ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ༼བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག༽པར་དུ་བསྐྲུན་པ།
༼བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག༽པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། TriSoten] [ཟླ་ཚེས། 11-03-24] [ཀློག་གྲངས། ]

༼གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག་རིན་ཆེན་གུར་ཁང་ཞེས་བྱ་བ༽༢༠༡༡ལོའི་ཟླ་དང་པོར་

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།

སྔོན་འགྲོའི་གཏམ།

      གཡུང་དྲུང་བོན་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ལོ་རྒྱུས་ཀྱི་ཕུག་ཐག་རིང་བ་བོད་ཀྱི་གདོད་མའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་རིག་གཞུང་ཕུན་སུམ་ཚོགས་པོ་ཞིག་ཡིན་པ་ནི་མཁྱེན་པའི་སྤྱན་དཀྱུས་ཡང་ལ་ཕྲག་དོག་གི་འདུ་ཤེས་ཡོངས་སུ་སྤངས་བའི་ཚད་ལྡན་གྱི་སྐྱེ་བོ་ཚང་མས་མཁྱེན་གསལ་རེད། དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གཞུང་དེ་ཉིད་གསོན་ཉམས་དོད་པོས་མངོན་ཐུབ་པར་བྱེད་པའི་རྒྱུ་ཅིག་པོ་ནི་རིག་གཞུང་དེ་ཉིད་མཚོན་པར་བྱེད་པའི་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ཆེན་མོ་དེ་ཁོ་ན་ལས་གཞན་གང་ཡང་མ་ཡིན། མི་ལོ་སྟོང་ཕྲག་དུ་མའི་རིང་བོད་ཀྱི་ལོ་རྒྱུས་ལ་འཕེལ་འགྲིབ་སྣ་ཚོགས་བྱུང་བའི་རྐྱེན་གྱིས་གཡུང་དྲུང་བོན་གྱི་རིག་གཞུང་ཡང་དེ་དང་བསྟུན་ནས་འཕེལ་འགྲིབ་ཀྱི་ལམ་བུ་ཀྱག་ཀྱོག་ཐེངས་མང་བརྒྱུད་མྱོང་བས་རིག་གཞུང་དེ་ཉིད་མངོན་པར་བྱེད་པའི་བཀའ་དང་བཀའ་བརྟེན་ཡང་ཉམས་གུད་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཉམས་གུད་དང་འགྱུར་ལྡོག་གི་ཚ་རླབས་ཁྲོད་དུ་ལེགས་བཅོས་དང་གོང་འཕེལ་གང་འཚམས་བཏང་ཡོད་རུང་གཡུང་དྲུང་བོན་གྱི་རིག་གཞུང་དེ་ཉིད་སྔར་བཞིན་བོད་ཀྱི་རིག་གཞུང་སྤྱིའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་དེ་མུ་མཐུད་རྒྱུན་བསྲེང་བྱས་ཡོད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རང་བཞིན་དེས་བོན་གྱི་རིག་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུའི་འདོད་པ་ཡོད་མཁན་རྒྱལ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་མི་སྣ་མང་པོ་ཆར་ཤུལ་སྤངས་ལ་གསེར་ཤ་བརྡོལ་བ་ཇི་བཞིན་མང་དུ་འགྲོ་བཞིན་ཡོད། དད་ལྡན་སེར་སྐྱ་ཕོ་མོའི་དགོས་མཁོ་དང་ཞིབ་འཇུག་ཚན་པ་དང་མི་སྣ་རྣམ་པའི་རེ་འདོད་ལ་གཞིག་ནས་གཡུང་དྲུང་བོན་གྱི་རིག་གཞུང་དཔེ་ཚོགས་མཁོ་འདོན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཆགས་ཡོད། འོན་ཀྱང་དཔེ་ཚོགས་དེ་འདྲ་ཞིག་མཁོ་འདོན་བྱེད་པ་ལ་དཀའ་ཚེགས་ཆེན་པོ་ཞིག་འཕྲད་ཡོང་གི་ཡོད། དེ་གང་ལགས་ཞེ་ན། གཅིག་ནས་དུས་ཟིང་སྣ་ཚོགས་ཀྱི་རྐྱེན་པས་དཔེ་ཚོགས་དེ་རིགས་ཉམས་ཉེས་ཚབས་ཆེན་བྱུང་ནས་བོན་གྱི་བཀའ་དང་བཀའ་བརྟེན་ཆ་ཚང་བ་ཞིག་ཉར་ཚགས་བྱས་པའི་དགོན་སྡེ་རྩ་བའི་ཆ་ནས་ལྷག་མེད། གཉིས་ནས་བཀའ་དང་བཀའ་བརྟེན་མང་ཕལ་ཆེར་ཁ་འཐོར་སིལ་འཐོར་གྱི་སྒོ་ནས་དམངས་ཁྲོད་ལ་གྱར་ཡོད་པས་ཆ་ཚང་པོ་དང་སྤུས་དག་པོ་ཞིག་ཟླ་ངོ་ཞག་ཤས་ནང་དུ་བསྡུ་རུབ་བྱེད་ཐུབ་ཐབས་མེད་པ་། གསུམ་ནས་བཀའ་དང་བཀའ་བརྟེན་རྒྱུས་མངའ་ཡོད་མཁན་གྱི་མི་སྣ་ཤིན་ཏུ་དཀོན་པོ་ཡིན་པ་བཅས་རེད། གནས་ཚུལ་དེ་རིགས་ལ་དམིགས་ནས་བོན་གྱི་བཀའ་དང་བཀའ་བརྟེན་མྱུར་སྐྱོབས་དང་འཚོལ་བསྡུ་ལེགས་སྒྲིག་བྱེད་རྒྱུའི་བྱ་བ་གལ་ཆེན་ཤིག་ཐོན་ཡོད་པ་ནི་རིག་གཞུང་ལ་དང་འདོད་ཡོད་མཁན་གྱི་གངས་ཅན་པ་ཚང་མའི་ཕྲག་ཏུ་བབ་པའི་འོས་འགན་དོར་དུ་མེད་པ་ཞིག་རེད།
      དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་འགོ་ཙམ་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་བའི་དུས་སྐབས་བཟང་པོ་དང་བསྟུན་ནས་བོན་གྱི་བླ་སྤྲུལ་གྲགས་ཅན་འགའ་ཡིས་བོན་གྱི་བཀའ་དང་བཀའ་བརྟེན་མྱུར་སྐྱོབས་དང་འཚོལ་བསྡུ་ལེགས་སྒྲིག་བྱེད་རྒྱུའི་འོས་འགན་རླབས་པོ་ཆེ་དེ་དང་དུ་བླངས། ཐོག་མར་མདོ་སྨད་བླ་མ་ཨ་གཡུང་གིས་གཙོས་པའི་བོན་གྱི་བླ་སྤྲུལ་འགའ་ཤས་ཀྱིས་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དཔར་སྐྲུན་ཞུས། སྐབས་དེར་བོད་ལྗོངས་ནས་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་བླ་མ་ཨ་གཡུང་རིན་པོ་ཆེ་ལ་རོགས་རམས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མ་ཟད་རང་གིས་ཀྱང་བོན་གྱི་བརྟེན་འགྱུར་ཆེན་མོ་འཚོལ་བསྡུ་ལེགས་སྒྲིག་བྱེད་རྒྱུའི་ཐུགས་བསམ་བཞེས་ནས་བོད་ལྗོངས་སུ་བཞུགས་པའི་བོན་གྱི་བླ་སྤྲུལ་ཁག་ཅིག་དང་འབྲེལ་བ་གནང་ནས་བོན་གྱི་བརྟེན་འགྱུར་ཆེན་མོ་འཚོལ་བསྡུ་ལེགས་སྒྲིག་བྱེད་རྒྱུའི་བྱ་བ་དངོས་སུ་གཏན་འཁེལ་བྱུང་ནས་དེའི་འཆར་གཞི་རྣམས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་དབུ་ཁྲིད་ལ་སྙན་ཞུ་ཕུལ། ལས་དོན་དེ་ཉིད་གོང་རིམ་ནས་ཆོག་མཆན་དང་རྒྱབ་སྐྱོར་ཐོབ་ནས་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་དངོས་སུ་ཐུགས་འགན་བཞེས་ནས་བོན་གྱི་བརྟེན་འགྱུར་ཆེན་མོ་འཚོལ་བསྡུ་ལེགས་སྒྲིག་བྱེད་རྒྱུའི་བྱ་བ་དེ་གངས་ལྗོངས་འཛིན་མའི་ཁྱོན་དུ་ཚ་ཚ་འུར་འུར་ངང་སྤེལ་ནས་ལོ་ངོ་བདུན་རིང་ལ་དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔེ་ཚོགས་དེ་དངོས་སུ་འཚོལ་བསྡུ་ལེགས་སྒྲིག་དང་དཔར་སྐྲུན་ཞུ་ཐུབ་པ་བྱུང་ཡོད། ཐེངས་འདིར་དཔར་སྐྲུན་བྱས་པའི་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔེ་ཚོགས་དེ་ལ་ཁྱོན་པོད་ཏི་༢༨༠་ཡོད། དཔེ་ཚོགས་དེའི་ནང་དུ་བོན་གྱི་རིག་གཞུང་གི་ཆ་ཕལ་ཆེར་ཚུད་ཡོད་པས་དེ་ནི་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་དོན་དུ་བོན་གྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་པ་དང་མི་རིགས་རིག་གནས་མྱུར་སྐྱོབས་བྱེད་པའི་ལས་ཀ་རླབས་པོ་ཆེ་ཞིག་རེད།
      སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་དང་ཞིབ་འཇུག་པ་རྣམས་ཀྱིས་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔེ་ཚོགས་དེ་ཉིད་བེད་སྤྱོད་གང་ལེགས་གཏོང་ཐུབ་པའི་ཆེད་དུ་སྤྲུལ་སྐུ་བསྟན་པའི་ཉི་མ་ལགས་ཀྱིས་ཁོང་གིས་འཚོལ་བསྡུ་ལེགས་སྒྲིག་གནང་བའི་བོན་གྱི་བརྟེན་འགྱུར་ཆེན་མོ་དེའི་དཀར་ཆག་ཞིག་བསྒྲིགས་གནང་ཡོད་པ་དེ་ད་ཐེངས་དངོས་སུ་དཔར་སྐྲུན་ཐུབ་པ་དེ་ནི་བོད་ཀྱི་རིག་གཞུང་སྤྱི་དང་དགོས་སུ་བོན་གྱི་རིག་གཞུང་སྲུང་སྐྱོབས་དང་དར་སྤེལ་གཏོང་པའི་བྱ་བཞག་ལ་ཕུལ་པའི་ལེགས་སྐྱེས་གསར་པ་ཞིག་ཡིན་པ་སྨོས་མེད་རེད། དེ་ཡང་གསར་དུ་བསྒྲིགས་པའི་དཀར་ཆག་འདི་ལ་ཁྱད་ཆོས་རྣམ་པ་གསུམ་ཡོད་པ་སྟེ། ཐོག་མར་དཀར་ཆག་འདི་ཉིད་ཀྱིས་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་མཛད་པའི་དཀར་ཆག་ཁག་མི་འདྲ་བའི་ལེགས་ཆ་ཡོངས་སུ་བཏུས་ནས་དེང་རབས་སྐྱེ་བོ་རྣམས་ལ་གོ་བདེ་ལ་འཁྱེར་སླ་བའི་ཕྱོགས་སུ་བརྩམས་ཡོད་པས་སྔར་སྲོལ་རྒྱུན་བཞག་དང་དར་རྒྱས་གོང་འཕེལ་གཉིས་མཐུན་སྦྱོར་ཡག་པོ་བྱུང་ཡོད། གཉིས་ནས་དཀར་ཆག་འདི་ཉིད་གསར་དུ་དཔར་སྐྲུན་བྱས་པའི་བོན་གྱི་བརྟེན་འགྱུར་ཆེན་མོ་དེའི་ནང་དུ་གང་ཚུད་ཡོད་པ་དེ་དག་གཞི་བཅོལ་ནས་བསྒྲིགས་ཡོད་པས་དཔར་སྐྲུན་བྱས་པའི་བོན་གྱི་བརྟེན་འགྱུར་ཆེན་མོ་དེ་བལྟ་ཀློག་དང་བེད་སྤྱོད་ཡག་པོ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཐུབ། གསུམ་པ་ནི་དཀར་ཆག་འདིས་དཔར་སྐྲུན་བྱས་པའི་བོན་གྱི་བརྟེན་འགྱུར་ཆེན་མོའི་ནང་དུ་ཡོད་པའི་དཔེ་ཆ་རྣམས་ཀྱི་བརྗོད་བྱའི་དོན་ལ་གཞིག་ནས་སྡེ་ཚན་སོ་སོར་ཕྱེས་ནས་བསྒྲིགས་ཡོད་པས་དགོས་མཁོ་ཡོད་མཁན་རྣམས་ལ་བཙལ་འཚོལ་བྱེད་རྒྱུར་སྟབས་བདེ་བསྐྲུན་ཡོད། དེ་ཡང་དཀར་ཆག་འདི་ལ་སྡེ་ཚན་ཁག་བདུན་དུ་ཕྱེས་ཡོད་པ་སྟེ་དང་པོ་སྔོན་འགྲོ་དཀར་ཆག་ཚན་པ། གཉིས་པ་སྙན་རྒྱུད་རྫོགས་ཆེན་གྱི་སྡེ། གསུམ་པ་གསང་སྔགས་རྒྱུད་འགྲེལ་དང་ཡི་དམ་བསྒྲུབ་ཐབས་ཀྱི་སྡེ། བཞི་པ་འདོན་ཆའི་རིགས་དང་སྲུང་མའི་སྡེ་ཚན། ལྔ་པ་ཕ་རོལ་དུ་ཕྱིན་པ་མཚན་ཉིད་རྒྱུ་ཡི་བོན་སྡེ། དྲུག་པ་རིག་གནས་ཀྱི་སྡེ། བདུན་པ་ལོ་རྒྱུས་རྣམ་ཐར་གྱི་སྡེ་བཅས་སོ། སྡེ་ཚན་བདུན་པོ་འདིའི་ནང་བོན་གྱི་བསྟན་འགྱུར་ཆེན་མོའི་ནང་དོན་ཕལ་ཆེར་ཚུད་ཡོད།
      མདོར་ན་གྲུབ་དབང་བསྟན་པའི་ཉི་མ་རིན་པོ་ཆེས་བོན་གྱི་བརྟེན་འགྱུར་ཆེན་མོའི་མ་དཔེ་འཚོལ་བསྡུད་དང་ལེགས་བསྒྲིགས་གནང་བ་དེ་ནི་ཀྲུང་ཧ་མི་རིགས་རིག་གནས་སྤྱིའི་གྲུབ་ཆ་ཡིན་པའི་བོད་ཀྱི་རིག་གནས་དེ་ཉིད་མྱུར་སྐྱོབས་དང་དར་སྤེལ་གཏོང་བའི་བྱ་བཞག་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད་ལ་མཛད་རྗེས་དེས་མི་རབས་ནས་མི་རབས་བར་རིག་གནས་ལ་དོ་སྣང་བྱེད་རྒྱུ་དང་དར་སྤེལ་གཏོང་རྒྱུར་མིག་དཔེ་དང་སྐུལ་ལྕགས་གཏོང་ངེས་རེད། ཁོང་གིས་བོན་གྱི་བརྟེན་འགྱུར་ཆེན་མོའི་མ་དཔེ་འཚོལ་བསྡུད་དང་ལེགས་བསྒྲིགས་དཔར་སྐྲུན་གནང་བ་ཙམ་མ་ཡིན་པར་རྒྱ་ཆེའི་ཀློག་པ་པོ་དང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དཔེ་ཚོགས་དེ་ཉིད་གང་མགྱོགས་དངོས་སུ་བེད་སྤྱོད་གཏོང་ཐུབ་པའི་ཆེད་དུ་དཔེ་ཚོགས་ཀྱི་ནང་དོན་ལ་གཞིག་ནས་དཀར་ཆག་འདི་ཉིད་བརྩམས་གནང་ནས་སླར་ཡང་ལེགས་སྐྱེས་གསར་པ་ཕུལ་གནང་ཡོད། བོན་གྱི་བརྟེན་འགྱུར་ཆེན་མོའི་མ་དཔེ་འཚོལ་བསྡུད་དང་ལེགས་བསྒྲིགས་དཔར་སྐྲུན་བཅས་ཀྱི་བྱ་བ་གང་འདྲ་བྱས་ནས་དཀའ་ཚེགས་ཁྱད་བསད་ཀྱིས་ལེགས་བསྒྲུབས་བྱས་ཡོད་མེད་སྐོར་ཞིབ་ཕྲ་དཀར་ཆག་འདིའི་མཇུག་ཏུ་སྦྱར་བའི་ཁོང་གི་རྣམ་ཐར་བསྡུས་མ་དེ་ལ་གཟིགས་གནང་ཡོད་པ་ཞུ།

བཅས་དོན་གྲུབ་ལྷ་རྒྱལ་གྱིས་བོད་རབ་བྱུང་༡༧་ལྕགས་སྟག་ལོའི་ཟླ་བ་གཉིས་པའི་ཚེས་བཟང་གི་ཉིན་ལ་ལྷ་ལྡན་གཞུང་དུ་སྦྱར་བ་དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག