་སོ། །དེའི་རྒྱབ་ན་ཚ་གསེར་དང་འབྲུ་བོད་དུ་འབྱེད་པ་ཏ་ལ་ནག་པོའི་རི་རྒྱུད་ཡོད་དོ། །དེའི་ལྷོ་ན་རྣིལ་དང་རང་ཞེས་བྱ་སྟེ། རྩེ་མོ་གངས་རི་དང་བྲག་རི་ཡོད་པ། ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད་དོ། །སྤོས་དྲི་ཅན་གྱི་བྱང་ཕྱོགས་ན། མཚོ་མ་དྲོས་ཞེས་པར་ཀླུ་གནས་པར་ཡོད་དོ། །མདོར་ན་གངས་ཏི་སེ་དང་། སྤོས་རི་ངད་ལྡན་དང་མཚོ་མ་པང་ཞེས་པའམ་མ་དྲོས་དང་གསུམ་སྒྱེད་པུ་ལྟ་བུར་གནས་སོ། །ཞེས་གསུངས། སྟོན་པ་སངས་རྒྱས་དེ་ཉིད་བོད་ཀྱི་འགྲོ་བ་འདུལ་བའི་དུས་དང་སྨོན་ལམ་གདབ་པའི་ཆེད་དུ་རྟག་གཟིགས་འོལ་མོ་ལུང་རིང་ནས་བོད་ཡུལ་དུ་ཕེབས་པའི་ཚུལ་ནི། རྒྱལ་ས་ཕོ་བྲང་གླིང་བརྒྱད་ནས་ལྷོ་ཤར་རྒྱལ་མོ་མོ་ཁྲིམས་ཀྱི་གླིང་ནས། ༼གཟི་བརྗིད། ཉ༤༦༦༽ ཞེས་རྒྱལ་མོ་མོ་ཁྲིམས་ཀྱི་གླིང་ཞེས་པ་ཞིག་ཕྱི་གླིང་བཅུ་དྲུག་གི་ནང་ཚན་ནུབ་ཏུ་ཡོད་ཀྱང་། མིང་དེ་དང་འདྲ་བའི་གླིང་ཞིག་མཐའ་གླིང་དུའང་ཡོད་པར་མངོན། ཡུལ་དེ་ནས་མུ་ཁྱུད་བདལ་བའི་རྒྱ་མཚོ་ལ་གཟིངས་ཆེན་ཤན་ལ་རླུང་གིས་བསྐྱོད་ནས་བགྲོད། དེ་རྒྱབ་དབལ་སོ་གངས་ཀྱི་ར་བ་འགྲིམས་ལམ་གྱི་སྒོ་ཞིག་ཡོད་ཅིང་། སྒོ་དེ་ལ་དག་ཤ་དུང་གི་སྒོ་མོ་ཞེས་བརྗོད། དེའི་ཕྱི་ལོགས་ཞང་ཞུང་གི་ས་མཚམས་ནས་མུ་ཁྱུད་བདལ་བའི་རྒྱ་མཚོའི་འགྲམ་བར་དུ་མུན་པ་དང་གཅན་གཟན་དང་ལམ་འཕྲང་བཅས་ཀྱིས་ཉིན་ལམ་དགུས་ཆོད་པའོ། །

      ༼ཉ༢༢༣༽དག་ཤ་དུང་གི་སྒོ་མོའི་ཕྱི་རུ་བདུད་ཀྱི་ཆུ་ཡིས་སྟོན་པའི་ལམ་བཀག་པས། མ་ཁེགས་ཤིང་ས་དེར་རྟགས་སུ་རྒྱ་མཚོ་ཆེན་པོའི་དཀྱིལ་དུ། པདྨའི་སྡོང་པོ་སྐྱེས་ཏེ་བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་གོ །ས་དེར་སྟོན་པས་ཟ་ཧོར་དང་ཡུ་གུར་དང་། ཁ་ཆེ་དང་། བྲུ་ཤའི་བོན་པོ་རྣམས་ལ་གསང་བ་སྔགས་ཀྱི་ལུང་ཕོག་ཅེས་པས་ས་གནས་དེ་ཡུལ་དེ་རྣམས་དང་ཐག་ཉེ་བ་ཡོད་པའི་རྒྱུ་མཚན་ཡང་ཡིན་ནོ། །ཟ་ཧོར་ནི་བོད་མི་འགས་མན་ཊིའི་ས་གནས་སུ་ངོས་འཛིན་ཏེ་གནས་སྐོར་དང་ཕྱག་མཆོད་བྱེད་པ་འདུག་མོད་ཀྱང་འདིར་འདི་ཙམ་ལས་ཁ་གསལ་མ་བྱུང་། ཡུ་གུར་ནི་སོག་ཡུལ་གྱི་བྱེ་བྲག་ཨུ་གུར་ཟེར་བ་མིན་ནམ་སྙམ། འོན་ཀྱང་ཁ་གསལ་མ་བྱུང་། ཁ་ཆེ་ནི་དེང་སང་ཡང་ཀ་ཤི་མེར་བ་ཟེར་བ་འདི་ཡིན་ཏེ་ཚིག་དེ་སཾ་སྐྲྀ་ཏར་ཡང་ཁ་ཆེ་ཡིན། བྲུ་ཤ་ནི་དེང་སང་གེལ་གེ་ཊི་ཟེར་བ་ཀ་ཤི་མེར་གྱི་ཐག་ཉེ་ཞིག་གོ །ལི་ཡུལ་ནི་ཤིན་ཅང་། ཡུལ་དེའི་བྱང་ཤར་དེང་སང་སོག་ཡུལ་དང་ཉེ་བར་སྔར་ཐོད་དཀར་གྱི་ས་ཆགས། ཡུལ་དེའི་ལྷོ་ནུབ་མཚམས་སུ་སྔར་གྱི་སོག་པོ་ཆགས་ས། ལི་ཡུལ་དང་། སོག་ཡུལ་བོད་བཅས་ཀྱི་འདུས་མཚམས་བོད་བྱང་ཤར་ལ་འ་ཞའི་ཡུལ་ཆགས། དེང་དུས་ཀྱི་སོག་པོའི་ཡུལ་གྱི་ལྷོ་རྒྱ་ནག་གི་ས་ཆར་སྔར་མེ་ཉག་གི་རྒྱལ་ཁབ་ཆགས་ཤིང་། དེའི་རྒྱལ་རབས་རགས་པ་ཙམ་ནི། རྒྱལ་རབས་བོན་གྱི་འབྱུང་གནས་སུ་གསལ།

      དེ་ནས་སྟོན་པ་འཁོར་བཅས་ཕེབས་པའི་ལམ་དུ་བདུད་ཀྱིས་མེ་བཏང་སྟེ་བསྲེགས་པའི་ས་རྟགས་སུ་ཆུ་མེད་མྱ་ངན་ཐང་བྱེ་མའི་ཐང་དཀྱིལ་ན། བྲག་དམར་པདྨའི་སྡོང་པོ་ལྟ་བུ་ལ། སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་བཀྲ་ལ་གསལ་བ་བཀྲ་ཤིས་ཀྱི་རྟགས་སོ། །དེ་ནི་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་ཡིན་པར་གསུངས། ས་དེར་སྟོན་པས་ཞང་ཞུང་གི་བོན་པོ་ལ། བོན་དུ་ཛྭོ་དང་སྔགས་ཀྱི་ལུང་ཕོག ཅེས་པས་ཞང་ཞུང་གི་ས་མཚམས་དེ་ནས་ཚུགས་པ་བཤད། ཡང་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོར་བྱོན་པས། བདུད་ཀྱི་དམག་གིས་ས་དང་བྱེ་མའི་འཚུབ་མ་བཏངས་པས་སྟོན་པ་འཁོར་བཅས་ས་ཡིས་མ་ནོན་པར། མྱ་ངམ་བྱེ་མའི་གསེབ་ནས་བྲག་གི་གཡུང་དྲུང་སྐྱེས་པ་ལ། སྟོན་པའི་ཞབས་རྗེས་བཏོད་དེ་བཀྲ་ཤིས་ཀྱི་རྟགས་སུ་བཞག་གོ །དེ་ནི་བོད་དང་ཞང་ཞུང་གི་ས་མཚམས་སོ། །དེང་སང་ཡང་ས་དེར་གུང་དུམ་དུམ་པ་ཚལ་ཞེས་སྟོད་ཀྱི་འབྲོང་པའི་ས། གཡས་རུ་མ་གཙང་གི་འགྲམ་དུ་ཡོད། ས་དེར་སྟོན་པས་བོད་ཀྱི་བོན་པོ་ལ་བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བའི་ལུང་ཕོག ནམ་ཞིག་ཐེག་པ་རིམ་དགུའི་བོན་དར་བའི་སྨོན་ལམ་བཏབ་བོ། །

      དེ་ནས་སྟོན་པ་འཁོར་བཅས་གཡས་རུ་གཙང་པོའི་བརྒྱུད་ནས་ཀོང་པོའི་བར་དུ་ཕེབས་ཤིང་། ཀོང་ཡུལ་དུ་བོན་རི་ཞེས་བྱ་བར་བྱིན་གྱིས་བརླབས་ཏེ་བོད་ཀྱི་འགྲོ་བ་རྣམས་ཀྱི་དད་འདུན་མོས་པའི་རྟེན་དུ་མཛད་དོ། །དེ་ཡང་བོད་ཡུལ་དུ་བོན་གྱི་བསྟན་པ་དང་། དེ་རྒྱུད་ལྡན་གྱི་གང་ཟག་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བར་བརྟེན། ཀོང་ཡུལ་བོན་རི་འདི་ཉིད་ཀྱང་སྔར་གྱི་གནའ་གཏམ་ལྟ་བུ་ལས། དངོས་ཀྱི་སྤྱོད་ཡུལ་དུ་མེད་ཅིང་། བརྗེད་པ་ལྟ་བུ་གྱུར་ནས་ལོ་དུ་མ་འདས་པའི་རྗེས་སུ་གསང་བའི་རྣལ་འབྱོར་ཆེན་པོ་རི་པ་འབྲུག་གསས་ལ་རིག་འཛིན་མཁའ་འགྲོས་ལུང་བསྟན་ཐོབ་པ་དང་། སྐབས་ཀྱི་བོད་མིའི་བསོད་ནམས་ཀྱི་མཐུ་ལས་གནས་ཀྱི་སྒོ་ཕྱེས་པ་ཞེས་པ་སླར་ཡང་ངོས་འཛིན་བྱས། དེ་ཡང་གནས་རི་ལ་བསྐོར་བ་དང་། ཕྱག་མཆོད་བྱེད་པའི་སྲོལ་ཡོད་པ་ལ་རྟོག་ཚིག་ཇི་སྙེད་ཅིག་བཏགས་པ་འདུག་ཀྱང་བདེ་བར་གཤེགས་པའི་བྱིན་རླབས་ཞུགས་པའི་མཆོད་རྟེན་དང་སྐུ་གདུང་སྐུ་གཟུགས་སོགས་ལ་བཀུར་བསྟི་འོས་པའི་རྒྱུ་མཚན་དེས་འདིར་ཡང་མཚུངས་པར་སྦྱར་རོ། །རི་དེ་ཡི་དབྱིབས་དང་། ཡུལ་གྱི་ཆགས་ཚུལ་དཔེ་རིས་ལྟར་རོ། །

      མདོ་ལས་བྱུང་ཚུལ་ལྟར༼གཟི་བརྗིད། ཉ༤༧༤༽༼གཟེར་མིག ཁ༦༦༤༽གནས་རི་འདི་ལ་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་ཀྱི་བྱིན་གྱིས་བརླབས་པ་ཡིན་པར་བཤད་ཟིན་པ་ལྟར་ལ། དེ་ཙམ་གྱིས་མ་ཚད་བོན་པོ་རྣམས་ཀྱིས་ཕྱག་བཙལ་བ་དང་སྐོར་བ་བྱེད་པ་མཆོད་པ་འབུལ་བའི་གནས་གཞན་ཡང་ཡོད་དེ། སྨད་རྒྱ་ནག་གླང་ཆེན་འགྱིང་རི་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་བྱིན་བརླབས་པ་དང་། རི་དེ་རྒྱ་ནག་ཁྲི་འདུ་ནས་ཨོ་མན་ཤན་དང་། དེའི་ཉེ་སར་ཡོད། ཨ་མདོའི་ཡུལ་དུ་དུང་རི་ལ། ཡི་དམ་དབལ་གསས་རྔམ་པས་བྱིན་གྱིས་བརླབས་པ་ཡིན་ཞིང་རི་འདི་ཨ་མདོ་ཤར་ཁོག་སུན་ཕན་ཤན་གྱི་འགྲམ་དུ་ཡོད། རྒྱལ་རོང་ཡུལ་དུ་དམུ་རྡོ་ལྷ་གཉན་ལ་ཡི་དམ་གཙོ་མཆོག་གིས་བྱིན་གྱིས་བརླབས་པ་ཡིན་ཞིང་རྒྱལ་རོང་བྲག་སྟེང་གི་ཉེ་འགྲམ་རབ་བརྟན་གྱི་ཡུལ་དུ་ཡོད། ཚ་བ་རོང་དུ་ཁ་བ་དཀར་པོ་ཞེས་པ་ཡི་དམ་དབལ་གསས་རྔམ་པའི་བྱིན་བརླབས་པ། རི་དེ་ནི་ཚ་བ་སྨད་ཤོད་པའི་སར་རྒྱ་མོ་དངུལ་ཆུའི་འགྲམ་དུ་ཡོད། སྟོད་མངའ་རིས་སུ་གངས་ཏི་སེ་ནི་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་བྱིན་གྱིས་བརླབས་པའི་གནས་ཡིན་ཞིང་དེའི་ལོ་རྒྱུས་དང་དཀར་ཆག་ཞིབ་ཏུ་ཡོད་པ་རྣམས་ཕལ་ཆེར་དེང་དུས་རི་དེའི་ཕྱོགས་མཚམས་རྣམས་སུ་བཀའ་རྒྱུད་པའི་དགོན་ཆུང་འགའ་ཆགས་ཡོད་པ་རྣམས་ཀྱིས་དེའི་ལོ་རྒྱུས་དང་བསྲེས་ཏེ་བཤད་དོ། །

      སྟོན་པ་བོད་དུ་བྱོན་དུས་གངས་ཏི་སེ་དང་། མཚོ་མ་པང་གཉིས་ཀྱི་འགྲམ་ནས་ཕེབས་ཤིང་། གངས་རིའི་ཕྱོགས་བཞིར་སྟོན་པའི་ཞབས་རྗེས་ཀྱང་ཡོད། ཞབས་ཀྱི་རྗེས་རྣམས་གཡས་བསྐོར་དུ་ཡོད་པས་ཆོས་པ་ཚོས་བློ་མ་བཟོད་ནས་གཡོན་དུ་སྤོས་ཡོད་པའི་ཚུལ་ཐོ་བས་བརྡུངས་ཏེ་བཟོས་འདུག གངས་རི་མཚོ་གཉིས་ཀྱི་ཕྱོགས་མཚམས་སུ་སྔར་བོན་གྱི་དགོན་སྡེ་ཆགས་པའི་ཤུལ་དང་ལོ་རྒྱུས་རགས་ཙམ་བསྡུས་པ་དཔལ་ཚུལ་གྱིས་བྲིས་པའི་དགོན་དེའི་ཆགས་དེབ་ཏུ་གསལ།

      གཞན་ཡང་བོད་ཡུལ་དུ་གནས་དང་གནས་ཕྲན་ཇི་སྙེད་ཡོད་པ་རྣམས་ལ་བོད་མི་རྣམས་ཀྱིས་ཚེ་འདིའི་རྐྱེན་སེལ་བ་དང་། ཕྱི་མའི་སྒྲིབ་སྦྱང་དུ་དམིགས་ནས་དཀའ་བ་དུ་མ་དང་དུ་ལེན་ནས་སྐོར་བ་བྱེད་པ་དང་། ཕྱག་བྱ་བ་དང་། མཆོད་པ་འབུལ་བར་བྱེད་དོ། །

༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་ཁ་དུམ་པ་ལས་བཤུས། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག