ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2012ལོའི་«བོན»དེབ་གསར་ཐོན།
2012ལོའི་«བོན»དེབ་གསར་ཐོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-01-07] [ཀློག་གྲངས། ]


«བོན»གྱི་ཕྱི་ཤོག

«བོན»གྱི་ནང་ཤོག

བོན་བཀླགས་པ།
ལོ་དེབ་འདིའི་སྔོན་གླེང༌།

      “བོནད”ནི་སྲིད་པ་ཆགས་ཀི་བརྡ་ཆད་གཅིག་སྟེ་གོ་ལའི་དབུ་ཞྭ་ཏོག་དཀར་གྱི་མཚན་མིང་འཛིན་པའི་ཁ་བ་གངས་ཅན་པའི་མིང་བྱང་རྙིང་མ་ཞིག “བོན”ནི་ཡ་ཐོག་མངའ་མཛད་དུས་རབས་ནས་བརྒྱུད་དེ་བཙན་པོའི་སྲོག་ཡིག་དམར་པོའི་རྣམ་ཤེས་ཀྱི་ཤེས་རབ་གླན་ས། མདོ་དེད་ན“བོན”ཞེས་པའི་ཡིག་འབྲུ་གཅིག་པུ་འདི་གང་ནས་བལྟས་ཀྱང་ཁ་བ་གངས་ཅན་པའི་ཡིག་འབྲུ་གཞན་དག་ལས་དགོས་གལ་ཧ་ཅང་ཆེ་བའི་བོད་ཀྱི་བླ་ཡིད་སེམས་གསུམ་གྱི་གཏིང་རྩར་ཟུག་པས་བོད་ཅེས་པ་འཛམ་གླིང་ནས་དུས་གཏན་དུ་ཡལ་མི་ཐུབ་པའི་གངས་རིའི་སྲོག་ཡིག་གསོན་པོ་དེའོ། །
       རྒྱུ་མཚན་དེ་ལྟར་ང་ཚོས་འདི་ནས«བོན»ཞེས་པའི་ལོ་དེབ་ཅིག་གསར་སྐྲུན་བྱེད་དགོས་པའི་དམིགས་ཡུལ་ཡང“བོན”ཞེས་པའི་བརྡ་དོན་ཕུན་སུམ་ཚོགས་པ་འདི་ལ་དུངས་པ་ཆེར་དྲགས་པའི་ཡིན་ཤས་ཆེ། དེ་ལྟར་ན“བོན”ནམ“བོནད”ཅེས་པའི་ཡིག་འབྲུ་རྡོག་གཅིག་པུ་འདི་འཁོར་འདས་ཤེས་བྱ་ཡོད་དོ་ཅོག་ལ་འཇུག་ཚུལ“འཁོར་བ་དང་མྱ་ངན་ལས་འདས་པའི་བོན”ཞེས་རླབས་ཆེན་གྱི་སྟོན་པས་ཡང་ཡང་གསུངས་མྱོང་བ་བཞིན། “བོན”ནི་ཏག་ཏག་སྲིད་པ་གསལ་བའི་མེ་ལོང་ཞིག་སྟེ་བོན་གྱིས་འཇལ་ཐུབ་པའི་རིག་རྫོང་ནི་མཐའ་མེད་ཅིག་ཡིན་པ་རྟགས་གསལ་བཏང་སྟེ་གཏན་ཚིགས་ལམ་ནས་འཇལ་མི་དགོས་པར་སླ་མོའི་ངང་ནས་དཔྱད་ཐུབ་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་བོད་ཀྱི་མེས་བོ་དག“བོན”ཞེས་པ་ལ་དེ་འདྲ་དགའ་དྲགས་པའི་གནད་ཀྱང་དེ་ཙམ་ཡིན་རྒྱུ་རེད། དཔེར་ན་དང་པོ་གནོད་སྦྱིན་ནག་པོའི་དུས་སུ་བདུད་བོན་ཁ་སྟ་འགྲེང་ཡུག་བྱུང་བ་དང་སྐབས་དེའི་བོད་མི་དག་གིས་བོན་སྤྱོད་མཁན་བདུད་བོན་ཁ་སྟ་འགྲེང་ཡུག་བདུད་ཀྱི་གོང་ན་གཉན་པ་བོད་ཀྱི་ཡིག་བྲིས་རྙིང་མ་རྣམས་སུ་གསལ་བ་དང༌། དེ་ནས་རིམ་བཞིན་རྒྱལ་སིལ་མའི་སྐབས་དང༌། སྤུ་རྒྱལ་བཙན་པོའི་གདུང་རབས་རིམ་བྱོན་རྣམས་སུ་རྒྱལ་གོང་ན་བོན་ལ་གཙིགས་བྱིན་ཚུལ་གྱི་ལོ་རྒྱུས་བགྲང་ལས་འདས་པ་གསལ་བས་བོད་ལ་མཚོན་ན“བོན”ཞེས་པ་ཇི་ལྟ་བུའི་བོད་ཀྱི་སྲོག་ཡིག་གལ་ཆེན་ཞིག་ཡིན་པར་བཤད་མ་དགོས་ཞིག་རེད་ཨང༌།
      ལྷག་པར་དུ་བོད་རྒྱལ་གྲི་གུམ་དང༌། ཁྲི་སྲོང་ལྡེ་བཙན་ཡང་ན་དེ་ལས་མང་བའི་དུས་སྐབས་རེ་རེའི་གདོང་ཟུར་མང་པོ་ཞིག་ནས“བོན”ཞེས་པའི་རིག་གནས་སྲུང་འཛིན་ཐད་དུ་སྐུ་སྲོག་ཕངས་མེད་དུ་ཕུལ་བའི་བོད་མི་བགྲང་ལས་འདས་པ་ཡོད་པ་འདི་དག་ལ་བལྟས་ན“བོན”ཞེས་པ་བོད་ཀྱི་སྲོག་ཡིག་ཡིན་པར་ཧ་ཅང་གསལ་བོ་རེད།
      དེ་ལྟར་བོད་ཀྱི་ཤེས་རིག་ཅན་གྱི་དང་པོར་བསྔགས་ཤིང་ཡིག་རྙིང་རྣམས་སུ་གཤེན་རབ་མྱི་བོ་ཞེས་གྲགས་པའི་སྟོན་པ་གཤེན་རབ་མི་བོས་བསྟན་པའི་རིག་གནས་ཀྱི་བརྡ་མཚོན་ལའང“གཡུང་དྲུང་བོན”ཞེས་གོང་དུ་གསལ་བའི“བོན”ཞེས་པའི་བརྡ་འདིས་མཚོན་དོན་གཙོ་བོར་བྱས་པ་འདི་ཡང་མཐའ་དེད་ན་སྲིད་པའི་གངས་ལྗོངས་ཏེ་བོད་ཀྱི་རིག་གནས་མཚོན་པའི་བརྡ་ཆད་ཅིག་ཏུ་སེམས་ཆོག་གོ །
      དེ་ལྟར་བོན་བསྲུངས་པ་ནི་བོད་བསྲུངས་པ་ཡིན་པས་ང་ཚོས་འདི་ནས«བོན»ཞེས་པའི་ལོ་དེབ་འདི་ལྟར་རྩོམ་སྒྲིག་བྱེད་ཐུབ་པ་འདི་ནི་གངས་རིའི་རིག་གནས་སྲུང་འཛིན་ཐད་ཀྱི་དགོས་གནད་ཆེ་ཤོས་ཤིག་ཏུ་བཤད་ཀི་ཡིན། ལྷག་པར་དུ་ལེ་ཚན་གྱི་ཆ་ནས་མིག་དང་དཔྱད་པའི་བོན། དགག་དང་སྒྲུབ་པའི་བོན། བདེན་བརྗོད་དང་སློབ་གསོའི་བོན། ཕྱྭ་དང་ཀེང་ཙེའི་བོན། སེམས་དང་ཚངས་སྲས་བོན། ལོ་རྒྱུས་དང་རབས་ཀྱི་བོན། གསར་འགྱུར་དང་གསར་འགྱུར་གྱི་བོན་སོགས་རིགས་དགར་མང་པོ་ཞིག་དབྱེ་ཡོད་པས་གཞུག་ཕྱོགས་ཀྱི་བོན་ནམ་བོད་ཀྱི་རིག་གནས་ཀྱི་བསྟན་པ་བསྐལ་བ་མ་ཞིག་བར་དུ་གནས་ཕྱིར་དཔྱོད་ལྡན་མཁས་དབང་རྣམས་དང་རྣམ་དཔྱོད་ཀྱི་རྩལ་སྒོ་རབ་ཏུ་ཡངས་པའི་རྩོམ་གྲོགས་རྣམས་ཀྱིས་དཔྱད་རྩོམ་གཙོ་ཡིན་པས་ལྗགས་རྩོམ་དག་འདི་ག་རྩོམ་སྒྲིག་ཁང་དུ་བསྐུར་གནང་ཡོད་པར་ཞུ།

ཀ་ཤུལ་བསོད་རིན་གྱིས་མདོ་སྨད་ཞིག་པོའི་གདན་ས་ནས།


དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག