ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2012ལོའི«བགྲེས་པོའི་འབེལ་གཏམ»གསར་ཐོན།
2012ལོའི«བགྲེས་པོའི་འབེལ་གཏམ»གསར་ཐོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། འདི་གའི་གཙོ་སྒྲིག་པ།] [ཟླ་ཚེས། 12-05-18] [ཀློག་གྲངས། ]


མདུན་ཤོག

མདུན་ཤོག་ནང་མ།

རྒྱབ་ཤོག་ནང་མ།

རྒྱབ་ཤོག

 བགྲེས་པོའི་སྔོན་གླེང་དྲུང་མུའི་ཆོ་རབས།

      ས་སྒང་རིལ་མོ་འདི་ཉིད་ངོས་ཀྱི་རྐང་གཉིས་དག་གི་དད་མོས་སུ་གྱུར་པའི་ལྟ་གྲུབ་མི་འདྲ་མི་གཅིག་པའི་བསྟན་པ་དང་ཆོས་ལུགས་ནི་གྲངས་ཚད་ལས་འདས་ཀྱང། རང་རེའི་མེས་པོ་གོང་མའི་རྣམ་དཔྱོད་ཀྱི་རྣོ་མྱུར་ལས་འཁྲུངས་པའི་ཤེས་རིག་དངོས་སམ་འུ་ཅག་ཧི་མ་ལ་ཡའི་ཕ་ཆོས་ངོ་ཐོག་ནི། མདོ་རྒྱུད་སེམས་གསུམ་དང་ལྡན་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ཁོ་ན་རུ་ངེས།
      ཇི་སྐད་དུ། གཡུང་ནི་སྐྱེ་བ་མེད་ཅིང། དྲུང༷་ནི་འགག་པ་མེད་པ་སྟེ། འབྱུུང་འཇིག་གཉིས་མེད་ཀྱི་ངོ་བོ་བརྟན་པའི་བོ༷ན་ཞེས་འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་མཆོག་ཏུ་གྱུར་པའི་རིང་ལུགས་དེ་ནི། ཞང་བོད་དམ་ཧི་མ་ལ་ཡའི་མི་རིགས་ཀྱི་བགྲེས་པོའམ་བསམ་བློ་བ་ཐོག་མ་རུ་གྲགས་པའི་ཚད་མའི་སྐྱེས་བུ་སྟེ། གཤེན་རབ་མི་བོ་ཆེ་ཞེས་པའི་སྟོན་པ་སངས་རྒྱས་དེས་སྲོལ་བཏོད་དེ། ད་ཕན་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་བྱུང་རབས་ཀྱང་ཟབ།
      ཤིང་རྟའི་སྲོལ་འབྱེད་པ་གང་དེས་གདུལ་བྱ་འགྲོ་བའི་མོས་ཁམས་ཅི་རིགས་པ་ལ་ལྟོས་ནས་དེ་དག་གི་གདུང་བའི་ཟུག་རྔུ་ཞི་བར་སྨན་པའི་ཐབས་ལམ་ཡང་སྣ་ཚོགས་སུ་གདམས་ཏེ། ཐོག་མར་ཞང་བོད་རིག་གནས་ཀུན་གྱི་རྨང་གཞིར་གྱུར་པ་བཟོ་རིག་པ་ནས་བཟུང་སྒྲ་རིག་པ་དང་དེ་བཞིན་རྩིས་སྨན་གསོ་བ་རིག་པ་སོགས་མདོར་ན་བློ་རབ་འབྲིང་ཐ་གསུམ་གྱི་རིམ་པ་དགུ་ལ་གཟས་ཏེ་བོན་ཐེག་པ་རིམ་པ་དགུ་ཡིས་གཙོས་པའི་གྱེར་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་ནང་དོན་རིག་པས་འགྲོ་བའི་སེམས་ཁམས་གསོ་བར་བྱེད་པའི་འཇུག་སྒོའང་ཟབ་པོར་ཕྱེས།
     དེ་ལྟར་གསུངས་ཤིང་བསྟན་པའི་འབེལ་གཏམ་ཡོད་ཚད་སློབ་འཁོར་བཅུ་གསུམ་གྱིས་རིས་སུ་བཀོད་ཅིང་ཕྱོགས་སུ་བསྡུས་པ་ལ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཞེས་གླེགས་བམ་བརྒྱ་དང་དྲུག་ཅུའི་གྲངས་སུ་བྱོན། བཀའ་གཞུང་དེ་དག་ལ་ཞང་བོད་མཁས་གྲུབ་ལོ་པཎ་རྣམས་ཀྱིས་དགོངས་འགྲེལ་གསལ་བྱེད་དུ་བཏབ་པའི་གཞུང་ཆེན་གང་དག་གནས་གཞི་གཅིག་ཏུ་བསྒྲིགས་པ་ལ་གཡུང་དྲུང་བོན་གྱི་བརྟེན་འགྱུར་ཞེས་པོད་གྲངས་སུམ་བརྒྱའི་ཡར་བརྒལ་དུ་གནས།
     གང་ལྟར་གཞལ་ཡས་རིན་ཐང་གིས་ཕྱུག་པའི་བཀའ་དང་བཀའ་བརྟེན་དེ་དག་ནི་ཧི་མ་ལ་ཡའི་འདབས་འབྲེལ་ཡུལ་གྲུ་ཀུན་ཏུ་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ཟུང་གོ་ཆོད་པའི་གསུང་རབ་ཀྱི་གཟུགས་སུ་གྲུབ་པས། གངས་རིའི་མུ་ཁྱུད་ཅན་གྱི་ལྗོངས་འདིར་མི་ལོ་སྟོང་ཚོ་དུ་མའི་རིང་ལ་འགོ་དམངས་ཀུན་གྱིས་ལུང་དང་རྟོགས་པའི་བོན་ལ་ཐུན་མོང་དུ་སྤྱོད་ཅིང། བློ་ཕུགས་བླ་མེད་རྫོགས་པ་ཆེན་པོར་གཏོད་ཀྱིན་གནས།
     འོན་ཀྱང། ཨ་གསར་དང་རེ་ལྟོས་ཀྱི་སྔབ་ལྟོགས་ཁྲག་རྩར་མཆིས་པའི་སྒང་པ་བོད་རྣམས་རེ་ཞིག་ལྷོ་ཡི་ཨ་ཙ་ར་སྤྲང་འཁྱམས་ཀྱི་ཟོལ་རྫུན་དབྱེན་སྦྱོར་དང་ཤར་གྱི་འཕྲུལ་མ་རྒྱ་བཟའི་མཆོར་སྒེག་སྒྱུ་སྤྲུལ་གྱིས་བསླུས་ཏེ། རང་ཡུལ་ན་བཞུགས་པའི་ནོར་བུ་གང་གི་ཡོན་ཏན་མཐའ་དག་བརྗེད་འགོ་ཚུགས་ནས། རང་སའི་རིན་ཆེན་དབྱིག་རྡོག་སྒྱེད་པུ་ཡང་མི་ལོད་ཅིང། རང་གནས་ཀྱི་ཙན་དན་བེར་ཀ་མེ་ཡོག་ཏུའང་མི་ཕེར་བར་བསྙོན་ནས། ཡོད་ཚད་ཀྱི་ཡོད་ཚད་དོག་མོར་མནན་ཞིང་ཆུ་བོར་བཏབ། ཞུགས་ལ་བཞེན་ཞིང་རླུང་ལ་བསྐུར། དགུང་དུ་སྤུར་ཞིང་རྒྱས་སུ་བཏབ། དེ་དག་གི་ཤུལ་དུ་ཕྱི་མི་ལྷ་རུ་བཀུར་ཞིང་བཤང་རྟུག་ཡན་ཆད་ཀྱང་དངོས་གྲུབ་ཏུ་བརླམས་ནས་ཕ་དང་བོན་གྱི་སྐྱིད་སྡུག་དང་ལས་དབང་ལ་ཕམ་ཉེས་བཟོད་དུ་དཀའ་བར་བཏང་།
      མདོར་ན་རང་ཡུལ་དེ་ཉིད་ལ་ལྷ་གསོལ་འདྲེ་འགུགས་སོགས་ཡུལ་ལུགས་གོམས་གཤིས་སྣ་རེ་ཙམ་ལས་མེད་པའི་ཆེས་རྗེས་ལུས་ཀྱི་མཐའ་འཁོབ་ཅིག་ཏུ་སྒྲོ་བཏགས་ཀྱིས་བསྐྱལ་ནས། མནའ་མ་དང་མགྲོན་པོར་ཆོས་དང་རིག་གནས་དྲངས་པའི་ངོ་སོ་ཆེ་ཙམ་བྱིན་ཏེ། རང་ས་གྲུ་བཞིའི་ནང་དུའང་རང་ཉིད་གཞན་གྱི་བྲན་དུ་བཀོལ་གྱིན་པའི་ལམ་ཕྱོགས་དེ་མི་ལོ་ཆིག་སྟོང་སུམ་བརྒྱའི་སྔོན་ནས་འགོ་ཚུགས་ཤིང་དེ་རིང་གི་བར་བློ་མགུ་ཡིད་ཚིམས་སུ་བསྡད།
      འོན་ཏེ་ཞང་ཞུང་བོན་ལ་བློ་སེམས་དཀར་བའི་བགྲེས་རབས་གོང་མ་ཚོས་བོན་དེ་དག་སྲོག་བས་གཅེས་པར་བཟུང་ནས་ཤིང་པར་དུ་བརྐོས་ཤིང་རྡོ་འབུམ་དུ་བརྩེགས། གྲོ་ག་དང་ཤོག་བུར་མཚལ་དང་སྣག་རིས་བཏབ་སྟེ་གཉན་འཕྲང་གི་དུས་སུ་གཏེར་དུ་སྦས་ནས་བསྲུངས་ཤིང་བསྐྱབས། ལྷག་པར་སྙན་དགོངས་ཀྱི་ཆིག་བརྒྱུད་གདམས་པ་དག་ཀྱང་འཚོལ་སྡུད་ཀྱིས་ཡིག་རིས་སུ་བཀོད་པའི་བྱིན་མཐུ་ལས་ད་ལྟ་དུས་རབས་ཉེར་གཅིག་འདིར་བོད་ཕྱི་ནང་ཀུན་ཏུ་འཆད་རྩོད་དང་ཐོས་བསམ་ལ་གཞོལ་བའི་བཤད་སྒྲུབ་ཀྱི་སྡེ་ཡང་མང་ལ། ཤར་ནུབ་གང་སར་བསྒྱུར་སྤེལ་ཞིབ་དཔྱོད་མཛད་པའི་མཁས་དབང་ཡང་འཕེལ།
      ཁྱད་པར་དུ་རྙིང་པའི་རིགས་གསེར་ལྟར་གཙིགས་པའི་ནུབ་ཕྱོགས་པའི་དོན་གཉེར་ཅན་དག་གིས་བོད་དང་ཧི་མ་ལ་ཡའི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་གི་སྒོ་འཕར་འབྱེད་པར་མེད་དུ་མི་རུང་བའི་གལ་པོ་ཆེ་ནི་དྲུང་མུ་གྱེར་ཁོ་ན་ཡིན་པར་རྟོགས་ཏེ་རྙིང་ཞེན་གྱི་སྒོ་ནས་དཔེ་རྙིང་ཉར་ཚགས་དང་དཔར་སྐྲུན་འགྲེམ་སྤེལ་གྱིས་ད་སྐབས་ས་ཕྱོགས་གང་སར་དཔྱད་དེབ་དང་དུས་དེབ་དེ་བཞིན་སློབ་གཉེར་བ་སོགས་འཐུས་སྒོ་ཇེ་ཚང་དུ་སྐྱོད་བཞིན་གནས།
      དེས་ན་འདི་ག་ལྷོ་རོང་ཡམ་བུའི་མཐིལ་དུ་ཆགས་པའི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སྡེ་ཚན་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་གིས་ཡུན་རིང་འབད་འབུངས་ཀྱི་སྐུལ་མ་ལས་རྩོམ་རིག་གི་གསོན་ཤུགས་རྒྱས་ཤིང་ཞང་བོད་ལོ་རྒྱུས་ཀྱི་བདེན་པ་བདར་བའི་སྨྱུག་ཐོགས་པ་སྟེ། བགྲེས་པོའི་བུ་རབས་ཚ་རྒྱུད་ཡང་མི་ཉུང་བ་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་པར་མ་ཟད། ལོ་དེབ་འདོན་ཐེངས་བཅུ་གཉིས་པ་འདིར་ཡང་ཁོང་ཚོས་གཙོས་པའི་ཕྱོགས་མཐའི་གྱེར་སྨྱུག་འཆང་བ་མང་པོས་རྩོམ་གྱི་རམ་འདེགས་འབེལ་འབེལ་ལྷུག་ལྷུག་ཏུ་གནང་བར་བཀའ་དྲིན་ལེགས་གསོལ་དང་ང་ཚོ་རྩོམ་སྒྲིག་ཚོགས་མིའི་ངོས་ནས་ཀྱང་གང་ཟབ་ཀྱིས་ངལ་བ་ཁུར་དུ་བླངས་ཏེ་བདམས་གསེས་བྱས་ཤིང་མཐར་སློབ་སྟོན་པའི་སྤྱན་སྔར་གཟིགས་འབུལ་ཞུས་ཏེ་བསྒྲིགས་ཁུལ་ལགས་ཀྱང་ད་དུང་ཡང་ནོར་སྐྱོན་གང་མང་ཞིག་ཡོད་ངེས་ལ་རྒྱ་ཆེའི་མཁྱེན་ལྡན་གྱི་གཟིགས་པ་པོ་རྣམས་ནས་དགེ་འདོན་སྐྱོན་སེལ་དང་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་འགོ་འདྲེན་གནང་རོགས་ཞུ་རྒྱུ་བཅས།

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག