ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> གཡས་རུའི་སྟོན་པ་བཅོ་བརྒྱད།
གཡས་རུའི་སྟོན་པ་བཅོ་བརྒྱད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྨ་རོང་ལུང་རིག་རྣམ་རྒྱལ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      བོད་དུ་རྒྱལ་བཙད་པོ་རྩེ་སྡེའི་དུས་སུ་མྱེས་ཆེན་པོ་གནམ་བོན་སྤྱི་བརྟོལ་གྱི་སྲས་རྒྱུད་བྲུ་ཤ་གསེར་གྱི་བྱ་རུ་ཅན་ལྔ་བོད་དུ་སྤྱན་དྲངས་ནས་མཆོད་གནས་སུ་བཀུར། ལྔའི་ཆུང་བ་ལ་སྲས་ཞིག་བྱུང་བས། མཚན་ལྡོང་རིགས་གོང་དཀར་ཟེར། དེ་ལས་སྲས་གཉིས་བྱུང་བའི་ཆུང་བ་ཉི་མ་དཔལ། དེ་ལ་སྲས་གསུམ་བྱུང་བའི་དཔལ་ལེགས། དཔལ་རྩེགས། དཔལ་མགོན་དང་གསུམ། དཔལ་མགོན་གྱི་སྲས་བྲུ་ཆེན་ནམ་མཁའ་གཡུང་དྲུང་སྟེ། སྤྲུལ་སྐུ་གཤེན་ལ་བཏུགས་ནས་མཛོད་ཕུག་ཞུས། དེ་ལ་སྲས་བཞི་འཁྲུངས་པའི་འབྲིང་བ་ཁྱུང་གི་རྒྱལ་མཚན་ནི། ཁྲོ་ཚང་འབྲུག་ལྷ་ལས་སྡོམ་པ་བླངས། ཡབ་དང་གཤེན་འབྲིང་མཚམས་པ་ཆེན་པོ་ལས་ལྷོ་གཏེར་མ་ལུས་པ་གསན། སློབ་མ་རྟོགས་ལྡན་ཕོ་མོ་བརྒྱ་རྩ་ཙམ་སྨིན་པར་འདུག བྲུ་ཆེན་ཡབ་སྲས་དེ་གཉིས་ཀྱིས་རྒྱལ་རིགས་བྲུ་ཡི་བསྟན་པའི་སྲོལ་བཙུགས་པ་ཡིན་ནོ། སྲས་ཐ་ཆུང་པད་མ་རྒྱལ་མཚན་ལ་རྗེ་བཙུན་གཡུང་དྲུང་བླ་མ་དང་། ཡེ་ཤེས་གྲུབ་གཉིས་འཁྲུངས། རྗེ་བཙུན་གཡུང་དྲུང་བླ་མས་རབ་བྱུང་དང་པོའི་ཆུ་བྱི་སྤྱི་ལོ་༡༠༧༣ལོར་དུས་རབས་༡༡པའི་ནང་། གཡས་རུ་གཙང་གི་ས་གནས་ཐོབ་རྒྱལ་ལུང་པའི་ཤར་ཕྱོགས། གཡས་རུ་སྲིན་པོ་རིའི་ཞོལ། བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན། བྲུད་ཀྱི་མཁར་གདོང་དང་། བཀྲ་ཤིས་སྨན་རིའི་མདའ། གཡས་རུ་ལྷུན་གྲུབ་དབེན་ས་ཁ་རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཐོག་མར་ཕྱག་བཏབས་ཤིང་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་བར་མཛད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཞིང་འབྲེལ་ཚད་དོན་ལ་སྦྱོར་བའི་བཤེས་གཉེན་དམ་པ་ཡིན། རྒྱལ་ཆེན་ཤེལ་ཁྲབ་བཀའ་འོག་བཙུད་ནས་སྲུང་མར་བསྐོས། ཡེ་ཤེས་གྲུབ་ཀྱི་སྲས་ཉི་ཟླ་གཉིས་ཏེ། གཅེན་པོ་བྲུ་སྟོན་ཉི་མ་རྒྱལ་མཙན་ནི་སྤྲུལ་སྐུ་རྨ་སྟོན་དང་མཇལ་ནས་བྱང་གཏེར་ཀུན་གྱི་དབང་ལུང་མན་ངག་དང་བཅས་པ་ཞུས། བཀའ་ལྷོ་བྱང་གཉིས་ཀྱི་སྡེ་སྣོད་ཐམས་ཅད་མཁྱེན་ཞིང་བཀྲོལ། ཞི་ཁྲོའི་ལྷ་ཞལ་གཟིགས། གཙུག་ལག་ཁང་སོགས་འདུས་བྱས་ཀྱི་དགེ་རྩ་རྒྱ་ཆེར་བསགས། སྐུ་ཚེའི་སྟོད་ལ་ཁྱུང་གི་རྒྱལ་མཚན་ལས་རབ་ཏུ་བྱུང་བས། གཅུང་པོ་ཟླ་བ་རྒྱལ་མཚན་སྨོན་དཀར་ན་ཡར་ཆད་པས་གདན་ས་རང་ལ་བྲུ་རྒྱུད་པའི་དབང་གིས་གཅེན་པོ་ཉི་མ་རྒྱལ་མཚན་ཁབ་བཞེས་དགོས་བྱུང་། ཁྲོ་ཚང་འདུལ་རྒྱུད་བྲུ་ཤ་ཉི་མར་ཆད་ཟེར་བའི་གཏན་ཚིགས་དེའོ། ། སྐུ་ཚེའི་སྨད་ལ་མེ་གཉོས་རྣམ་གཉིས་ལ་སོགས་རྒྱལ་ཐེབས་ཀྱི་སློབ་མ་མང་དུ་བྱུང་ཞིང་། གདུལ་བྱ་དང་འཕྲིན་ལས་རྒྱ་ཆེར་འཕེལ་བའོ། ། བྲུ་རྗེ་ཁུ་དབོན་གཉིས་ཀྱི་བརྒྱུད་འཛིན་བསྟན་པའི་གསལ་སྒྲོན་དམ་པ་མཚན་ལྡན་གཡོར་པོ་མེད་པལ་དང་། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་སློབ་དཔོན་དབྱར་མོ་ཐང་བ་ཞེས་གྲགས་པའི་རྒྱལ་ཐེབས་དེ་གཉིས་ཀྱིས་དབང་ལུང་བཤད་གསུམ་གྱི་བསྟན་པའི་རྒྱལ་མཚན་བཙུགས་པ་ཡིན་ནོ། མེ་གཉོས་རྣམ་གཉིས་ཀྱི་ཞལ་སློབ་འ་ཞ་བདུད་རྩི་རྒྱལ་མཚན་ནི་ལུང་ཟིན་གྱི་སྐྱེས་བུ་ཡིན་པ་དང་། དེའི་དབོན་པོ་མཚན་ལྡན་བློ་གྲོས་རྒྱལ་མཚན་ནི་ལྟ་དགོངས་ཐུགས་འབྱོངས་ནས་ཡི་དམ་ལྷ་ཞལ་གཟིགས། དབུ་ཚད་དང་སྔགས་སེམས་ཀྱི་བོན་ལ་མངའ་བསྙེམས། བཀའ་ལྷོ་བྱང་དབུས་གསུམ་གྱི་གཏེར་གྱི་བདག་པོར་གནང་ནས་ཏི་ཀ་དང་ལག་ལེན་མ་མཛད་པ་ནི་ཆེར་མེད་དོ། དེ་ལྟར་མེ་གཉོས་རྣམ་གཉིས་དང་། འགྲོ་མགོན་ཁུ་དབོན་བཞི་ནི། མཁས་པར་བློ་སྦྱངས་བཙུན་པར་ཁྲིམས་སྲུང་། རྩེ་གཅིག་ཏིང་ངེ་འཛིན་གྱི་དོན་ལ་གནས་པའི་གང་ཟག་ལགས་སོ། ཉི་རྒྱལ་གྱི་སྲས་བྲུ་ནམ་མཁའ་རྒྱལ་མཚན་དེ་ལ་སྲས་བཞི་ཡོད་པའི་བྲུ་སྟོན་དར་མ། ལྷའི་གཡུང་དྲུང་། ཡོན་ཏན་རྒྱལ་མཚན། བྲུ་སྲིད་ཐུབ་དང་བཞིའོ། ཡོན་ཏན་རྒྱལ་མཚན་གྱི་སྲས་མཉམ་མེད་འདུལ་བ་རིན་པོ་ཆེ་ཞེས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པའི་སྐྱེས་བུ་དེ་ཡིན། སྲིད་ཐུབ་ཀྱི་སྲས་གནམ་གཡུང་། ཉི་མ་བ། འདུལ་བ་གཡུང་དྲུང་། སློབ་དཔོན་རྒྱལ་བ་རིན་པོ་ཆེ་ནི་མཉམ་མེད་འདུལ་བ་རྒྱལ་མཚན་གྱི་ཞབས་སུ་གཏུགས་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྦྱངས། ཟབ་མོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་ཀྱི་ཚུལ་དུ་བླངས། སྟོད་ཀྱི་རྟོགས་ལྡན་དད་པ་ཤེས་རབ་ལས་ཞང་ཞུང་སྙན་བརྒྱུད་ཀྱི་ཟབ་གདམས་བཞེས་ནས་ཉམས་ལེན་མཛད། རེས་འགའ་ལྷུན་གྲུབ་དབེན་ས་ཁར་བྱོན་ཏེ་སྡེ་སྣོད་འཆད་པའི་སློབ་དཔོན་མཛད། རེས་འགའ་དབེན་སའི་གནས་སུ་ཉམས་ལེན་རྐྱང་འདེད་མཛད་ནས་གཅིག་པུར་བཞུགས། རེས་འགའ་རྟོགས་ལྡན་བརྒྱ་ཕྲག་ཙམ་གྱི་ལམ་་སྣ་དྲངས་ཏེ་ཁྲིད་གདམས་སྤེལ་བ་སོགས་ངོ་མཚར་ཆེ་བའི་འཕྲིན་ལ་བསྐྱང་ངོ་། ནམ་མཁའ་གཡུང་དྲུང་གི་སྲས་ཆེ་བ་ནམ་མཁའ་རྒྱལ་མཚན། བར་པ་མཚུངས་མེད་བསོད་ནམས་བློ་གྲོས་ཏེ་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་དགོངས་པ་རང་གྲོལ་གྱི་སྐྱེས་བུ་དེའོ། ཐ་ཆུང་མཁས་གྲུབ་ནམ་མཁའ་བསོད་ནམས་དང་གསུམ་བྱོན། འདུལ་བ་གཡུང་དྲུང་གི་སྲས་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། རྒྱལ་མཚན་འོད་ཟེར་གཉིས་སོ། འོད་ཟེར་གྱི་སྲས་མཚན་ལྡན་རྣམ་རྒྱལ་ཀ་ར། དེའི་སྲས་གཞོན་རྒྱལ་དང་། ནམ་མཁའ་རྒྱལ་མཚན་གྱི་སྲས་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན། མཁས་བཙུན་ནམ་མཁའ་རིན་ཆེན། ད་ར་བ་རིན་ཆེན་བློ་གྲོས། དེའི་ཞལ་སློབ་མཉམ་མེད་ཤེས་རབ་རྒྱལ་མཚན། བྲུ་ཤ་ད་ར་བའི་སྲས་ཡེ་རྒྱལ། དེ་ནས་བྲུ་སྟོན་ཤེས་རབ་སེང་གེ་སོགས་བསྟན་འགྲོར་ཕན་པའི་བླ་མ་མང་ཞིག་བྱོན་འདུག་ཀྱང་། ཕྱིས་གངས་ཅན་གྱི་ལྗོངས་འདིར་འགངས་ཆེ་བའི་གདུང་རབས་ཕལ་མོ་ཆེ་སྟོངས་པའི་སྐབས་སུ། རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལོ་སྤྱི་ལོ་༡༨༥༤དུས་རབས་བཅུ་དགུ་པའི་ནང་བྲུ་ཡི་གདུང་ལས་པཎ་ཆེན་ལྔ་པ་བསྟན་པའི་དབང་ཕྱུག་འཁྲུངས། དེའི་ནུ་བོ་ཏྭ་བླ་མ་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་བཅུགས་ནས། རྒྱལ་རིགས་བྲུ་ཤའི་གདུང་རྒྱུད་བཅད། དེ་ནས་བྲུ་ཤའི་འགྲོ་དོན་མཁའ་སྤྱོད་ཀྱི་གནས་སུ་ཕེབས། དེའི་ཡུམ་ཉི་ཟླ་དབང་མོ་ནི་གྱོད་དང་ཁ་མཆུ་སོགས་ལ་རང་དབང་ཐོབ་པ་ཞིག་ཡོད་འདུག་སྟེ། གཙང་པའི་ལུང་མའི་ཁ་སྐད་ལ། རྒྱལ་ཡུམ་ཉི་ཟླ་དབང་མོ། ། གཏམ་ལ་ཟད་པ་མི་འདུག གཟིམས་ཤག་ཕན་བདེ་ཁང་གསར། རྒྱུ་ལ་ཟད་པ་མི་འདུག གྱོད་དང་ཁ་མཆུ་དགོས་ན། ཐོབ་ཡོང་བསམ་པ་མི་འདུག ཅེས་ཟེར་སྲོལ་འདུག
      འོ་ན་གཡས་རུའི་མཁས་གྲུབ་སློབ་དཔོན་བཅོ་བརྒྱད་གང་ཡིན་ཞེ་ན། བྲུ་ཆེན་ཡབ་སྲས་བྲུ་རྗེ་ཁུ་དབོན་བཞི། མེ་གཉོས་རྣམ་གཉིས་འགྲོ་མགོན་ཁུ་དབོན་བཞི་དང་བརྒྱད། འདུལ་བ་རྒྱལ་བ་ནམ་འོད་བསོད་རྒྱལ་བཞི་དང་བཅུ་གཉིས། བསོད་བློ་ནམ་བསོད་ཚེ་དབང་ནམ་རིན་བཞི་དང་བཅུ་དྲུག རྣམ་རྒྱལ་ཀ་ར་མཁས་གྲུབ་རིན་བློ་གཉིས་དང་བཅོ་བརྒྱད་དོ། མཁས་གྲུབ་དམ་པ་འདི་རྣམས་ཀྱི་རིང་ལ་སྤྱིར་དགོན་པའི་ཕྱི་ཡི་བསྟན་དོན་རྒྱལ་རིགས་བྲུ་ཡི་གདུང་འཛིན་རིམ་བྱོན་གྱི་བསྐྱང་ཞིང་། ནང་གི་བཤད་སྒྲུབ་བསྟན་པའི་ལས་ཁུར་གྲྭ་ཚང་བཞི་ཡི་མཁན་པོ་རྣམས་ཀྱིས་བཞེས་ཤིང་། གྲྭ་ཚང་བཞི་ནི། དཔལ་ལྡན་གླིང་སྟོད་པ། དཔལ་ལྡན་གླིང་སྐེད་པ། དཔལ་ལྡན་གླིང་ཟུར་པ། དཔལ་ལྡན་གླིང་སྨད་དང་བཞིའོ། དགོན་པའི་འཕྲིན་ལས་ནི་གཙོ་བོ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་དམ་པ་སྤེལ་བ་ཡིན། དེ་དུས་འཆད་རྩོད་བྱེད་པའི་ཡིག་ཆ་གཙོ་བོ། གབ་མཛོད་ས་གསུམ་ཞེས་ཡོངས་སུ་གྲགས་པ་ཡིན་པས། སྔགས་སེམས་བརྗོད་བྱར་འདུལ་མཛོད་ཚད་མ་སོགས་ཀྱི་འཕྲོས་གཞི་སྲིད་པའི་མཛོད་ཕུགས་རྩ་འགྲེལ་དང་། སྟོན་པ་བྱང་སེམས་གབ་པ་རྩ་འགྲེལ་རྣམས་དང་། དབུ་ཕར་གྱི་འཕྲོས་གཞི་ས་ལམ་གྱི་ཡིག་ཆ་སོགས་ལ་ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་གདུལ་བྱའི་ཁམས་སུ་ཡུན་རིང་གནས་པའི་ཆེད། འཆད་རྩོད་རྩོམ་གསུམ་གྱི་བྱ་བས་སྐལ་ལྡན་གྱི་སློབ་མ་རྣམས་ལ་བོན་གྱི་ཆར་ཆེན་ཡོངས་སུ་འབེབས་པར་མཛད། ཇི་སྐད་དུ། གང་དག་བཀའ་ལས་བྱུང་གྱུར་བ། དེ་དག་རིག་པས་གཞལ་མིན་ན། དོན་གྱི་སྙིང་པོ་ག་ལ་མཆིས། དེའི་ཕྱིར་རིག་གཞལ་དོན་ཡོད་བྱ། གསུངས་པ་དང་མཐུན་པར་མཛད་པའི་སྐྱེས་ཆེན་དམ་པ་རྣམས་ལ་རང་བཞིན་ཀུན་གྱི་སྒོ་གསུམ་གུས་པ་ཆེན་པོས་རྩེ་གཅིག་དད་པའི་ཡུལ་དུ་གྱུར་པའོ། མཁས་གྲུབ་དམ་པ་དེ་རྣམས་ཀྱི་གལ་འགངས་ཆེ་བའི་ཡིག་ཆ་ཁག་དང་། ཆོ་ག་ཕྱག་ལེན་གྱི་སྐོར་སོགས་ཤིན་ཏུ་མང་བ་ཞིག་མཛད་ཡོད་ཀྱང་རེས་ཤིག་འདིར་འབྲི་བར་མི་བྱའོ། ནང་རྟེན་ལ་བྲུ་ཡི་ཐུགས་དམ་ཁམས་ཆེན། མཚན་ཉིད་མཛོད་ཀྱི་བླ་དཔེ། མཁས་པ་མི་བཞིའི་ཐུན་དང་། གསེར་མཆོད་དྲེ་ཁལ་མ་གྷན་ལྡེ་སོགས་དང་། གཞན་ཡང་དཀོར་ཆས་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག་སྟེ། དེང་སང་དགོན་པ་ཞིག་ཤུལ་དང་། གྲྭ་ཤག་ཆགས་ཚུལ་ས་ཁད་བཅས་ལ་བལྟས་ན་དགེ་འདུན་ཞལ་གྲང་ལྔ་སྟོང་སྐོར་བྱོན་ཡོད་པ་སྙམས་ནུས་སོ། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཞལ་སློབ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་མེ་སྤྲེལ་ལོ་སྤྱི་ལོ་༡༣༥༦དུས་རབས་བཅུ་བཞི་པའི་ནང་། རྒྱ་རོང་ཆུ་ཆེན་གྱི་ཕྱོགས་སུ་ཡབ་ཀླུ་རྒྱལ་དང་། ཡུམ་རིན་ཆེན་སྨན་གཉིས་ལ་ཤེས་རབ་སྨྲ་བའི་སེང་གེ་མི་ཡི་ཟོལ་དུ་བསྟན་པའི་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་འཁྲུངས། སྐུ་ཅུང་ཟད་རྒྱས་ཚེ་འཇིག་རྟེན་ལ་སྐྱོ་བ་སྐྱེས་ནས་དབུས་གཙང་དུ་ཕེབས། གྲྭ་ས་ལྷུན་གྲུབ་དབེན་ས་ཁ་མཛད། དགུང་ལོ་སོ་གཅིག་སྟེང་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ལས་བསྙེན་པར་རྫོགས། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཞབས་སུ་བཏུད་ནས་ཕྱི་ནང་གསང་བའི་དབང་ལུང་མན་ངག་མང་དུ་གསན། ཐོས་བསམ་སྒོམ་པའི་སྒྲོ་འདོགས་བཅད། རེས་འགའ་གསང་ཕུ་སོགས་སུ་སྒོམ་སྒྲུབ་མཛད། དུས་ལན་གཅིག་ན་ཡབ་ཡུམ་མཇལ་འཕྲད་མཆིད་བོར་བཞིན་རྒྱ་རོང་དུ་ཕྱིར་ཕེབས་རིང་། ལོག་པའི་ངན་སྔགས་སོགས་ཀྱིས་རྐྱེན་བྱས་ཏེ་ལྷུན་གྲུབ་དབེན་ས་ཁ་འབྱུང་བ་ཆུ་ཡིས་འཇིག་པའི་ལོ་རྒྱུས་དང་རྣམ་ཐར་ཀུན་མཐུན་ནོ། ཡབ་ཡུམ་མཇལ་འཕྲད་བྱུང་ནས་ཡར་བཞུད་ལམ་དུ་དབེན་ས་ཁ་འབྱུང་བ་ཆུ་ཡིས་འཇིག་པའི་གནས་ཚུལ་སྙན་བྱུང་སྐབས་དར་རྩེ་མདོར་བཞུགས་པ་དང་། དེ་རྗེས་ཡར་ཕེབས་ནས་མཁར་སྣའི་གསང་ཕུ་རུ་ཡུན་རིང་བཞུགས་པས་དབེན་སའི་གྲྭ་སློབ་ཕྱོགས་གཞན་དུ་སོང་བ་འགས། འདུ་གནས་རི་ཁྲོད་གཅིག་རྒྱག་ཟེར་བའི་གྲོས་ཐག་བཅད་ནས་བླ་གྲྭ་དང་འཚམས་ཁམས་ཆེན་ན་ར་ལ་ཁྲ་ཐེར་ཕུབ་ནས་དབྱར་ཐོག་གཅིག་ཏུ་བཞུགས་སྐད། འདི་སྐོར་དབེན་ས་ཁར་དགོན་པ་ཞིག་ཤུལ་སོགས་ས་ཁད་མཐོ་དམན་དུ་སྣང་ནས་མཉམ་མེད་བླ་མ་གླིང་ཟུར་པའི་ཐད་དེར་བཞུགས་ཏེ་ལྷ་སྲུང་ལ་བསྐང་གསོལ་མཛད་ནས་བརྐོ་རློག་བཅུག་པས། གོང་འཁོད་ཐུགས་དམ་ཁམས་ཆེན་དང་གཞན་ཡང་དཀོར་ཆས་སྣ་ཚོགས་པ་སྙེད་ཡོད་པ་རྣམ་ཐར་ལས་གསལ། དེ་རྗེས་སློབ་དཔོན་གཙོ་བོ་རྣམས་སྨན་རིར་བྱོན་ནས། རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་༡༤༠༥དུས་རབས་བཅོ་ལྔ་པའི་ནང་། མཉམ་མེད་བླ་མ་དགུང་ལོ་ཞེར་དགུར་བཞེས་སྐོར་སྟོད་སྨད་བར་གསུམ་ཀུན་ན་སྡེ་བ་མང་པོས་འབུལ་བ་མང་དུ་བྱུང་བ་དང་། བྲུ་ཚང་གིས་མཐུན་རྐྱེན་མཛད་ནས་རྟེན་འབྲེལ་ཐམས་ཅད་རང་འགྲིག་སོང་བཀྲ་ཤིས་སྨན་རི་དགོན་དང་ཁང་ཚན་བཅུ་གཉིས་གྲྭ་ཤག་དྲུག་ཅུ་ཙམ་ཡུན་རིང་མ་ཐོགས་པར་སྐད་ཅིག་གཅིག་ལ་གྲུབ་པ་བྱུང་བའོ། ། དགོན་པ་བཏབས་ལོ་དགུང་ལོ་ལྔ་བཅུ་དང་ཞེ་དགུ་གཉིས་འདུག་ཀྱང་། འབྱུང་རྩིས་ལྟར་ལྔ་བཅུ་དང་། སྤྱི་ལོ་ལྟར་ཞེ་དགུར་བཏབས་འདུག དབུས་གཙང་ཁམས་གསུམ་གྱི་གྲྭ་སློབ་ཚོགས་ནས་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་གསུམ་དང་། བཅའ་སྒྲིགས་ཀྱི་ཚུལ་སོགས་ཤིན་ཏུ་རྒྱས་པར་བྱུང་ཡོད་པས་གཞན་དུ་གསལ། སྔོན་དབེན་ས་ཁའི་སློབ་དཔོན་འགའ་ཞིག་དབྱར་སྐྱིད་ལ་ཕེབས་སྐབས་ས་གནས་དེར་བཀྲ་ཤིས་སྨན་རི་ཞེས་འབོད་ཀྱི་ཡོད་པས་མིང་ཡང་དེ་རང་སོར་བཞག་གནང་བར་གསུངས། སྨན་རིར་སྔོན་དབེན་ས་ཁ་བཞིན་གྲྭ་ཚང་བ་ཞིར་ཕྱེས་ཏེ་གྲྭ་ཚང་སོ་སོར་དཀོར་ཆས་རྙེད་པ་རྣམས་བགོས་ཤིང་དངོས་ཆས་འགའ་ཞིག་དུས་ཕྱིས་བར་གནས་ཡོད་པ་རྒན་བགྲེས་ཀྱི་ཞལ་ལས་ཤེས། གཡས་རུ་ལྷུན་གྲུབ་དབེན་ས་ཁ་ད་ལྟར་ཞིང་གི་བཀོད་པ་བསྡུས་ནས་སྨོན་ལམ་གྱི་འགྲོ་དོན་དུ། རྒྱལ་བ་མཉམ་མེད་ཆེན་པོའི་དགོངས་བཞེད་ལྟར། བྲུ་ཡི་རིང་ལུགས་འཁྲུལ་བ་མེད་པ་རྨ་མེད་རྗེས་འཛིན་པ་དང་། གཡས་རུའི་ལྷུན་གྲུབ་དབེན་ས་ཁའི་རྗེས་འཛིན་གྱི་དགོན་ཚབ་བཀྲ་ཤིས་སྨན་རི་དགོན་ད་ལྟ་བཤད་སྒྲུབ་ཀྱི་འདུས་སྡེ་ཆེན་པོར་གྱུར་བ་འདི་ཉིད་ཡིན་པ་ལོ་རྒྱུས་དང་རྣམ་ཐར་ཀུན་གུང་བསྒྲིགས་ནས་བལྟས་ན་ཤེས། གཡས་རུའི་ལྷུན་གྲུབ་དབེན་ས་ཁ་ལོ་གྲང་ཇི་ཙམ་བཞུགས་ཡོད་སྙམས་ན། རབ་བྱུང་དང་པོའི་ཆུ་བྱི་ལོ་སྤྱི་ལོ་༡༠༧༢ལ་ལྷུན་དབེན་ས་ཁ་ཐོག་མར་ཕྱག་བཏབས། རབ་བྱུང་བདུན་པའི་མེ་ཡོས་ལོ་སྤྱི་ལོ་༡༣༨༧ལོར་མཉམ་མེད་བླ་མ་དགུང་ལོ་སོ་གཅིག་སྐབས་ལྷུན་གྲུབ་དབེན་ས་ཁར་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ལས་བསྙེན་པར་རྫོགས་པ་ནི་རྣམ་ཐར་དང་ལོ་རྒྱུས་ཀུན་མཐུན་ནོ། །
      བསྙེན་པར་རྫོགས་ནས་གཡས་རུའི་མཁས་གྲུབ་སློབ་དཔོན་བཅོ་བརྒྱད་ཀྱི་ནང་ཚན་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཞབས་ལ་བཏུད་ནས། ཕྱི་ནང་གསང་བའི་རྒྱུད་ལུང་མན་ངག་ཇི་ཙམ་གསན་ན། མཚན་ཉིད་སྡེ་ལ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུག གསལ་རབ་ཀྱི་འགྲེལ་བ། སྒྲ་འགྲེལ་གྱི་སྐོར་སོགས་འགྲེལ་བཤད་དང་། ཁྱད་པར་གཉོས་དང་འ་ཞའི་དགོངས་དོན་ཅི་ལྟ་བ་བཞིན་དུ་གསན། འབུམ་ལ་ཁམས་བརྒྱད་གཏན་ལ་ཕབ་པའི་བཤད་པ་རྨེའུ་མཁས་པ་དཔལ་གྱི་དགོངས་དོན་ལྟར་དང་། བསྡུས་པ་ཚིགས་སུ་བཅད་པ་ལ་སོགས་འབུམ་སྡེ་མང་དུ་གསན། འདུལ་བ་ལ། པར་ཏི་ཀ། མངོན་པ་སྡེ་བཞི། མཛོད་རྩ་དུང་ཕུར། གསང་ལུང་ལ་སོགས་མང་དུ་གསན་ཞིང་། ཁྱད་པར་དུ་འདུལ་བ་སྨད་ལུགས་ཀྱི་ཐོར་བུ་དང་། ཀུན་ལས་བཏུས་པ་མདོར་བསྡུས་སོགས་འདུལ་བའི་སྡེ་མང་དུ་གསན། མདོ་ལའང་འདུས་པ་རིན་པོ་ཆེ་གཟེར་མིག་དཔལ་ཆེན་གྱི་དགོངས་པ་ལྟར་དང་། ཁྱད་པར་དུ་འཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ་གཉོས་དང་འ་ཞའི་དགོངས་དོན་ལྟར་དང་། གཞན་ཡང་འབྱུང་ཁུངས་མདོ་དང་། མདོ་ཕྲན་ཉི་ཤུ་རྩ་གཅིག་སོགས་མདོ་སྡེ་མང་དུ་གསན། དབུ་ཚད་ཀྱི་སྡེ་ལ་དབུ་མ་བདེན་གཉིས། ཐེག་འགྲེལ་མེ་ལོང་དགུ་སྐོར། འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་ལ་བཏུས་པ། གཞོན་རྒྱལ་གྱི་ཚད་མ་རྣམ་འབྱེད། དབུ་མ་རྩོད་ཟློག གཏན་ཚིག་ཐེག་པ་ལ་སོགས་རྒོལ་བ་སུན་འབྱིན་པའི་ལུང་དང་རིག་པའི་རྣམ་བཞག་མང་དུ་གསན། དྲང་དོན་མུན་སེལ་སྒྲོན་མེ། ངེས་དོན་ནམ་མཁའ་འཕྲུལ་མཛོད། བྱང་ཆུབ་སྒྲུབ་ཐབས་ཀྱི་ལམ་རིམ། མན་ངག་རིན་པོ་ཆེའི་གཏེར་སྤུངས་ལ་སོགས་མང་དུ་གསན། རྣམ་དག་པད་མ་ཡུམ་གྱི་སྐོར། གཡུང་དྲུང་ལས་དག མཆོད་གཏོར་རྩིས་འགོ་བདུན་པ། སྐུ་གསུང་ཐུགས་ཀྱི་བརྟེན་མཆོག་སོ་སོའི་མངའ་དབུལ་རྣམས་ཀྱི་ལག་ལེན་དང་བཅས་པ་གསན། རྣམ་རྒྱལ་གྱི་གཟུངས་སྒྲུབ། བསྟོད་མདོ་དང་། དཔལ་མགོན་སོ་སོའི་སྒྲུབ་ཐབས་མུན་སེལ་ལ་སོགས་ལྷག་པའི་ལྷ་ཡི་སྒྲུབ་སྐོར་མང་དུ་ཞུས་སོ།
      གསང་སྔགས་ལ་རྩ་བའི་རྒྱུད་གསང་བ་བསེན་ཐུབ། ཞི་བ་ཀུན་སྣང་ཁྱབ་པ། འཕྲིན་ལས་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་དབང་ཆེན་བསྙེན་སྒྲུབ་མཆོང་དགུ་དང་བཅས་པ། ཁྱད་པར་དབལ་མོ་ལས་ཐིག་གི་སྐོར་དང་། རྩོད་ཟློག་ལ་ཞི་བ་ལྟར་ཨ་གསལ་དང་། ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་དྲག་པོ་སྐུ་རྫོགས། གེ་ཁོད་སྐོར་ལ་གསང་དྲག་ཆེ་ཆུང་། མེ་རི་བརྒྱད་ཕུར་བསྐྱེད་མི་དགོས་ཀྱི་གེ་ཁོད། ཐོག་མདའི་སྐོར་དང་། ཛོ་སྒྲུབ་ཐིས་སྒྲུབ་ལ་སོགས་དང་། དྲན་གསང་སྒྲུབ། བསྟན་སྲུང་ཡུམ་སྲས་ལ་སོགས་མང་དུ་ཞུས། སེམས་དོན་སྐོར་ལ། གབཔ་སྐོར་སེམས་ཕྲན་སྡེ་དགུ་དང་བཅས་པ། ཞང་ཞུང་སྙན་བརྒྱུད་རྒྱལ་བའི་ཕྱག་ཁྲིད་སྒྲོན་གཟེར་མ་བུ་དང་བཅས་པ། གཅིག་རྒྱུད་སྐོར་ལ། འོད་གསལ་གཅིག་རྒྱུད། ཉམས་གཅིག་རྒྱུད། རྩ་རླུང་གཅིག་རྒྱུད། འཕོ་བ་གཅིག་རྒྱུད། གེག་སེལ་ལག་ལེན་དང་བཅས་པ་གསན། ཨ་ཁྲིད་རྒྱལ་བའི་ཕྱག་ཁྲིད་རྒྱབ་སྐྱོར་གེག་སེལ་ལག་ལེན་དང་བཅས་པ། ཞི་གཅོད་ཏིང་འཛིན་ལྔ་འགྱུར། བོག་འདོན་ལྷོ་བྱང་གཉིས་ཀྱི་རྒྱུད་དང་། ཞི་བ་ཉམས་ལེན་ལྔ་སྐོར་དམར་བྱང་ལ་སོགས་སེམས་ཕྱོགས་ཀྱི་བོན་མང་དུ་གསན། མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་གདམས་ངག་ཐམས་ཅད་ཀྱི་མཛོད་སྒོ་ཕྱེས། ཁྱད་པར་ཅན་གྱི་གདམས་ངག་ཐམས་ཅད་ཀྱི་གསང་དོན་ལྡེ་མིག་དང་བཅས་པ་མཉམ་མེད་བླ་མའི་ཕྱག་ཏུ་གཏད་པ་རྣམ་ཐར་ལས་གསལ།
      དེ་ལྟར་རྒྱལ་རིགས་བྲུ་ཡི་རིང་ལུགས་འཛིན་པའི་ཐོག་མའི་དགོན་སྡེ་ལྷུན་གྲུབ་དབེན་ས་ཁ་ཡིན་པ་དང་། དེ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བྲུ་ཡི་རིང་ལུགས་མཛད་བཟང་དྲི་མ་མེད་པ་དར་ཁྱབ་ཤིན་ཏུ་ཆེ་བར་འདུག་པས། དེང་རྒྱལ་བསྟན་མེ་རོ་སྐྱར་གསོའི་སྐབས་འདིར་དགེ་འདུན་འདུས་པ་རྒྱ་མཚོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་ལྷག་པའི་བྱ་བ་དཀར་པོ་ངལ་བ་ཁྱད་བསད་ཀྱི་ཉིན་མཚན་ཀུན་ཏུ་བརྩོན་བཞིན་པའི་གནས་ཚུལ་དུ་ལགས་སོ། །

༼བོན་སྒོ༽སྤྱི་དེབ་གསུམ་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག