ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ཀྱི་དེབ་ཕྲེང་ལྔ་འགྲེམ་སྤེལ་བྱེད་གྲབས་ཡོད་པ།
ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ཀྱི་དེབ་ཕྲེང་ལྔ་འགྲེམ་སྤེལ་བྱེད་གྲབས་ཡོད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིག་གཞུང་ཞིབ་འཇུག་ཚོགས་པ།] [ཟླ་ཚེས། 12-05-18] [ཀློག་གྲངས། ]

   སྤྱི་ལོ་༢༠༠༩ལོ་ནས་གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས། བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན་མདོ་ཁམས་སྨད་ཀྱི་ཆ་རུ་གཏོགས་པའི་རྔ་བའི་སྟོད་སྨད་བར་གསུམ་གྱི་དུད་ཁྱིམ་དང་དབེན་གནས་ཆིག་བརྒྱ་མང་པོ་ཉུལ་བ་ལས། གསར་རྙེད་བྱུང་བའི་བོན་གྱི་དཔེ་རྙིང་བརྒྱ་ཕྲག་ལྷག་ཅིག་གིས་གནའ་བོའི་རིག་གཞུང་གི་ཡང་སྙིང་ལ་ཚེ་སྲོག་བསྩལ་ཞིང་། མ་འོངས་རིག་པའི་འཕེལ་འགྱུར་ལ་རེ་བ་བསླངས་སོང་། དེ་བས་འདིར་བོད་རིག་པའི་ཞིབ་འཇུག་པ་དང་ལོ་རྒྱུས་པ། མཚན་ཉིད་པ་དང་སྙན་ངག་པ་སོགས་ཤེས་ཡོན་པའི་དཔུང་སྡེ་བསྙེག་པའི་མི་བུ་དག་ལ་ཁ་ཕྱོགས་ཏེ། དཔེ་དཀོན་དེ་དག་ལས་དུས་རབས་ལྔ་དྲུག་གོང་འོག་གི་དཔྱད་རིན་དང་ལོ་རྒྱུས་ལྡན་པའི་ཡིག་རྙིང་རིགས་ལ་ཆ་གཤིབ་དང་། ལོ་རྒྱུས་ཞིབ་འཇུག་པ་དང་རབ་འབྱམས་པ་སོགས་མཁས་པའི་དབང་པོ་རྣམས་ལ་སྤྱན་འབུལ་ཞུས་མཐར་ཁོང་ཚོས་གདེང་འཇོག་དང་། རིན་ཐང་གཞལ་བ་ལ་བརྟེན་ནས་བདམས་བསྒྲིགས་བྱས་པའི་ཡིག་ཚན་སུམ་ཅུ་ལྷག་ཞིག་མི་ལོ་གསུམ་ལ་ཉེ་བའི་རིང་ལ་ཡིག་གཏགས་དང་ཞུས་དག་བྱས་ཏེ་ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ཞེས་པའི་པོད་འཕྲེང་ལྔའི་བདག་ཉིད་ཅན་ཞིག་པར་དུ་སྐྲུན་རྒྱུར་བྱུང་ཞིང་། དེ་ལ་མཚན་ཉིད་ཀྱི་སྐོར་དང་། ལོ་རྒྱུས་ཀྱི་སྐོར། རྣམ་ཐར་གྱི་སྐོར། རིག་གནས་ཀྱི་སྐོར་སོགས་རིགས་མི་འདྲ་བ་བཞིའི་དབྱེ་བ་ཡོད་ལ། བྱེ་བྲག་གི་ཆ་ནས་སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་མཛད་པའི་འདུལ་བའི་བསླབ་བྱ་ཨུ་དཔལ་ཆུན་པོ་སོགས་མདོ་ཡི་བོན་སྡེ་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སློབ་དཔོན་ཞང་སྟོན་བསོད་ནམས་རིན་ཆེན་གྱིས་མཛད་པའི་གསང་སྔགས་ངག་དོན་འཕྲུལ་གྱི་ལྡེ་མིག གཡས་རུའི་སྟོན་པ་བཅུ་གསུམ་པ་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱིས་མཛད་པའི་གསང་སྔགས་གི་དོན་གསལ་བར་བཤད་པ་སོགས་གསང་སྔགས་ཀྱི་བོན་སྡེ་དང་། གཏེར་སྟོན་གཤེན་ཆེན་ཀླུ་དགའི་དངོས་སློབ་ཅོག་ལ་གཡུ་སྐྱིད་ཀྱིས་མཛད་པའི་བྱང་སེམས་གབ་པ་དགུ་སྐོར་གྱི་གཞུང་དང་། ཚིག་དོན་སྒྱུ་མ་ལ་རང་དབང་འབྱོར་བ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལྟ་སྒོམ་ལམ་གསུམ་གྱི་རིམ་པ་དང་། རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་ཆུང་སོགས་རྫོགས་པ་ཆེན་པོའི་བོན་སྡེ་བཅས་མདོ་སྔགས་རྫོགས་གསུམ་གྱི་རིག་གཞུང་ཆ་ཚང་འདུས་ཡོད་པ་མ་ཟད། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་བསྒྲིགས་པའི་ངེས་དོན་གནད་ཀྱི་ཞལ་གདམས་དང་ཁོག་དབུབ་ལོ་རྒྱུས་དྲང་དོན། མཁས་པ་མི་བཞིའི་ས་དཔྱད། རྒྱ་ནག་ཆུ་རྩིས། ཞང་བོད་སྔགས་ཀྱི་བཀླག་ཐབས་སྤྲིན་གྱི་ཟེགས་མ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར་ཚིག་བཤད་མ། ནག་རྩིས་ཀྱི་སྐོར་སོགས་འདོར་ན་དབང་རྟུལ་དད་པ་ཅན་གྱི་མཇལ་ཡུལ་དུ་མ་གྱུར་ཞིང་། དབང་རྣོན་ཤེས་ཡོན་ཅན་གྱི་དཔྱད་ཡུལ་དུ་མ་གྱུར་བའི་གནའ་བོའི་རིག་གཞུང་ལོ་རྒྱུས་སུ་འཐིམ་ལ་ཉེ་བ་ཁག་ཅིག མི་འགྱང་བར་སངས་རྒྱས་ཀྱི་བསྟན་པ་ལ་འཕེལ་རྒྱས་དང་བོད་ཆེན་པོའི་རིག་གཞུང་ལ་གསལ་འདེབས་ཅིག་གི་སླད་དུ་བྱོན་པའི་སྔོན་བརྡ་ཞིག་བཏང་བའོ། །

ཞེས་གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ་ནས།
ཚོགས་གཙོ་ལྷ་བུ་བློ་བཟང་། 13547737553
ཚོགས་གཞོན་ཧོར་རྣམ་རྒྱལ། 15583076889

དཔེ་ཚོགས་དང་འབྲེལ་བའི་པར་རིས་ཁག་གཅིག





དཔེ་ཚོགས་ཀྱི་མདུན་ངོས་པར་རིས་ཁག








དཔེ་ཚོགས་ཀྱི་མ་དཔེ་ཡིག་རྙིང་ཁག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག