མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་ཞེས་པ་བོན་གྱི་ཡིག་རྙིང་པོད་སུམ་ཅུ་རྙེད་པའི་དཔེ་རིས་སོགས་ངོ་སྤྲོད།
ཕྱི་ལོ་༢༠༡༢ཟླ་༡༠ཚེས་༡༢ཉིན་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་བལ་པོ་ཕྱོགས་ ནས་མཛད་འཕྲིན་བསྐྱངས་ནས་རང་དགོན་དུ་ཞབས་སོར་འཁོད་ཡོད་པ་དང་དེ་དུས་ཁོང་གིས་ བོད་ནས་ཆེད་མངགས་ཀྱིས་བླུས་པའི་ནུབ་བྱང་མི་རིགས་ཞིབ་འཇུག་ཁང་གི་རྒན་འབྲུག་ ཐར་སོགས་ཀྱིས་དཔར་བསྐྲུན་གནང་བའི་དེབ་གཟུགས་སུམ་ཅུ་ཡོད་པ་“མདོ་སྨད་མདའ་ཚང་ ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་”ཞེས་པ་བོན་གྱི་ཡིག་རྙིང་པོད་སུམ་ཅུ་ཅན་དེ་ སྨན་རིའི་གླིང་དུ་གདན་ཞུས་གནང་འདུག་པ་དེའི་གླེང་བརྗོད་དང་དཔེ་རིས་ཁ་ཤས་ཤིག་ འདིར་ངོ་སྤྲོད་ཙམ་དུ་བཀོད་ཡོད།
གླེང་གཞི།
དེ་ཡང་སྤྱི་ལོ་༢༠༡༠ལོ་ཟླ་༦པར། ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་ དཔོན་ཆེན་མོ་འབྲུག་ཐར་ལགས་ཀྱིས་འགོ་ཁྲིད་གནང་སྟེ།་ལན་ཀྲོའི་སློབ་ཆེན་མི་ རིགས་རིག་པའི་ཞིབ་འཇུག་སློབ་མ་དང་།ཀན་སུའི་རིག་གནས་དཔེ་སྐྲུན་ཁང་གི་ཞུ་ཆེན་ པ་དང་། སྒྲ་ཕབ་བརྙན་ལེན་པ་བཅས་ལས་གྲུབ་པའི་ཀན་སུའུ་དམངས་དོན་བོད་ཀྱི་གནའ་དཔེ་དཀར་ ཆག་དག་སྒྲིག་རྟོག་དཔྱོད་ཚོགས་པ་ཉིད་མདའ་ཚང་དུ་ཕྱིན།་མདའ་ཚང་རྫོང་མི་རིགས་ ཆོས་ལུགས་ལས་དོན་སྡེ་ཁག་གི་འགོ་གཙོ་ལིས་ཀྲང་ཚེ་དང་། སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་གཞོན་པ་མོ་ཏི་མེན་ གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྣེ་ཁྲིད་དང་རོགས་རམ་འོག ཉིན་བཅུ་ལྷག་རིང་ས་དེ་གའི་བོད་ཁྱིམ་དུ་ཉར་བའི་བོན་པོའི་དཔེ་རྙིང་འགངས་ཆེན་ དག་ལ་རྟོག་དཔྱོད་ཞིབ་འཇུག་དང་། བཅར་འདྲི། པར་རྒྱག་པ་བཅས་བྱ་བ་ལྷུར་བླངས་པ་མ་ཟད། དགུང་ལོ་བདུན་ཅུ་དོན་དགུར་བཞེས་པའི་བགྲེས་པོ་ཆོ་རིང་ལུན་གྱིས་གྱེར་བའི་བོན་ གྱི་འདོན་རྟ་དཀོན་པོ་མང་པོ་ཞིག་ཀྱང་སྒྲ་ཕབ་མཛད།
མདའ་ཚང་ཡུལ་གྱི་བོན་པོའི་དཔེ་རྙིང་འགངས་ཆེན་དེ་དག་ནི་གཙོ་བོ་རྐ་ངོགས་ཞང་ལུང་རིང་དང་། ཞིན་ཁྲིན་ཙི་བོད་མིའི་ཞང་། ནན་ཧི་ཞང་བཅས་ཞང་གསུམ་དུ་གཏོགས་པའི་བོད་ཁྱིམ་བཅུ་གསུམ་དུ་ཉར་ཡོད་ཅིང་། ང་ཚོས་རྒྱུས་ལོན་བྱས་པ་ནི་འདི་ལྟ་སྟེ།
1 རྐ་ངོགས་ཞང་ལུང་རིང་སྡེ་བ་ནས་ཁྱོན་གླེགས་བམ་བཅུ་གསུམ་རྙེད།
རྒྱུས་ལོན་བྱས་པ་ལྟར་ན།་གླེགས་བམ་དེ་དག་ཉར་ནས་མི་རབས་ཉི་ཤུ་ལྷག་ཕྱིན་པ་ དང་། དེ་ལས་གླེགས་བམ་གཅིག་ནི་ཀོ་བའི་ཐོག་བྲིས་པའི་ཞང་ཞུང་ཡིག་རྒན་གཙོས་པའི་རྩིས་ གཞུང་གི་སྐོར་ཡིན།
2 ལིས་ཇེ་སྡེ་བ་ནས་ཁྱོན་གླེགས་བམ་དྲུག་རྙེད། རྒྱུས་ལོན་བྱས་པ་ལྟར་ན། མེན་རྒྱལ་རབས་སྐབས་ཀན་ལྷོའི་ཐེ་བོ་ནས་བརྒྱུད་ཡོང་བར་བཤད།
3 ཞིན་ཁྲིན་ཙི་ཞིན་ཕེན་སྡེ་བ་ནས་ཁྱོན་གླེགས་བམ་བརྒྱད་རྙེད། རྒྱུས་ལོན་བྱས་པ་ལྟར་ན། ཞིན་ཕེན་སྡེ་བའི་མི་རྒྱུད་ནི་ཡོན་རྒྱལ་རབས་སྔོན་ལ་སྟོད་མངའ་རིས་ནས་མཆེད་ ཅིང་།བོན་གྱི་དཔེ་རྙིང་དཀོན་པོ་འདི་དག་ནི་དུས་སྐབས་དེར་ཁྱེར་ནས་ཡོང་བ་དང་། ཁྱིམ་དུ་ཉར་ནས་མི་ལོ་བཞི་བརྒྱ་ལྷག་འདས་པར་བཤད།
4 ལོའུ་སྒང་ཐིག་སྡེ་བ་ནས་ཁྱོན་གླེགས་བམ་གཅིག་རྙེད། ནང་དོན་ལ་གཙོ་བོ་ཁྱུང་དང་། ཀླུ། གཡག ར་མ། བྱ་ཕོ་བཅས་སེམས་ཅན་དང་རྩི་ཤིང་གི་རིགས་ལ་བསང་མཆོད་འབུལ་བའི་ཆོ་གའི་རིམ་ གྲོའི་སྐོར་ཡིན།
5 ནན་ཧི་ཧྲང་ཀྲང་ཝན་སྡེ་བ་ནས་ཁྱོན་གླེགས་བམ་གསུམ་རྙེད།གླེགས་བམ་དུ་བོན་པོའི་ ཐང་ག་དཀོན་པོ་བཅུ་ལྷག་ཡོད་པ་དང་། ཁྱིམ་དུ་ཉར་ནས་མི་རབས་བཅུ་ལྷག་འདས་པར་བཤད། རེབ་འདིར་ཁྱོན་གླེགས་བམ་སུམ་ཅུ་སོ་གཅིག་རྙེད་སོན་བྱུང་ཞིང་། ཤོག་ངོས་བདུན་སྟོང་ཆིག་བརྒྱ་ལྷག་ལ་ཉེ། བོད་ཁྱིམ་དེ་དག་གིས་ཉི་ཟླ་གཟའ་སྐར་ལེགས་པའི་བོད་ཀྱི་དུས་ཆེན་ལ་མ་གཏོགས་རང་ དགར་གླེགས་བམ་གྱི་ཞལ་མི་ཕྱེས་ཤིང་། ཞལ་ཕྱེས་དུས་ཀྱང་། སྔོན་ལ་ལག་པ་བཀྲུ་བ་དང་། བདུག་སྤོས་འབུལ་བ། སྐྱབས་གསོལ་བཅས་རིམ་གྲོའི་ཆོ་ག་སྤེལ་ཏེ་གདན་འདྲེན་ཞུ་བ་ཡིན།ས་དེ་གའི་བོད་ མི་ཚོ་དེ་འདྲའི་ཕྱུག་པོ་མིན་ན་ཡང་། ཁོ་ཚོས་དཔེ་རྙིང་དེ་དག་ནི་ཕ་མེས་རྒྱུད་ཀྱི་རིན་ཆེན་དུ་འཛིན་ཞིང་། རིག་གནས་གསར་བརྗེའི་སྐབས་སུ། སྡེ་མི་ཡོངས་ཀྱིས་མནའ་ཚིག་དམ་པོར་བསྒྲགས་ཏེ། རི་ལ་གཏེར་དུ་སྦས་པ་དང་།
རིག་གནས་གསར་བརྗེའི་རྗེས་སུ། རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་དུས་ད་ལྟའི་བར་དུ་ཉར་ཚགས་བྱས། རྣམ་གྲངས་མང་ཞིང་ནང་དོན་རྒྱ་ཆེ་བའི་བོན་གྱི་དཔེ་རྙིང་འདི་དག་ནི། དུས་ཀྱི་བྱུང་བ་སྔ་ཞིང་ནང་དོན་ངོ་མཚར་བ་དང་། སྐུང་ཡིག་དང་བརྡ་རྙིང་གིས་བཅིངས་ཤིང་། ཞང་ཞུང་ཡུལ་སྐད་འདྲེས་པས་དོན་རྟོགས་དཀའ་བ། གླེགས་བམ་གྱི་ངོས་སམ་ཡིག་འབྲུའི་བར་མཚམས་སུ་ལྐོག་གྱུར་གྱི་རི་མོས་བརྒྱན་པ་ དང་། ནང་དོན་གཙོ་བོ་ནི་ས་འདུལ་གཏོ་བཅོས་དང་། བསང་འབུལ་དམར་མཆོད། མི་ཚེ་ཆོ་སྒྲུབ། མདོས་ཡས་གཏོང་བ། ཐན་འགོག་ཆར་ཕབ། ལྷ་གསོ་རྒྱག་བརྔན།ཕྱ་དང་གཡང་འགུག གཙང་ཤེས་སེལ་འདེབས། བླ་འབོད་ཚེ་འགུག མོ་ལུང་རྩིས་འདེབས། འདྲེ་སྲི་དང་། འགྲོ་ཤེས་གླུད་གཏོང་བཅས་ཡ་ཐོག་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་། ཡུལ་སྲོལ་གོམས་གཤིས་སོགས་ཡིན། དེབ་འདི་དཔེ་སྐྲུན་བྱེད་སྐབས་ང་ཚོས་མ་ཕྱི་སོར་བཞག་བྱས་ཏེ་ཚོན་མདོག་བཀོལ་ནས་ བསྐྲུན་པ་དང་། རྒྱ་ཆེ་བའི་ཀློག་པ་པོ་རྣམས་གཟིགས་བདེ་ཡོང་བའི་ཕྱིར་གོ་རིམ་ནི་མ་ཕྱི་ལ་ཇི་ ལྟར་ཡོད་པ་བཞིན་བསྒྲིགས་ཁུལ་བྱས་མོད། ལག་བྲིས་སྣ་ཐུང་མ་འདི་དག་དང་ཐོག་ཁ་ཐོར་གྱི་ཚུལ་དུ་ཡོད་པས་ན་གོ་རིམ་ཐད་ལའང་ ནོར་འཁྲུལ་འབྱུང་ངེས་པ་དང་། གཞན་བགྲེས་པོ་ཆོ་རིང་ལུན་གྱིས་གྱེར་བའི་བོན་གྱི་འདོན་རྟ་དཀོན་པོ་མང་པོ་ཞིག་ སྒྲ་ཕབ་བྱས་ཡོད་པ་དེའང་འོད་སྡེར་དུ་ཕབ་ནས་བསྐྲུན་ཡོད་དོ། །
༧སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་མཐུན་འགྱུར་གནང་།
ཁྲི་གཡུང་དྲུང་གི་ཟིན་བྲིས་༼ཁྱུང་སྐྱུགས༽ལས་བཤུས།