ཉི་གཞོན་སྦུབས་ནས་ཟེར་བརྒྱ་སྤྲོས་ཏེ་རྨོངས་པའི་མུན་སྨག་ཝལ་གྱིས་བཅིལ། །
མ་ལུས་དབེན་གནས་བཅད་བརྒྱ་འགྲིམས་ནས་དཀའ་སྤྱད་ཞིང་གི་མུ་མཐར་ཉུལ། །
རྒྱལ་བའི་རྟོགས་སད་ཀློང་ནས་ཤར་ཏེ་འཁོར་འདས་རོ་གཅིག་འུབས་སུ་མྱངས། །
མཚན་མེད་བོན་ཀུན་ཐུགས་སུ་ཆུད་ནས་དགོངས་རྟོགས་སྦས་པའི་རྣམ་ཐར་སྐྱོངས། །
བླ་མ་མེ་སྟོན་དམ་པའི་ཞལ་ནས། །བླ་མེད་ཡང་དག་དགེ་སྦྱོར་སྐྱོང་བ་ལ། །
རང་ཟས་ཟ་བའི་ཕྱུག་པོ་མ་ཡིན་ལ། །དབང་ཟས་ཟ་བའི་དཔོན་པོ་མ་ཡིན་ལ། །
དད་ཟས་ཟ་བའི་བླ་མ་མ་ཡིན་ལ། །སྤྲང་ཟས་ཟ་བའི་བྱ་བྲལ་བྱས་ན་ལེགས། །
ཞེས་པའི་ཚིག་དུམ་འདི་དགེ་བྱེད་པ་ཡང་དག་པ་ཞིག་གི་ངོས་ནས་བལྟས་ན་ཇི་འདྲའི་ལྗིད་གོག་ཆེ་ཞིང་བསོད་ཉམས་འབུར་དུ་ཐོན་པ་ཞིག་རེད་ཨང༌། དམ་པ་ཁོང་ནི་དུག་ལྔ་གཡང་རོང་དུ་བསྐྱུར་བའི་འདོད་ཆུང་ཆོག་ཤེས་ཀྱི་འཇིག་རྟེན་གསར་བ་ཞིག་ཏུ་ཉུལ། ཁ་ཁུ་སིམ་ཞིང་བག་ཡངས་ལྷིང་འཇགས་ཀྱི་ཁོར་ཡུག་སྟེ། ཇི་འདྲའི་འགྲན་རྩོད་ཀྱིས་དབེན་པ། ག་འདྲའི་ཐོབ་ཤོར་གྱི་མཐའ་ལས་འདས་པ། མིང་སྙན་དང་གོ་སའི་མཁར་རྫོང་མི་བརྩིག་པ། སྒྱུ་མའི་ནོར་རྫས་ལ་འདུ་འགོད་དྲི་མའི་གཡའ་དག་པ། ཆགས་ཡུལ་དང་སྡང་ཡུལ་རོ་གཅིག་ཏུ་གཟིགས་པ། དག་པ་རབ་འབྱམས་འབའ་ཞིག་གི་འཇིག་རྟེན་ཏེ། ང་དང་ཁྱོད་ཀྱི་ཐ་སྙད་མེད་པའི་ལ་ལུང༌། གསེར་དང་བུང་བ་མཉམ་པའི་སྤྱི་ཚོགས། སྤྲང་ཟས་ཙམ་གྱིས་ཚེ་སྲོག་འཚོ་ཡང་ད་དུང་སེམས་ཁ་ཡོངས་སུ་ཚིམས་པའི་སྤོབས་པ་མངའ་བས། ཁྱེད་ནི་སེམས་དཔའ་ཆེན་པོ། ཁྱེད་ནི་རྣལ་འབྱོར་ཆེན་པོ། ཁྱེད་ནི་རི་སུལ་གྱི་དགེ་བྱེད་ཡང་དག་པ། དེ་འདྲའི་ཁོར་ཡུག་ཞིག་ཏུ་སྐྱེ་བའི་སྨོན་ལམ་འདེབས། ནམ་ཡང་སྨོན་ལམ་འདེབས། དེ་ཡང་སྐབས་དོན་གྱི་བརྗོད་བྱ་ནི། བླ་མ་ལི་ཤུས་ཞལ་ནས། རྣལ་འབྱོར་ལྟ་ཁམས་མ་ཆུང་སྤྱོད་པའི་ཁམས་མ་ཆེ། བདེར་གཤེགས་དགོངས་པ་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན། ཞེས་པའི་ལུང་གི་བརྗོད་བྱས་ཡོངས་སུ་སྤུད་པའི་སྙིགས་དུས་ཀྱི་དཀའ་ཐུབ་པ་རྣལ་འབྱོར་ཆེན་པོའི་མཚན་སྙན་ཡོངས་སུ་གྲགས་པའི་༧མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རྣམ་ཐར་མདོར་བསྡུས་ཙམ་ཞིག་འགོད་པ་ལ། དང་པོ་ལུང་གི་ཟིན་ཚུལ་དང་སྔར་མའི་སྐྱེ་རབས་བྱོན་ཚུལ། གཉིས་པ་སྐུ་སྐྱེ་བ་བཞེས་ནས་ཐོས་བསམ་སློབ་གཉེར་མཛད་ཚུལ། གསུམ་པ་དཀའ་བ་སྤྱད་ནས་གྲུབ་པ་བརྙེས་ཚུལ། བཞི་པ་སྐུ་མྱ་ངན་ལས་འདས་ཚུལ་བཅས་སོ། གྱེར་སྤུངས་ལུང་བསྟན་བདེ་གླིང་རྣམ་ཐར་དུ་དྲངས་པ་༨༩ལས། དངུལ་རྫ་སྒང་སྟོད་ཡོད་ཁམས་ས་ཕྱོགས་སུ། རྒྱལ་ཞེས་བྱ་བ་རིན་ཆེན་གནས་མཆོག་ནི། བྲག་རི་རིན་པོ་ཆེ་ཡི་མེ་རི་འདྲ། ཡང་ན་རིན་ཆེན་ཟང་གྱི་འདྲལ་སོ་འདྲ། སྡེ་དགུའི་ལྷ་ཚོགས་མེ་གུར་གཅིག་སྦྲེལ་བཞུགས། བདག་གིས་ཞང་ཞུང་ཟླ་དགུར་སྒྲུབ་པའི་གནས། དེ་ཡི་སྲུང་མ་སྒྲ་བླའི་རྒྱལ་མོའམ། ཀླུ་བདུད་ཧེ་བདག་ནག་མོ་ཞེས་སུ་གྲགས། ཞེས་པ་ནས། བོན་གྱི་འདུ་གནས་ངོ་མཚར་ཆེ་བ་ཞིག གློ་བུར་སྒར་བབ་ལྟ་བུ་ཐོགས་མེད་འབྱུང༌། གནས་པའི་ཚད་ནི་མི་རབས་བཅུ་གསུམ་ཡིན། ཟ་རང་མེ་འབར་ཉི་མའི་མིང་ཅན་དང༌། རིག་འཛིན་བྱིན་རླབས་ཁ་དམར་དེ་རུ་འབྱུང༌། སྔགས་སྲུང་བླ་ཤིང་བྷོ་ཊ་ཡ་ན་ལྗོན། དེ་ཡི་ཉེ་བར་དག་པའི་འཁོར་བདུན་གྱི། མི་གཡོ་ཏིང་འཛིན་བསྒོམ་པའི་གནས་ཀྱང་ཡོད། ལས་ཅན་ཝེར་རོའི་མིང་ཅན་བློ་ལྡན་འབྱུང་ཞེས་དང༌། ཡང་གསང་གླིང་པས། ངོ་མཚར་བཀོད་པ་བྲག་དམར་རི་འདུས་གནས། རྩ་གསུམ་རིག་འཛིན་མཁའ་འགྲོ་སྲུང་མ་འདུ། ཟབ་གཏེར་གསང་བའི་བཀའ་རྟགས་གྲངས་ལས་འདས། ཁྱུང་ལུང་དངུལ་མཁར་འོད་ཟེར་དྲྭ་བ་འབྲེལ། གྲུབ་ཐོབ་སྒྲུབ་གནས་བྱིན་རླབས་མ་ལུས་འཕྲོས། གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས། ལས་ཅན་སྐྱེས་བུ་གྲངས་མེད་བྱོན་པའི་ཡུལ། ཞེས་དང༌། དྲན་པའི་བཀའ་ཐང་གསང་གླིང་གཏེར་མ་༡༠༤ ལས། དེ་རྗེས་མེ་སྟོན་ཉི་མ་རྒྱལ་མཚན་ཞེས། དགོངས་གཏེར་དྲན་པའི་རྣམ་ཐར་ཉུང་ལ་འདུས། བོན་སྡེ་དམར་ཁྲིད་གདམས་པའི་སྐོར་ལ་དབང་ཞེས་དང༌། ཀུན་གྲོལ་གསང་བ་རྩལ་གྱི་རྣམ་ཐར་ལས་༢༠༠ལས། པད་མ་ལྷ་དབང་གི་རྣམ་སྤྲུལ་ཟིལ་གནོན་བཞད་པ་རྩལ་ཞེས་དང༌། ཡང་བདེ་གླིང་ཡང་གསང་རྣམ་ཐར་༦༠ལས། རིག་འཛིན་ཞིག་གི་རྣམ་སྤྲུལ་མེ་ལ་འབྱུང༌། ཉི་མའི་མིང་ཅན་ཤ་རྩ་སྔོ་ལ་དངས་ཞེས་སོགས་ལུང་བསྟན་དུ་མས་བསྟོད་ཡུལ་དམ་པར་གྱུར།
གདུང་རབས་གྲོལ་ཚུལ་ནི་སྔོན་ཚེ་ཡེ་སྨོན་རྒྱལ་པོའི་སྤྲུལ་པ་མིའུ་གཅིག་གཡུ་འབྲུག་རྟ་རུ་ཞོན་ཉི་ཟླ་ཕྱག་ན་འཛིན་བཞིན་ནམ་མཁའི་དབྱིངས་ནས་ལྡིང་སྐོར་བྱས་ཏེ། འཛམ་བུ་གླིང་གི་ཤར་ཕྱོགས་མདོ་སྨད་ཀྱི་ཡུལ་མེ་ཉག་ཡང་རི་འཁྱིལ་ཆེན་གྱི་རྩེར་བབས་ནས་བཟུང་མེ་ཉག་གི་རུས་མིང་ཐོག་པར་གྲགས། མེ་ཉག་གི་རུས་ལ་དེ་རྗེས་དཀར་ནག་གཉིས་སུ་གྱེས་ཏེ། དཀར་པོ་ལ་བླ་མ་སྐྱེ་ཆེན་སོགས་བྱོན་ཞིང༌། ནག་པོ་ལ་རྒྱལ་པོ་དང་དཔོན་པོ་དུ་མ་བྱོན། གདུང་རུས་དཀར་པོ་ལ་ཡར་རུས་དང༌། ནག་པོ་ལ་མར་རུས་ཞེས་གྲགས། ཡར་རུས་བརྒྱུད་པ་ལས་བླ་མ་དང་གྲུབ་ཆེན་དུ་མ་བྱོན་ཏེ། བོན་བསྟན་སྔར་དར་དུས་སུ་མེ་ཉག་ལྕེ་ཚ་མཁར་བུ་གཙོས་པའི་བོན་གཤེན་འགའ་བྱོན། བསྟན་པ་ཕྱི་དར་དུས་སུ་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་དང༌། དབལ་ཕུར་བརྒྱུད་པའི་མེ་སྟོན་དགུ་སོགས་རིམ་བཞིན་བྱོན། ཕུར་པའི་གསོལ་འདེབས་སུ་འཁོད་པ་ལྟར་ན། བྲག་དམར་དཔལ་གྱི་དགོན་གནས་སུ་མེ་སྟོན་ཚུལ་ཁྲིམས་སྟག་ལྷ། དབེན་གནས་གསས་ཁང་དུ་མེ་སྟོན་ཤེས་རབ་བདུད་རྩི། སྐྱིད་མཁར་ན་རིང་གནས་སུ་མེ་སྒོམ་ཁྱུང་རུམ། སྐྱིད་མཁར་ན་རིང་གསང་བའི་གནས་སུ་མེ་སྟོན་རྒྱལ་མཚན་འོད་ཟེར། ན་རིང་ལྷོ་ངོས་དྲང་སྟོད་དུ་དབལ་གཤེན་མེ་སྟོན་ར་ལྕམ། ན་རིང་གསས་ཁང་དུ་མེ་སྟོན་ཞི་བ་ངང་ལྡན། དེ་རྣམས་བྲུ་ཆེན་ཡབ་སྲས་དང་འགྲོ་མགོན་བློ་གྲོས་བར་གྱི་ཕུར་པའི་བརྒྱུད་རིམ་དུ་གསལ། ཤེལ་དཀར་དགོན་པའི་གནས་སུ་མེ་སྟོན་ཡེ་ཤེས་རྒྱལ་མཚན་དང༌། གར་བཞུགས་སྒྲུབ་གནས་སུ་མེ་སྟོན་ཤེས་རབ་རྒྱལ་མཚན། དེ་གཉིས་མཁས་གྲུབ་རིན་བློ་དང་མཉམ་མེད་ཆེན་པོའི་བར་གྱི་ཕུར་པའི་རྒྱུད་རིམ་དུ་གསལ་ལ་གཅིག་མ་ཚངས་བས་བརྟག་བྱར་གྱུར། ཡང་མེ་ཉག་གི་ཡར་རུས་གཅིག་ཚ་བ་པདྨ་འབུམ་གླིང་གི་གནས་སུ་ཆགས་ནས་དེ་ལས་དྲང་སྲོང་གྲུབ་པ་བརྙེས་པ་དང་སྔགས་འཆང་སྒོམ་ཆེན་འགའ་ཤས་བྱུང༌། མེ་ཉག་གི་མར་རུས་ལ་མེ་ཉག་གཡུ་རྩེ་རྒྱལ་པོ་སོགས་ནག་ཕྱོགས་ལ་འབད་ཆེ་བའི་དཔོན་རྒྱུད་འགའ་གྲོལ།
སྒོས་སུ་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་སྐྱེ་རབས་བྱོན་ཚུལ་དང་སྐུ་དངོས་ཀྱི་ལོ་རྒྱུས་ནི། དང་པོ་སྟོན་པ་ཞལ་བཞུགས་པའི་དུས་སུ་གཤེན་ཁ་སྟེ་ཡའི་སྐུ་སྐྱེ་བཞེས། དེ་རྗེས་གདུང་ཚོབ་མུ་ཆོའི་དུས་སུ་རྫུལ་འཕྲུལ་ཡེ་ཤེས་མཆོག་གི་སྐུ་སྐྱེ་བཞེས། དེ་རྗེས་རིག་འཛིན་ཟ་རང་མེ་འབར་གྱི་སྐུ་སྐྱེ་བཞེས། དེ་རྗེས་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ཀྱི་སྐྱེ་བ་བཞེས། དེ་རྗེས་རིག་འཛིན་དབྱིལ་སྟོན་དུས་སུ་དཔལ་ལྡན་རྣམ་རྒྱལ་དྲག་དབང་གི་སྐུ་སྐྱེ་བཞེས། དེ་རྗེས་སྤྲུལ་སྐུ་བློ་ལྡན་དུས་སུ་འབྲུ་ཞིག་ཡོན་ཏན་དབང་དྲག་གི་སྐྱེ་བ་བཞེས། དེ་རྗེས་ཁྱུང་ཞིག་ཡེ་ཤེས་རྒྱལ་མཚན་གྱི་སྐུ་སྐྱེ་བཞེས། དེ་རྗེས་ཨོ་རྒྱན་བསམ་གཏན་གླིང་པའི་སྐྱེ་བ་བཞེས། དེ་རྗེས་མི་ཤིག་རྡོ་རྗེའི་དུས་སུ་རྒྱ་རོང་ཉི་མ་རྒྱལ་མཚན་གྱི་སྐྱེ་བ་བཞེས། དེ་རྗེས་ཁྱུང་ཡུལ་གསེར་རུ་རྒྱལ་གྱི་གདུང་འཛིན་ཁྱུང་སྒོམ་དྲག་དབང་གི་སྐུ་སྐྱེ་བཞེས། དེ་རྗེས་མདོ་ཁམས་སྤུ་རྒྱལ་ཉེ་འདབས་སུ་ལྷག་གདོང་གཡུང་དྲུང་རྒྱལ་མཚན་གྱི་སྐུ་སྐྱེ་བཞེས་པ་བཅས་སྐྱེ་རབས་བཅུ་གཅིག་ཙམ་བྱོན།
སྐུ་དངོས་ཀྱི་ལོ་རྒྱུས་ནི་དང་པོ་སྐུ་སྐྱེ་བ་བཞེས་སའི་ཡུལ་ནི་ལྷོ་འཛམ་བུ་གླིང་གི་ཡོངས་རྩེའམ་གངས་རིས་ར་བས་ཡོངས་སུ་སྐོར་བའི་ཞང་བོད་ཀྱི་ཡུལ་སྟེ། ཞང་ཞུང་ལ་སྒོ་ཕུག་བར་གསུམ་ཞེས་ཡོངས་སུ་གྲགས་པའི་ཕྱི་མ་ཞང་ཞུང་སྒོ་པའི་ཡུལ་ལོ། བོད་ལ་སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཞེས་པའི་ཕྱི་མ་མདོ་ཁམས་སྒང་དྲུག་གི་ནང་གསེས་དངུལ་རྫ་ཟལ་མོའི་སྒང་རྒྱུད་དུ་ཆགས་པའི་རུས་མིང་མི་ལ་ཐོགས་ཤིང་མི་མིང་ས་ལ་ཐོག་པའི་དམ་པ་ཁྱུང་གི་གནས་སམ་ཁྱུང་ཡུལ་གྲུབ་ཐོབ་ཀྱི་འབྱུང་གནས་ཞེས་ཀུན་གྱིས་བསྟོད་བསྔགས་ཀྱི་རོལ་མོ་འཁྲོལ་བའི་གནས་དེར་རོ། ཁྱུང་ལ་དཀར་ནག་སེར་གསུམ་གྱི་ལྷ་སྡེ་ཡོད་པའི་ནང་ནས་ཁྱུང་ནག་དཔོན་གྱི་མངའ་ཁོངས་སུ་གྱུར་པའི་བོན་གྱི་བསོ་སྒྲ་མ་ཉམས་པའི་རྔ་ལ་རི་གྲོང་དངུལ་ཁུག་ནང་ཞེས་བྲག་དཀར་སྤང་ཤུག་འདྲེས་བའི་ཡུལ་ལྗོངས་མཛེས་སྡུག་ལྟ་བས་མི་ངོམས་ཞིང༌། རང་འབྱུང་རྩལ་ཆེའི་སྨན་རྫས་རྣམས་ཀྱིས་ཡོངས་སུ་ཁེངས་ལ། ས་འོག་གཏེར་རྫས་འདྲ་མིན་གྱིས་བྱུར་བུར་གཏམས་ཤིང༌། རི་བོ་རི་ཕྲན་རྣམས་ཀྱིས་ཤིང་ལོ་གོས་སུ་གྱོན་འདྲའི་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པའི་ཡུལ་ལྗོངས་དེའོ། །
མེ་ཉག་གི་ཡར་རུས་གཅིག་ཚ་བ་པདྨ་འབུམ་གླིང་དུ་ཆགས་པའི་ཡབ་གཡུང་དྲུང་ཨ་སྐྱབས་དང་ཡུམ་ལ་དབྱི་དམུ་བཙུན་ཚུལ་རྒྱན་ལས་སྲས་ཕུན་ཚོགས་དར་རྒྱས་འཁྲུངས། སྐུ་ན་ཆེར་སོན་ནས་ཕུན་ཚོགས་དར་རྒྱས་མཆོག་ནི་སངས་རྒྱས་གླིང་པའི་ཡང་སྤྲུལ་མི་ཕམ་མཆོག་དང་ཞང་པོ་ཚུལ་རྒྱན་གཉིས་རྣམ་གཉིས་ཀྱི་ལྷན་དུ་གྱིམ་ཤོད་གནས་སུ་བྱོན། དེ་རྗེས་ཕུན་ཚོགས་དར་རྒྱས་མཆོག་ནི་རྩེ་དྲུག་ཚང་གི་ནང་མ་རུ་བའི་ཡུལ་དུ་གཞིས་ཆགས། དེ་མཚམས་སྤྱི་ལོ་༡༨༡༦ལོར་ཡབ་ཕུན་ཚོགས་དར་རྒྱས་དང༌། ཡུམ་གཡུ་གཟའ་བོ་སྐྱིད་གཉིས་ཀྱི་སྲས་སུ་མེ་ཕོ་བྱི་བའི་ཟླ་གསུམ་པའི་མིག་དམར་ཚངས་དབྱུག་འགྲུབ་སྦྱོར་ཉིན་ངོ་མཚར་གྱི་ལྟས་དང་བཅས་སྐུ་འཁྲུངས་པའོ། ཡབ་ཀྱིས་གཡུང་དྲུང་ཕུན་ཚོགས་ཞེས་མཚན་གསོལ། བླ་མ་སྐྱེ་ཆེན་དུ་མས་ཁྲུས་གསོལ་དབང་བསྐུར་མཛད་ནས་བུ་འདིས་བསྟན་འགྲོར་ཕན་ཐོག་ཆེན་པོ་ཡོང་ངེས་པས་ཟས་གོས་ལ་སོགས་གཙང་མར་གཟབ་དགོས་ཚུལ་གསུངས། ཁྱེའུ་དེས་ཆུང་ངུ་དུས་ནས་ཤ་ཁྲག་གི་ཟས་ལ་རང་བཞིན་གྱིས་འཛེམ་ཞིང་མངར་གསུམ་ལོངས་སུ་སྤྱོད་པ་དང༌། བྱིས་པའི་རྩེད་མོའི་ཁྲོད་ནས་མགོ་བཏུམ་ནས་སྒོམ་རྒྱག་ཚུལ་དང༌། རྔ་གཤང་རོལ་མོ་བརྡུང་ཚུལ། ལྷ་ཁང་བཞེས་ཚུལ བྲག་ཕུག་མཐོང་ནས་འཚམས་སྡོད་ཚུལ། བླ་མ་ཡིན་ཞེས་དབང་བསྐུར་ཚུལ་རྣམས་ལྟོས་མེད་རང་བཞིན་ཀྱིས་འབྱུང་བ་འདི་ནི་སྔར་མྱངས་དང་ཕྱིས་ལྟས་གང་རུང་ཞིག་གི་ལས་འཕྲོ་སད་པའི་རྟགས་སུ་ངེས།
དགུང་གྲངས་དགུའི་ཐོག་ཡི་གེ་བསླབ་སྐབས་ཀ་སྨད་སུམ་ཅུ་ལ་སོགས་ཞལ་ནས་ཐོལ་ཤར་དུ་བརྗོད་པས་ཐམས་ཅད་དགའ་དགུ་ཡིད་རངས་དང་ངོ་མཚར་སྐྱེས། ཟླ་བ་གསུམ་ནས་འབྲི་ཀློག་ཐོགས་མེད་དུ་མཁྱེན་པར་གྲགས། རྩེ་དྲུག་དགོན་དུ་སངས་གླིང་གི་འདས་མཆོད་ཁར་བྱོན་ནས། དགེ་སློབ་གཉིས་ཀྱིས་བླ་གྲྭ་རྣམས་ཀྱི་ཞལ་སྔར་ཡིག་རྒྱུགས་ཕུལ་བས་དེར་ཡོད་ཀུན་མཉེས་ནས་ནོར་མ་བུ་ཡིས་ཡི་གེ་སྦྱོང་པ་མི་འདྲ་བ་འདུག་ཟེར་ནས་ཀུན་གྱིས་དད་སྤྲོའི་མི་ཏོག་འཐོར། དེ་རྗེས་འགྲན་བྲལ་བསོད་ནམས་རྒྱལ་མཚན་མདུན་ནས་སྔོན་འགྲོ་ཨ་གཏད་ལ་སོགས་དང༌། དངོས་གཞི་གཉུག་མའི་སེམས་ཁྲིད་ཞུས་ནས་ཉམས་རྟོགས་ཀྱི་ཡོན་ཏན་ལྷང་དུ་བརྡོལ། དེ་ནས་དགུང་གྲངས་བཅུ་དགུའི་ཐོག་བླ་མ་དེའི་དྲུང་ནས་གཙང་ཁྲིམས་ཉི་ཤུ་རྩ་ལྔ་ཞུས་ནས་མཚན་དུ་བསོད་ནམ་གཡུང་དྲུང་གསོལ། དེ་ནས་བཟུང་མདོ་ཁམས་སྟོད་སྨད་བར་གསུམ་གྱི་བླ་མ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་དབང་ལུང་ཟབ་ཁྲིད་མང་དུ་ཞུས་པ་མ་ཟད། ལྷག་པར་རྩ་བའི་བླ་མ་འགྲན་བྲལ་བསོད་ནམས་རྒྱལ་མཚན་མཉེས་པ་གསུམ་གྱིས་སྒོ་ནས་བསྟེན་ཏེ། བཀའ་རྒྱུད་སྐོར་བཞི་དང་རྩ་རླུང་མུན་མཚམས་སོགས་ཀྱི་གདམས་ཁྲིད་མང་དུ་གསན། ཐོད་བརྒལ་ཁྲེག་ཆོད་སྐོར་གྱི་ཉམས་ལེན་དཔྱིས་ཕྱིན་པ་གནང་ཞིང༌། ཡིད་དམ་ཕྱི་ནང་གསང་གསུམ་གྱི་བསྙེན་བསྒྲུབ་དུ་མ་བསྐྱལ།
དགུང་གྲངས་ཉེར་གཉིས་ལོར་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་དྲུང་ནས་ཞི་ཁྲོ་དབང་ཆེན་དང༌། དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ནོད་ནས་མཚན་དུ་མེ་སྟོན་ཉི་མ་རྒྱལ་མཚན་ཞེས་གསོལ། སྐབས་དེར་དཀར་རུ་དཔོན་ནོར་བུ་དགྲ་འདུལ་གྱིས་སྦྱིན་བདག་མཛད་ནས་གསེར་ཁང་མར་ཤོད་དུ་ཟླ་བ་བཅུ་བདུན་ལ་མུན་མཚམས་དང་ཐོད་བརྒལ་སོགས་ལེགས་པར་སྦྱངས་ནས་བླ་མའི་བཀའ་དྲིན་དྲན་གསོའི་ཆེད་དུ་ཀ་ཕྲེང་ཤོ་ལོ་ཀ་སུམ་ཅུ་གསུངས། དགུང་གྲངས་ཉེར་ལྔ་ཐོག་འཚམས་ལས་གྲོལ་ནས་ཁྱུང་ཡུལ་གཡུང་དྲུང་གཙུག་ཕུད་མདུན་ནས། སྐུ་གསུམ་བཅུད་དྲིལ་དང། བླ་མ་ཡང་གསང་དབང་ལུང་ཟུང་འབྲེལ། སྦོད་སྟོང་དབང་དང་རྗེས་གནང༌། ཞི་ཁྲོ་བྱང་ཆུབ་དབང་དང་བྱང་ཁྲིད། གདུགས་དཀར་དང་མ་གཤིན། ཚེ་སྒྲུབ་སོགས་ཀྱི་དབང་ལུང་ཐོབ། ཡང་རྩ་བའི་བླ་མ་བསོད་ནམས་རྒྱལ་མཚན་མཆོག་གི་དྲུང་ནས། རྣམ་རྒྱལ་དང། བྱམས་མ་མཆོད་གཏོར་རྣམས་དང། སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ། མཁའ་འགྲོ་དགོངས་འདུས། ཨ་ཁྲིད་རྣམ་ཐར་དང་ཁྲིད་གཞུང་གགས་སེལ་དང་བཅས་པ། རྫོགས་ཆེན་ནམ་མཁའ་སྤྱི་སྤྱོད་ཚང་མ། དམར་མོ་མཛུབ་ཚུགས། ཞི་ཁྲོའི་ངོ་སྤྲོད་རྒྱས་འབྲིང་བསྡུས་གསུམ། འཕོ་ཆོག་ལ་སོགས་ཟབ་གདམས་མང་དུ་ཞུས།
དེ་ནས་བྲག་དམར་རི་འདུས་ཀྱི་ས་བཙལ་བའི་སྔོན་རོལ་དུ་རྒྱལ་ཆེན་ཤེལ་ཁྲབ་གཙོས་བྲག་དམར་རི་འདུས་ཀྱི་གནས་བདག་རྣམས་ཀྱིས་བསུ་མའི་རྟགས་དང་མཚན་མ་ཤར་ནས་སྤྱི་ལོ་༡༨༤༤ལོ་དང་དགུང་གྲངས་ཉེར་དགུའི་ཤིང་ཕོ་བྱི་ལོའི་ཟླ་བ་གསུམ་པའི་ཚེས་བཟང་ཉིན་དཀར་དཔོན་ནོར་བུ་དགྲ་འདུལ་མཆོག་གིས་སྦྱིན་བདག་མཛད་ནས། འདུ་གནས་རིན་ཆེན་འབར་བའི་གནས་དེར་རི་སྒོམ་མཛད་སའི་ས་གནས་བཙལ་དུ་བྱོན། བྲག་དམར་རི་འདུས་ཀྱི་ཤར་ཕྱོགས་ནས་བྲག་དཀར་དམར་གཉིས་ཀྱི་དམུ་ཐག་ཐུར་དུ་བརྐྱང་བའི་སྣེར་བྲག་མན་ཇིལ་རྐང་གསུམ་འདྲ་བའི་སྟེང་དུ་མཚམས་ཁང་གི་རྨེང་གཏིང་ནས་ཡ་མཚན་ཆེ་བའི་ལྟས་སྣ་ཚོགས་པར་ཤར། ཐོག་མར་ཤིང་ཁང་མི་གཅིག་ཤོང་ཙམ་གྲུབ་ནས་དེར་སྒྲུབ་སྒོ་བསྡམས་ནས་བཞུགས། དེའི་གཡོན་ཕྱོགས་སུ་ཀླུ་བུམ་སྦས་ནས་སྨན་འབྲུ་མེ་ཏོག་ལ་སོགས་མཆོད་བསྟོད་ཕུལ་རྗེས་མི་རིང་བར་ཆུ་མིག་རྡོལ་བས་གཏེར་ཆུ་ཞེས་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། དགུང་གྲངས་སོ་གཅིག་ཐོག་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གི་དྲུང་ནས་ཨ་གསལ་ཉམས་ལེན་ལྔ་སྐོར་སོགས་དབང་ལུང་ཁྲིད་གདམས་འགའ་ཞིག་ཞུས། དེ་མཚམས་སྟོན་པའི་ཐུགས་སྤྲུལ་ཀོང་པོར་བོན་རིར་བྱོན་ནས་ཞབས་སྐོར་འགའ་ཕེབས་ཤིང་སེམས་ངོ་མ་འཕྲོད་པའི་ཤི་འདྲེ་དུ་མ་སོགས་ལ་ངོ་སྤྲོད་སྨོན་ལམ་གྱིས་རྒྱས་གདབ། གནས་འདུན་དུ་སྤ་ཚང་བླ་མ་ཚེ་དབང་སྙིང་པོ་སོགས་དགོན་སྡེའི་བླ་གྲྭ་རྣམས་ལ་ཟབ་དགུའི་གདམས་ཁྲིད་བསྩལ་ཏེ་ཐུགས་ཡིད་ཚིམས་པར་མཛད། དེ་ནས་ཁྱུང་ཡུལ་དུ་ཚུར་ཕེབས་ལམ་ཡོན་བདག་གི་འབྲེལ་བ་ཆེ་ཤོས་ཤོག་ལྔ་ལམ་ལྷ་དགོན་དུ་ཞི་ཁྲོ་དགོངས་འདུས་འཚོག་རྟེན་དུ་རྟ་དང་ཟང་ཟིང་གི་དངོས་རྫས་སྣ་ཚོགས་པ་རྟེན་བཞག་མཛད། དེ་ནས་རི་ཁྲོད་དུ་བྱོན་ཟིས་རྗེས་སྒྲུབ་ཁང་དང༌། འདུ་ཁང་གསེར་གདུང་ཆུང་བ་གཉིས་དང་ནང་རྟེན་བཅས་རིམ་བཞིན་གསར་བཞེངས་མཛད།
དེ་ནས་ལོ་སྒྲུབ་ལ་ཟླ་རེ་ཉ་བཞི་ལ་ཚོགས་བརྒྱ་ཆག་མེ་ཕུལ་རྒྱུ་དང༌། ལོ་གསར་གྱི་ཚོགས་བཅས་ལོ་རེ་སྟོང་ཚོགས་རེ་དང༌། རྩ་གསུམ་བསྐང་གསོལ་རྒྱས་པ་ལོ་སྒྲུབ། ཟླ་བ་རེ་ལ་ཟླ་གསོལ་ཆག་མེ་རྒྱུན་སྐྱོང༌། ཞག་རེའི་ཐོ་རངས་ནས་བསྙེན་སྒྲུབ་ཀྱི་དབུ་བཟུང་ཞིང༌། ཉི་ཤར་དུས་ནས་བསང་དང་མཆོད་གཏོར་རྩ་གསུམ་ལྷ་ཚོགས་ཀྱི་བསྐང་མཆོད་ཚར་ནས། ཉི་དྲོས་གུས་ལྡན་བུ་སློབ་ཚོགས་ལ་བོན་ཆོས་གང་འདོད་ཀྱི་དབང་ལུང་ཁྲིད་སོགས་ཀྱི་གདམས་ངག་བསྩལ། ཕྱི་འཕྲེད་དུས་ནས་སྲུང་མའི་མཆོད་བསྐུལ་དང་ལུས་སྦྱིན་བསྔོ་སྨོན་སོགས་ཀྱིས་རྒྱས་གདབ། ནམ་གུང་སྟངས་ར་རྣམ་གསུམ་གསལ་གདབ་སྟེ། རྩ་རླུང་གསོལ་འདེབས་དང་དུག་རླུང་ཕྱུང་ཞིང་བུམ་ཆེན་བརྒྱ་རེ་རྫོགས་ནས་སྐབས་འགར་ལུས་སྦྱོང་འཕྲུལ་འཁོར་བྱས་རྗེས་འོད་གསལ་ངང་དུ་མཉམ་པར་བཞག
དགུང་གྲངས་སོ་བརྒྱད་སྐབས་ལུང་ཟིན་སྨོན་ལམ་རྒྱལ་མཚན་ཡར་བསུས་ཤིང༌། ཁྱུང་པོ་དཀར་ནག་སེར་གསུམ་དཔོན་ཁག་དང་ཡོན་བདག་རྣམས་ཀྱིས་རྟེན་བཞག་གི་རྒྱུ་ནོར་དང༌། སྐབས་ཀྱི་ལག་ཡོད་རྣམས་ཀྱིས་རྟེན་རྩ་བྱས་ནས། དཔྱིད་ཀར་ཀུན་བཟང་རྒྱལ་བ་རྒྱ་མཚོ་མདོ་ཆོག་ཁག་གསུང་ལ། དབྱར་གནས་སུ་འདུལ་ཆོགསྟོན་འཇུག་ལ་ཆེ་མཆོག་དགུ་གཏོར། དུས་བཞི་སྨན་ཆོག་ལས་བཞིའི་སྦྱིན་སྲེག་སོགས་ཀྱི་ལམ་སྲོལ་དང༌། གཞན་ཡང་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་ནས་མཉམ་མེད་དུས་ཆེན་འཚོག་རྟེན་མ་འཇོག་གནང་བ་སོགས་ཀྱི་སྲོལ་བཙུགས། སྐབས་དེར་བདེ་ཆེན་གླིང་པ་བྱོན་ནས་བཀའ་བབས་རྒྱུན་འཛིན་དགོས་ཚུལ་དང༌། ཟ་རང་མེ་འབར་སོགས་ཀྱི་སྐྱེ་རབས་གྲོལ་ཚུལ་རྣམས་གསུངས། རི་ཁྲོད་ཞོལ་གྱི་ས་གནས་དེར་དགོན་པ་རྒྱག་རྒྱུའི་ལུང་བསྟན་ཡང་གནང༌།
དགུང་གྲངས་ཞེ་བདུན་ཐོག་ཆེ་མཆོག་དྲན་དྲག་སྒྲུབ་བཞིན་པའི་དུས་དེར་མེ་སྟོན་གཡུང་དྲུང་ཉི་རྒྱལ་ཞེས་ཕྲུ་གུ་ལོ་བརྒྱད་པ་ཞིག་ཡར་བསུས་ཏེ། རི་དགོན་བླ་གྲྭ་མཉམ་དུ་བཤད་ཁྲིད་གསན་ཞིང་སོ་ཐར་གྱི་སྒོར་ཞུགས་ཀྱང་མི་རིང་བར་ལོ་བཅུ་ཡི་ཐོག་དགོངས་པ་རྫོགས། དགུང་གྲངས་ཞེ་བརྒྱད་ཐོག་བདེ་ཆེན་གླིང་པས་ལུང་བསྟན་པའི་རི་ཁྲོད་ཀྱི་ཞོལ་དུ། ལྷ་སྡེ་ཐམས་ཅད་འདུས་ནས་རྣམ་ཀློང་དང་དུས་འཁོར་བཅས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྟེང་དགོན་གྱི་ལྷ་ཁང་རྨེང་གཞི་བཏིངས་བའི་ས་སླངས་བྱས། དེའི་ཕྱི་ལོ་ས་སྐྱོང་བསྟན་སྦྱིན་གནམ་སྲས་དོན་གྲུབ་སྐུ་ཡི་བཀོད་པ་བསྡུས་པར་དགེ་སྐལ་དང་སེམས་ཅན་གྱི་ཕྱག་རྟེན་དུ། མཛད་མདོ་དྲི་མེད་གཟི་བརྗིད་དང༌། མི་ནུབ་མཚན་མདོ་སོགས་བཞེངས། དགུང་གྲངས་ལྔ་བཅུ་ཐོག་དགོན་གྱི་འདུ་ཁང་དང་སྒྲུབ་ཁང༌། སྐུ་ཞབས་རྣམས་གཉིས་ཀྱི་གཟིམས་ཁང་ལྷ་ཁང་བཅས་རིམ་བཞིན་གྲུབ། ནང་གི་སྐུ་གསུང་ཐུགས་ཀྱི་རྟེན་གང་མཚམས་བཞེངས་གྲུབ། རི་ཁྲོད་ཀྱི་མཆོད་རྩ་མཉམ་མེད་དུས་ཆེན་དང༌། རྒྱལ་བ་རྒྱ་མཚོ། སྨོན་ལམ་མཐའ་ཡས། དབྱར་གནས་འདུལ་ཆོག ཁྲོ་ཕུར་དགུ་ཆེན་ཐམས་ཅད་སྟེང་དགོན་ལ་འཚོག་རྒྱུ་བྱས། སྟེང་དགོན་ནས་མ་ཏྲི་དབྱར་སྒྲུབ་དགུན་སྒྲུབ་དང༌། སངས་གླིང་དུས་ཆེན་ཐུགས་སྒྲུབ་རྣམ་གསུམ། ལྷ་རྒོད་དགུ་གཏོར། དུས་འཁོར་བཅས་རི་ཁྲོད་ལ་འཚོག་རྒྱུའི་སྲོལ་ཚུགས།
དགུང་གྲངས་ང་གཅིག་ཐོག་ལྷོ་གཏམ་སྟོདཕྱོགས་སུ་བསོད་སྙོམས་ལ་བྱོན་སྐབས་གཤེན་རྗེ་མ་ཧེའི་གདོང་ཅན་ཞལ་དངོས་སུ་བསྟན་ནས་བསྟན་སྦྱིན་མངྒ་མིང་ཅན་ལ་རྫོགས་ཆེན་གྱི་དབང་ལུང་གནང་བ་དང༌། ལྷ་ཁང་གསར་བཞེངས་བྱས་ན་བསྟན་འགྲོར་ཕན་ཐོག་ཆེན་པོར་འབྱུང་ཞེས་ལུང་བསྟན་ལྟར་ཨ་འཚོ་མངྒ་རདྣ་ལ་རྫོགས་ཆེན་ནམ་མཁའ་སྤྱི་སྤྱོད་ཀྱི་དབང་ལུང་གནང་ཞིང༌། གཡུང་དྲུང་དར་རྒྱས་གླིང་གི་དགོན་པ་ཕྱག་བཏབས། དགུང་གྲངས་ང་གསུམ་ཐོག་དྲིན་ཆེན་རྩ་བའི་བླ་མ་མཁའ་སྤྱོད་དུ་ཞིང་ཕེབས་སྐབས་སྤྱན་ནས་མཆིལ་མ་འབྲུག་བཞིན་ལུས་ཀྱི་བ་སྤུ་ཟིངས་བས་དད་ཤུགས་དྲག་པོ་སྐྱེས་ནས་གདུང་འདེབས་སུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང། དྲི་མེད་གཟི་བརྗིད། མི་ནུབ་མཚན་མདོ་སོགས་བཞེངས།
དགུང་གྲངས་ང་བཞི་ཐོག་མཐོང་གྲོལ་རི་ཁྲོད་དུ་རགས་པའི་ཁམས་ཀྱི་ཟས་སྤང་ནས་ཨ་རུ་དང༌། ཅོང་ཞི་ཆུ་གཙང་དང་འོ་མ་བུ་རམ་ལ་བརྟེན་ནས་དཀའ་སྤྱད་སྙིང་རུས་ཐོག་རིག་པ་རྐྱང་འདེད་འབད་ནས་ལོ་བཞི་བཞུགས། དེ་ནས་དགུང་གྲངས་ཉེར་བཞི་བར་ཁམས་ཀྱི་ཟས་ལ་མ་བརྟེན་པར་རིག་པ་རྐྱང་འདེད་ཀྱི་ཉམས་ལེན་ཁོ་ནར་འབད་ནས་སྣང་བཞི་རང་སར་གྲོལ་བའི་ཉམས་ལེན་རྒྱུན་སྐྱོངས་བའི་མཐར་དགུང་གྲངས་གྱ་གཉིས་སྤྱི་ལོ་༡༨༩༧ལོར་གཟིམས་ཁང་སྒོ་བསྡམ་ནས་དགོངས་པ་བོན་དབྱིངས་སུ་བསྡུས། བླ་མས་ཞལ་ཆེམས་དུ་བདུན་ཕྲག་གསུམ་བར་སྒོ་མ་ཕྱེ་གསུང་ཤིང༌། བླ་གྲྭ་རྣམས་ཀྱིས་དེ་ལྟར་དྲན་པ་ཡང་གསང་དང༌། ཡབ་སྲས། ཐོས་གྲོལ། ཚེ་དབང་བོད་ཡུལ་མ་ལ་སོགས་ཀྱི་མཆོད་ཚོགས་གྱ་ནོམ་པ་ཕུལ། སྐབས་དེར་གཟིམས་ཆུང་གོང་འོག་བར་གསུམ་དུ་འཇའ་ཚོན་སྣ་ལྔའི་འོད་གུར་འདྲ་མིན་ཕུབ་ནས་ཡོད་སྟབས། དཀར་རུ་དཔོན་རྟ་མགྲིན་དབང་འདུས་ཀྱིས་གདུང་མཇལ་ཞུ་བསམ་ནས་གཟིམས་སྒོ་ཕྱེས་ནས་བལྟ་སྐབས། བཞུགས་ཁྲི་གཡས་གཡོན་དུ་འཇའ་ཚོན་འོད་ཟེར་རབ་དུ་འཕྲོ་བཞིན་ཡོད་པ་མཐོང་བས་དེ་མ་ཐག་ངུ་འབོད་དང་བཅས་ང་ཚོའི་དད་རྟེན་དུ་བཞུགས་རོགས་ཟེར་བཞིན་ཕྱག་ལག་བཞུགས་ཁྲི་ཐོག་ཏུ་འཇུས་བྱས་པས། འཇའ་འོད་རྣམས་རང་སར་ཡལ་ནས་སྐུ་སྤུར་ཕྲུ་གུ་ལོ་གསུམ་པ་ཅན་ཞིག་ཏུ་བཞུགས། སྐུ་སྤུར་དེ་ཉིད་དད་རྟེན་དུ་བཤམས་ནས་ཕྱིས་སུ་རིག་གནས་གསར་རྗེའི་སྐབས་སུ་ཞུགས་ལ་བཞེན་པའོ། །
སྤྱིར་རྣལ་འབྱོར་པ་ཁོང་ལྟ་བུའི་རྣམ་ཐར་དང་འདུལ་ཞིང་བུ་སློབ་དགོངས་རྟོགས་ཀྱི་ཡོན་ཏན་སོགས་བགྲང་པ་ནི་ཕྲན་ལྟ་བུ་ནམ་མཁར་འདོམ་གྱིས་འཇལ་ཚུལ་དང་མཚུངས་པས་ཤིན་ཏུ་བརྗོད་ཐུབ་དཀའ་ཡང་མཆོག་ཏུ་མངའ་བའི་སློབ་བུ་འགའ་ཤས་ཀྱི་མཚན་སྨོས་ན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང༌། རྣལ་འབྱོར་བཟོད་པ་རྒྱལ་མཚན། གྲུབ་དབང་སྨོན་ལམ་རྒྱལ་མཚན། སྤ་ཉི་མ་འབུམ་གསལ། ཨ་འཚོ་བཀྲ་ཤིས་རྒྱལ་མཚན། ལྷོ་གཏམ་སྟོད་མལ་གྲོང་ཡེ་ཤེས་བློ་གྲོས། སྒང་རུ་དར་དགོན་བླ་མ་སངས་རྒྱས། ག་ཤེལ་སྐལ་བཟང་གྲགས་པ། འབོ་ཤེལ་གདུང་འཛིན་ཚེ་རྒྱལ་སོགས་བྱོན།
རྗེས་སུ་བཞག་པའི་གསུང་རྩོམ་སྐོར་ལ། འཇིག་རྟེན་སྲིད་པའི་རྣམ་བཤད། ( བསྟན་འགྱུར་དུ་འཁོད་མེད། ) གསང་སྔགས་ལུང་དོན་བསྡུས་པའི་ཁ་བསྐང༌། ( བསྟན་འགྱུར་དུ་འཁོད་མེད། ) དྲན་པ་ཡང་གསང་ཡིད་བཞིན་ནོར་བུའི་ཕྱག་བཞེས། མེ་སྟོན་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་རྣམ་ཐར། ཆེ་མཆོག་དྲན་པ་ཡང་གསང་ལས་ལམ་གྱི་རྒྱུན་ཁྱེར་རྣམ་གསུམ། མུན་ཁྲིད་འོད་གསལ་ལྔ་སྐོར། གྱིམ་ཤོད་གཞི་གནས་མཆོད་པའི་ཐབས་དགོས་འདོད་རིན་ཆེན་ཆར་འབེབ། མེ་སྟོན་སྐྱེས་རབས་གསོལ་འདེབས། འཇིག་རྟེན་གཤེད་ནག་གི་དགོངས་གསོལ་ལས་གཟེར་མྱུར་འགྲུབ། བླ་སྤྲུལ་འགའ་ལ་ཕུལ་བའི་གསོལ་འདེབས་ཁ་ཤས་བཅས་ད་ལྟ་བཞུགས་སོ། །