ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> བླ་མ་ཨ་གཡུང་ཚང་།
བླ་མ་ཨ་གཡུང་ཚང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།] [ཟླ་ཚེས། 11-10-27] [ཀློག་གྲངས། ]

མཆོག་སྤྲུལ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལྷ་ཆབ་འཁྱིལ་བ་བཞུགས།

བསྐལ་བཟང་འགྲོ་འདྲེན་དབུས་ལས་མངོན་དུ་འཕགས།།
མདོ་སྔགས་རྫོགས་པའི་ལམ་བཟང་ཕ་མཐར་སོན།།
དབྱིངས་རིག་བྱས་ཐབས་གཉུག་མའི་གཞི་ཐོག་ཕྱིན།།
གཡུང་དྲུང་བསྟན་པའི་རྒྱལ་མཚན་དུས་ཀུན་བསྟོད།།
གོང་གི་འཕྲིན་ལས་ནམ་མཁའི་འཕྲུལ་མཛོད་ཅིང་།།
རྣམ་ཐར་ལྷ་ཆབ་འཁྱིལ་བ་བདུད་རྩིའི་བཅུད།།
སྐལ་ལྡན་དད་པའི་གསོས་སུ་འགྱུར་ཕྱིར་བཀྲམ།།

   ཞེས་མཆོད་བརྗོད་དང་བཤད་པ་དམ་བཅའ་བ་གཉིས་ཀྱིས་སྔོན་ལེགས་པར་བསུས་ནས་གླེང་བར་བྱ་བ་ནི། མཚན་བརྗོད་པར་བཀའ་བ་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན།།སྙིགས་དུས་འགྲོ་བའི་རྗེ་གཅིག་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་ནི། རྒྱལ་འཕགས་ལུང་གིས་བསྔགས་པའི་གངས་ཀྱི་རྭ་བས་ཡོངས་སུ་བསྐོར་བའི་ལྗོངས་ཆེན་པོ་འདིར་ཆེས་གྲགས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ཀྱི་གཙོ་བོ་ཉག་རོང་ངམ་ཉག་ཤོད་ཨ་འཛི་ལུང་གི་ཤར་ཕྱོགས།རྒྱལ་ཀུན་ངོ་བོ་གཅིག་བསྡུས་རིག་འཛིན་མེ་ཉག་སྟག་གསས་ཀྱིས་ཞབས་བཆགས་ཤིང་བྱིན་གྱིས་བརླབས་པའི་ཡུལ་རྒྱ་ར་གཤིས།སྐྱེས་ཆེན་དམ་པ་དུ་མ་སྐུ་འཁྲུངས་པའི་ཁྱིམ་ཀ་རེ་ཕུར་པའི་བ་ཚང་གི་ཡབ་རྒྱུ་བོན་བཞི་ལ་མཁས་དབང་ཚེ་དཔལ་དོན་འགྲུབ་དང་། ཡུམ་སྦྱིན་ལ་དགའ་བ་འོད་ཟེར་ལྷ་མོ་ཟུང་ལ། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱིའི་ལོ་སྟེ་སྤྱི་ལོར་(1922---1997)རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། དམ་པ་འདི་ཉིད་མའི་ལུས་སྒྲམ་དུ་བཞུགས་སྐབས། རིམ་གཉིས་ཟབ་མོའི་ལམ་ལ་མངའ་བརྙེས་པའི་གཅོད་པ་བླ་མ་ཁམས་དབང་རྒྱལ་མཚན་གྱིས་དམ་པ་འདི་ཉིད་བྱ་བཏང་ཚང་གི་བླ་མར་ངོས་འཛིན་བྱས། མཚན་གཡུང་དྲུང་བསྟན་པའི་རྒྱལ་མཚན་གསོལ་དགོས་ཤེས་བཀའ་གདམ་མཛད། སྐྱེ་བ་བཞེངས་ནས་ཚུར་ལེན་སྐབས། རྗེ་འདི་ཉིད་ཀྱི་ངག་ཐོག ཨྰ་ཨྰ་ཞེས་དང་། ཨ་དབྱངས་ལེན་ཐོག ཡེ་ཤེས་ཕུད་དགའ། བཀྲ་ཤིས་ཨ་དགའ་ཞེས་དབྱངས་དང་བཅས་པ་འདོན་བཞིན་པ་དེར་ཡོད་སེར་སྐྱ་ཕོ་མོ་ཀུན་གྱི་ཐོས་པས་ཨ་དབྱངས་ཞེས་འབོད། རྗེས་ནས་ཨ་གཡུང་ཞེས་འབོད་པ་དེ་ནི་ཡུལ་ཕྱོགས་ཀྱི་གཅེས་མིང་ཞིག་ཡིན་པ་མངོན།
   དགུང་ལོ་གཅིག་གི་སྐབས། དཀར་མཛེས་སྟོང་སྐོར་གྱི་བླ་མ་གྲུབ་དབང་གཤིས་ཆེ་མ་འདས་མཆོག་སྤྲུལ་གྱསི་རྗེས་འདི་ཉིད་བྱ་བཏང་བླ་མ་དྲི་མེད་འོད་ཟེར་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་། གཏེར་གཉིས་མངའ་བདག་དབལ་ཁྱུང་གསང་སྔགས་གླིང་པས་རིག་འཛིན་དྲི་མེད་འོད་ཟེར་གྱི་སྤྲུལ་ཡིན་གསུང་། མ་འོངས་པ་ན་འགྲོ་བ་ཀུན་གྱི་མགོན་སྐྱབས་རེ་གནས་བྱོན་ངེས་ཞེས་མ་འོངས་ལུང་གྱིས་བསྟན། དམ་པ་འདི་ཉིད་གྲོང་ན་གནས་ཀྱང་དུལ་ཞེས་གསུངས་པ་ལྟར་སྐུ་ན་ཕྲ་མོའི་དུས་ནས་བྱིས་པ་གཞན་ལྟར་གདོལ་སྤྱོད་དམན་པའི་སྣང་ཚུལ་གཏན་ནས་མི་མཛད་ཅིང་རབ་བྱུང་གི་རྟགས་ཙམ་འཛིན་པ་ཡན་ལ་ཐུགས་དགྱེས་པའི་ངང་ཚུལ་དུ་མ་སྟོན། ཕྲེང་བ་བགྲང་བ་དང་སྙིང་པོ་རྣམ་གསིམ་བཟླས་པ་དང་། གཞན་ལ་སྙིང་རྗེ་ཆེ་བ་སོགས་རིགས་སད་པའི་རྟགས་ཐམས་ཅད་རྫོགས།།
   དགུང་ལོ་ལྔའི་སྐབས། གོང་རྒྱལ་བྱ་བཏང་བླ་བྲང་མཆོག་སྤྲུལ་བསྟན་པའི་ཉི་མས་རྗེ་འདི་བྱ་བཏང་དྲི་མེད་འོད་ཟེར་གྱི་ཡང་སྲིད་མཚན་གསོལ་དགོས་ཞེས་གསུངས་ཀྱང་། རྗེ་འདི་ཉིད་ཀྱི་ཁུ་དབོན་མཁན་པོ་ཚུལ་ཁྲིམས་མཆོག་རྒྱལ་ནི་དྲང་སྲོང་དབེན་གནས་འགྲིམ་པ་ཞིན་ཡིན་པས། བླ་བྲང་ཟེར་ཡང་འཁོར་ནག་ཞིག་དང་འདྲ། ང་ཡི་ཚ་བུ་འདི་སྤྲུལ་སྐུ་ཡིན་ན་གང་བཞུགས་ཀྱང་བསྟན་འགྲོ་ལ་ཕན་ཐོག་འོང་ཞེས་གསུངས་ནས་བསླུ་ཁ་མ་གནང་། དེ་ནས་བཟུངས་ཏེ་ཡེ་ཤེས་དགོན་པའི་བླ་མར་གྱུར་ཏོ།།
   དགུང་ལོ་བརྒྱད་ཀྱི་སྐབས། རྗེ་འདི་ཉིད་དབལ་གཏེར་གསང་སྔགས་གླིང་པས་ཡེ་ཤེས་དགོན་དུ་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དང་བརྒྱུད་རིམ་རྗེས་གནང་བཅས་གསུང་སྐབས་ ལེགས་པར་ཐོབ། དབལ་གཏེར་གྱིས། སྐྱེས་ཆེན་དམ་པ་འདི་ཉིད་གཡུང་དྲུང་མོན་སྤྱི་དང་ཁྱད་པར་དུ་ཡེ་ཤེས་དགོན་གྱི་བསྟན་དོན་རྒྱ་ཆེ་བསྒྲུབ་པའི་སྐྱེས་ཆེན་ཞིག་འོང་ངེས་ཡིན་ཞེས་མི་དམངས་ཡོངས་ལ་ཞལ་གསུང་གནང་མྱོང་ངོ་། ལོ་དེ་ནས་བཟུངས། དམ་པ་གོང་མ་ལྟར་ཁྱིམ་པ་དང་བྲལ་ཏེ། ཡེ་ཤེས་དགོན་པའི་མཁན་རབས་བཅུ་གཅིག་པ་ཀླུ་བོན་གྱེར་མཁས་ཀྱི་ཡང་སྤྲུལ་ཁུ་དབོན་ཚུལ་ཁྲིམས་མཆོག་རྒྱལ་གྱི་མདུན་ནས། ཡིག་དཀར་ནག་འབྲི་འདོན་སློབ། ཐིག་རྡུལ་ཚོན། འཆམ་གར་རྩེད། གྱེར་རྔ་བརྡུང་། བཅའ་འབུད་རྡུང་གསུམ་སོགས་ལེགས་པར་སྦྱོང་། སྒྲུབ་པ་ཕྱག་ལེན་དང་། རྒྱུ་བོན་བཞི་དང་། སྔོན་འགྲོ་བསགས་སྦྱངས་དང་འབྲེལ་བའི་སྒོ་ནས་ཐུན་དྲུག་ཉམས་ལེན་མཛད་པ་དང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་རྒྱ་ཆེན་ལ་སྦྱོང་བརྩོན་ དྲག་པོར་གནང་།
   དགུང་ལོ་བཅོ་བརྒྱད་ཀྱི་སྐབས། བསླབ་གསུམ་ཁྲིམས་ཀྱིས་མཛེས་པའི་དཔྲ་བུ་ཀླུ་ཐར་རམ་བསྟན་འཛིན་རྒྱལ་མཚན་ཡོངས་འཛིན་གྱི་ཚུལ་དུ་བསྟེན་ནས་སྙིགས་དུས་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གདན་སར་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་མདུན་དུ་བྱོན་ནས་ཐོག་མར་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་རྐང་བཅུ་གཉིས་ཀྱི་སྒོ་ནས་བློ་་་་སྦྱོང་དང་བསགས་སྦྱོང་ལ་ཞུགས་ཏེ་ཉེར་མཁོ་འཕོ་བའི་ཁྲིད་དང་། རྫོགས་ཆེན་གྱི་རྩ་རླུང་། སྙན་བརྒྱུད་དང་མཁའ་འགྲོ་གསང་མཛོད་ཀྱི་རྩ་རླུང་། འཕྲུལ་འཁོར་བཅོ་ལྔ་པ་དང་། བཞི་བཅུ་པ་དང་། བརྒྱད་ཅུ་པ་བཅས་དང་། བཅུད་ལེན་དང་འོད་གསལ་མུན་མཚམས་བཅས་ལ་འབད་པས་གྲུབ་འབྲས་མངོན་དུ་སྨིན། གཞན་ཡང་། སྡོམ་གསུམ་རྩ་འགྲེལ་དང་སྡེ་སྣོད་མཛོད་སོགས་མཛོད་ཆེན་ལྔ་ལ་སྦྱོང་བ་མཐར་ཕྱིན་མཛད་པས་མཁས་པའི་ཡང་རྩེ་སོན། ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་པོར་ཐོབ། སླར་གྲུབ་པའི་ཁྱུ་མཆོག་ཀུན་གྲོལ་དྲུག་པ་ཧྰུྃཿཆེན་འགྲོ་འདུལ་གླིང་པ་དང་། ངེས་པ་དོན་གྱི་རྣལ་འབྱོར་བ་སྨོན་འཛིན་ཉི་མ་བཟང་པོ་དང་། དབང་ལུང་མན་ངག་གི་ཕྱུག་པའི་ཟེར་འཕྲོ་རྟོགས་ལྡན་ཚུལ་ཁྲིམས་དབང་རྒྱལ། མདོ་སྔགས་རིག་པའི་བདག་ཉིད་དཔྲ་སྤྲུལ་དྲི་མེད་འོད་ཟེར་སོགས་བླ་མ་བཅོ་ལྔའི་མདུན་ནས། གཏེར་གསར་རྙིང་གི་ཡི་དམ་ཐམས་ཅད་ཀྱི་དབང་ལུང་མན་ངག་ཟབ་ཁྲིད་བཅས་ཐོབ་པས་མན་ངག་གིས་ཕྱུག་པར་མཛད། རིག་འཛིན་ཧ་ར་ཅི་པའི་རྣམ་སྤྲུལ་གྲུབ་ཆེན་རྫ་ཆུ་གོམ་པས་བཅད་པ་ལྷ་དབང་མགོན་པོ་མཆོག་་་གིས་གསང་མཚན་བསོད་ནམས་བློ་གྲོས་ཞེས་གནང་། དེ་ནས་རང་ཡུལ་ཉག་ཤོད་ཨ་འཛི་ལུང་གི་སྟོད་དུ་བཞུགས་པའི་ཤར་རྫ་རིན་པོ་ཆེའི་དངོས་སློབ་འཇའ་ལུས་པ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་མདུན་ནས། དབྱིངས་རིག་རིན་པོ་ཆེའི་མཛོད་དང་། རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཁྲིད་རྐང་དང་དབང་བཞི་བཅས་ཀྱི་ཟབ་ཁྲིད་ཐོབ་པས་རྫོགས་ཆེན་དོན་གྱི་རྣལ་འབྱོར་ཆེན་པོར་གྱུར། ཚེ་དབང་འགྱུར་མེད་ཀྱི་ཐེག་མཆོག་བརྒྱུད་འཛིན་ཉེར་བཞིའི་གྲལ་གྱི་ལུང་བྱང་དང་ཞྭ་དཀར་བཅུ་གསུམ་གྱི་མཆོག་གྱུ་དབུ་ཞྭ་དཀར་མོ་རྩེ་རྒྱལ་དང་སྣམ་སྦྱར་སིལ་སྙན་སོགས་སྐུ་གསུང་ཐུགས་རྟེན་མང་པོར་བརྩལ་ནས་ཚེ་དབང་འགྱུར་མེད་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་དང་མ་འོངས་་་་བསྟན་པའི་མངའ་བདག་ཏུ་མངའ་གསོལ་བ་མཛད་དོ། ། དེ་ནས་མ་ཧྰ་ཙི་ནའི་པཎ་ཊི་ཏ་ཆེན་པོ་དཔྲ་སྟོན་སུ་ལ་མཁན་ཆེན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་མདུན་དུ་རབ་བྱུང་སྡོམ་པ་བཞེས། དེ་ནས་བཟུང་སྡོམ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་ཞིང་བསླབ་ཁྲིམས་ཐམས་ཆད་ཆགས་མེད་དུ་བརྩོན་པ་དྲག་པོར་བྱེད། རིག་གནས་ཆེ་ཆུང་བཅུ་དང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་གི་འགྲེལ་བ་བཅུ་ལྷག་ཙམ་ལ་གསན་བསམ་མཛད་པས་པཎཊིཏ་གཉིས་པར་གྲགས། དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གིས་རྗེ་འདི་ཉིད་ལ་ཞབས་བརྟན་གསོལ་འདེབས་ ཕུལ་ནས་མ་འོངས་བསྟན་པའི་བདག་པོར་མངའ་གསོལ་བ་དང་སྟབས་གཅིག་ཐུགས་སྨོན་རྒྱ་ཆེར་མཛད། དེ་ལྟར་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་ཐོབ་པ་ལ་བསྟེན་ནས་ཕུར་པ་ཁྲོ་བཅུ་དང་མ་རྒྱུད་གསང་མཆོག་མཐར་ཐུག་དང་བདེ་འདུས་དང་སྟག་ལ་དབལ་གསས་རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་ལ་བསྙེན་བསྒྲུབ་མཛད་པས་གྲུབ་རྟགས་ཐུན་མིན་དང་ཐུན་མོང་སྣ་་་་་ཚོགས་སུ་འབྱུང་བ་དང་མ་རྒྱུད་དང་ཕུར་པའི་ལྷ་ཞལ་མངོན་སུམ་དུ་མཇལ། དེ་ནས་བཟུངས། ཟབ་མོའི་གདམས་པ་ཤོག་ལོགས་སུ་མི་འཇོག་པར་དྲོད་ཚད་ཉམས་སུ་མྱོང་བར་མཛད་པས་ལམ་རྟགས་ཀྱི་ཡོན་ཏན་གོང་འཕེལ་གྱུར་བས་གངས་ལྗོངས་ཀྱི་མཁས་གྲུབ་དུ་མའི་གཙུག་རྒྱན་དམ་པར་གྱུར་ཏོ།།
   དགུང་ལོ་ཉེར་གསུམ་གྱི་སྐབས་སུ། ཁྱུང་སྲས་གཡུང་དྲུང་བདུད་འདུལ་དང་རྗེ་འདི་ཉིད་གཉིས་ཀྱིས་དཔལ་ལྡན་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གཡུང་དྲུང་གླིང་གི་ཕྱི་ཡི་བཀོད་པ་་་་དང་། ནང་གི་དགོན་ཁྲིམས་སོགས་ལེགས་པར་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེན་པོར་སྤེལ། སེར་སྐྱ་སྟོང་ཕྲག་དུ་མ་ལ་བསྙེན་གནས་དང་དགེ་བསྙེན་གཙང་གཙུག་དྲུང་སྲོང་སོགས་ཀྱི་སྡོམ་ཁྲིམས་དང་བྱང་སེམས་དང་སྔགས་སྡོམ་ལེགས་པར་འབོག དབང་ལུང་ཁྲིད་གསུམ་དང་མན་ངག་དམར་ཁྲིད་རྗེས་གནང་བཅས་སྩོལ། སེར་སྐྱ་ཐམས་ཅད་རྒྱུད་མ་སྨིན་པ་སྨིན་པར་བྱེད་། སྨིན་པ་གྲོལ་བར་བྱེད། གྲོལ་བ་་མཐར་ཕྱིན་པ་བྱེད་པའོ། ། དེ་ནས་དགོན་འདིའི་མཁན་ཚུལ་ཁྲིམས་མཆོག་རྒྱལགྱི་རྗེས་འཛིན་བྱས་ནས་ཡེ་ཤེས་དགོན་གྱི་མཁན་པོ་ཡི་ཁྲི་ལ་མངའ་གསོལ་མཛད། དགོན་འདིའི་སྡོམ་ཁྲིམས་དང་སྲུང་བྱ་གནས་ཀྱི་བསླབ་ཁྲིད་རྒྱས་པར་གསུང་། མདོ་སྔགས་གཉིས་ཀྱི་བསྟན་པ། རྒྱ་ཇེ་རྒྱས་བཏངས་ནས་ཁ་དོན་གཉིས་མཚུངས་ཀྱི་དགོན་པ་ཞིག་ཏུ་བསྐྲུན། ཡེ་ཤེས་དགོན་པའི་བླ་གྲྭ་བཞི་བརྒྱ་ཙམ་ལ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་བཅས་་་་གནང་། ཁྱད་པར་དུ་རྫོགས་ཆེན་གྱི་ཁྲིད་ལུང་མང་པོར་གནང་། སྐུ་གསུང་ཐུགས་རྟེན་རྒྱ་ཆེར་གསར་བཞེངས་མཛད། ཞོར་དུ་རང་རྒྱུད་གྲོལ་བྱེད་ཀྱི་ཐབས་ལ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་མཛད། ཐུན་དྲུག་གི་རྨལ་འབྱོར་པ་ཆེན་པོར་གྱུར། དེ་ནས་བཟུང་སྟེ་ཁྱུང་སྲས་གཡུང་བདུད་འདུལ་དང་རྗེ་འདི་ཉིད་གཉིས་ཀ་དགོན་པའི་བདག་པོའམ་དགོན་བདག་གྱུར་ཏོ། །
   དགུང་ལོ་ཉེར་ལྔའི་སྐབས་སུ། སྔོན་བྱོན་རྒྱལ་འཕགས་་ལུང་གིས་བསྔགས་པ་འོས་པའི་གཡུང་དྲུང་བོན་གྱི་གནས་རི། སྟོན་པ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་བྱིན་གྱིས་བརླབས་པའི་གནས་མཆོག མདོ་སྨད་བོན་པོ་ཡོངས་ཀྱི་བླ་རི་ཤར་རྒྱལ་མོ་རོང་དབུ་རྡོ་གནས་མཆོག་མཇལ་སྐོར་དུ་ཕེབས་སྐབས། དམུ་རྡོ་གནས་ལམ་དུ་བྱོན་ཚེ་འཇའ་ཚོན་དགོན་བདག་ཆུ་འདར་རྫོང་དཔོན་ཚང་གི་གྲུང་དབང་བླ་མ་བསྟན་འཛིན་མཆོག་ལེགས་ཀྱིས་རྫི་བུ་རྒྱ་གར་དབོན་པོ་སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གནང་། དེར་ཡོད་པའི་བླ་སྤྲུལ་དང་སེར་སྐྱ་ཁྲི་ཕྲག་དུ་མ་ལ་བཀའ་ལུང་མན་ངག་གནང་། ཕུ་གམ་སྟེང་གླང་ར་ཞེས་པའི་གནས་མཆོག་དེར་དགོན་པ་གསར་དུ་བཏབས་ནས་མཚན་མི་ཕམ་རྣམ་རྒྱལ་གཡུང་དྲུང་གླིང་གསོལ། རྡོ་གའུ་དབྱིབས་སྟེང་དུ་ཕྱག་རྗེས་དང་ཞབས་རྗེས་བཞག་པ་དེ་དེར་བཞུགས་པའི་བླ་སྤྲུལ་དང་སེར་སྐྱ་སྟོང་ཕྲག་དུ་མའི་མཐོང་ལམ་དུ་གྱུར། དེ་འབྲེལ་རྒྱལ་རོང་ཕྱོགས་དང་དགེ་བཤེས་ཁོག་བདེ་ཆེན་གླིང་སོགས་ལ་ཕེབས་ནས་དགོན་ཁག་མང་པོར་གསར་བཞེངས་མཛད་པ་མ་ཟད། དེའི་ཕྱོགས་ལ་རིག་གནས་གསར་སྤེལ་གྱི་སྐུལ་འདེབས་དང་རྒྱབ་སྐྱོར་ལན་མང་མཛད། ཁྲོ་སྐྱབས་ནས་བཀའ་འགྱུར་ཤིང་པར་ཅན་ཚར་གཅིག་བཅས་སྴུ་གསུང་ཐུགས་རྟེན་མང་པོ་ཡེ་ཤེས་དགོན་པ་ལ་ཕུལ་ནས་བསྟན་པའི་བདག་པོར་གྱུར། །
   དགུང་ལོ་ཉེར་དྲུག་སྐབས་ཙམ་ན་ཀྲུང་གོ་རྒྱང་བསྐྱོད་དམར་དམག་ཉག་རོང་དུ་ཕེབས་སྐབས། ཡེ་ཤེས་དགོན་དུ་དམར་དམག་བཞུག་ཚེ། རྗེ་འདི་ཉིད་ཀྱི་དམར་དམག་ལ་རྒྱབ་སྐྱོར་རོགས་རམ་མང་པོར་བྱེད་པས། ཀྲའུ་དམག་དཔོན་གྱིས་དགོན་པ་འདི་ལ་དམག་དར་དང་དམག་རྟགས་ཐམ་ཀ་ཟངས་སྒོར་བཅས་གནང་ནས་དགོན་པ་འདི་སི་ཁྲོན་ཞིང་ཆེན་དམར་དམག་གིས་སྲུང་སྐྱོབ་དགོན་པར་གྱུར། རྗེ་འདི་ཉིད་དང་ཁྱུང་སྲས་གཡུང་དྲུང་བདུད་འདུལ་རྣམ་གཉིས་ཀྱིས་སྡེ་མི་སེར་ལ་ཟིང་འཁྲུགས་ཀྱི་མགོ་གནོན་ཅི་ཐུབ་བྱེད་པ་དང་། ཕྱོགས་སོ་སོ་ལ་དམར་དམག་འདི་དང་འཐབ་འཁྲུགས་བྱེད་མི་ཆོག་པའི་བཀའ་ནན་ཏན་སྩལ་བས་ཡུལ་གྲུ་དེར་འཐར་མོར་ཆེན་པོ་མ་བྱུང་བས་མི་ཤི་རྟ་ལོག་གི་བྱ་བ་ཚབ་ཆེན་མ་བྱུང་། ཀུན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར། །
   དགུང་ལོ་ཉེར་དགུའི་སྐབས། ཉག་རོང་བཅིང་གྲོལ་བཏང་ཚར། ཉག་རོང་རྫོང་ཐོག་མར་བཙུགས་པའི་སྐབས། ཉག་རོང་རྫོང་སྲིད་གཞུང་ཨུ་ཡོན་དུ་སྐོས་བཞག་བྱེད་པ་བཞིན་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེབས་ཅི་ནུས་བྱེད། འགྲོ་བ་མི་ལ་བདེ་སྐྱིད་འབྱུང་ཐབས་ཀྱི་ལས་ལ་འབད་པ་བྱེད་ཞོར་དུ་རྫོགས་ཆེན་ཐོད་རྒལ་གྱི་ཉམས་ལེན་རྒྱུན་ཆད་མེད་པར་མཛད། །
   དགུང་ལོ་སོ་གཅིག་གི་སྐབས། རྒྱལ་ཁབ་ཀྱི་ལས་བཀོད་ལྟར་དར་མདོ་བྱོན་ནས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས་ནས་རྒྱལ་ཁབ་ཀྱི་ལས་དོན་ཚུལ་བཞིན་དུ་སྒྲུབ་བོ། །
   དགུང་ལོ་སོ་གཉིས་ནས་བཟུངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ་དང་། གེ་སར་རྩོམ་སྒྲིག་པའི་ལས་འཛིན་པ་བཅས་འགན་འཁུར་གནང་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་གང་ནུས་བསྒྲུབས་ཅིང་སྐུ་ཚེ་ཧྲིལ་བོ་ལ་རྒྱལ་ཁབ་དང་མི་དམངས་ཀྱི་ལས་དོན་གཙོ་བོ་བསྒྲུངས། ཞོར་དུ་སྡོམ་ཁྲིམས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། རྫོགས་ཆེན་་སེམས་ཀློང་མན་ངག་གི་སྡེ་སོགས་ཟབ་མོ་རྫོགས་ཆེན་གྱི་ཉམས་ལེན་མཛད། རྒྱལ་ཁབ་ཀྱི་ལས་དོན་དཀའ་ཁག་ཅི་བྱུང་ཡང་བཟོད་བསྲན་དང་ལྡན་པའི་འོག་རབ་བྱུང་གི་སྡོམ་ཁྲིམས་ལ་ཉེས་སྐྱོན་སྤུ་ཙམ་ཡང་་་གོས་མ་མྱོང་བས་དྲང་སྲོང་ཐམས་ཅད་ཀྱི་གཙུག་རྒྱན་ལྟར་གྱུར། །
   དགུང་ལོ་དྲུག་ཅུ་ཐོག རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལ་བསྟེན་ནས་ཆོས་ལུགས་དད་པ་རང་མོས་དང་ཉག་རོང་ཡེ་ཤེས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པ་ལྟར་ཡེ་ཤེས་དགོན་དུ་བྱོན་ནས་སེར་སྐྱ་མང་ཚོགས་འཚོགས་ནས་དགོན་པ་བཞེངས་གསོའི་རིམ་པ་ལ་ལྗགས་བཀོད་མཛད། ཁྱུང་སྲས་གཡུང་དྲུང་བདུད་འདུལ་དང་རྗེ་འདི་གཉིས་ཀྱི་མགོ་གཙོ་འཛིན་ཏེ་ཡེ་ཤེས་དགོན་པ་གསར་བཞེངས་མཛད་དེ་རྟེན་གསུམ་ལེགས་པར་བཞེངས། ཉག་རོང་ཡུལ་ལ་དབང་ལུང་ཁྲིད་གསུམ་ལན་མང་དུ་མཛད། །
   དགུང་ལོ་རེ་གཉིས་ཀྱི་སྐབས་སུ། སྙིགས་མའི་དུས་འདིར་འཇའ་ལུང་མངོན་སུམ་ཕེབས་པའི་གྲུབ་པའི་དབང་ཕྱུག་དཔལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གདན་བར་ཞབས་བཀོད་མཛད་དེ་ཤར་རྫ་རི་ཁྲོད་ཉམས་གསོ་བྱས་པ་དང་། ཤར་རྫའི་གསུང་འབུམ་དབྱིངས་རིག་རིན་པོ་ཆེའི་མཛོད་སོགས་ཉམས་པ་སླ་གསོ་ཆེད་དུ་མི་དམངས་ཤོག་སྒོར་དུ་མ་མང་པོར་གནང་། དེར་ཡོད་པའི་སྐྱ་སེར་ཁྲི་ཕྲག་ཁ་ལོང་ཙམ་ལ་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་གནང་། དེའི་ཕྱོགས་བོན་བན་སེར་སྐྱ་་ཐམས་ཅད་ལ། བོན་བན་གྱི་གྲུབ་མཐའ་འཁོན་འཛིན་དང་འཁྲུགས་རྩོད་བྱེད་པ་དང་། རྩྭ་ས་རྩོད་འཛིང་བྱེད་མི་ཉན་པའི་བསླབ་བྱ་ནན་ཏན་མཛད། མི་དམངས་མཐུན་སྒྲིལ་འོང་ན་རང་རང་གི་བདེ་སྐྱིད་ཡིན་ཚུལ་སོགས་རྒྱུ་མཚན་མང་པོར་གནང་། དེ་ནས་སྡེ་དགེ་ཕྱོགས་དང་རྫ་ཁོག་ཕྱོགས་ཀྱི་དགོན་ཁག་མང་པོ་ལ་རོགས་རམ་རྒྱ་ཆེར་མཛད་པར་མ་ཟད། ཕྱག་རྫས་མང་པོ་འགྱེད་པ་དང་། མང་ཇ་དང་མི་དམངས་ཤོག་སྒོར་སྟོང་ཕྲག་འགའ་སྐྱབས་རྟེན་ནམ་དགོན་པ་བཞེངས་གསོ་ཡི་རྟེན་དུ་ཕུལ། དེ་འབྲེལ་ཕྱོགས་སོ་སོ་ནས་རང་རང་གི་རིག་གནས་ཉམས་པ་སླར་གསོ། མ་ཉམས་གོང་སྤེལ་བྱེད་དགོས་ཚུལ་སོགས་ཀྱི་བསླབ་བྱ་ཡང་ཡང་གནང་། ལོ་རེའི་ཟླ་དྲུག་པ་ནང་སླར་ཡང་རང་དགོན་དུ་ཕེབས་ནས་དགོན་པ་ལ་ལྗགས་བཀོད་མང་པོ་གནང་རྗེས་ལས་ཁྭངས་ཀྱིས་བཀའ་ལྟར་དར་རྩེ་མདོ་ལ་ཕེབས་སྟེ་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་པར་མཛད། །
   དགུང་ལོ་རེ་གསུམ་གྱི་སྐབས་སུ། ཀྲུང་གོ་རྒྱལ་སྤྱི་ཁྱབ་ཁང་གི་བཀའ་བཞིན་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དང་དཀར་མཛེས་ཁུལ་སྲིད་གྲོས་གཉིས་མཉམ་འབྲེལ་ཐོག རྣམ་པར་ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་མི་བོའི་གསུངས་བའི་གྲུང་མཐའ་ཐམས་ཅད་ཀྱི་རྒྱལ་བོ། བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་ཤིང་པར་རྣམས་བརླགས་ཚར། མ་དཔེ་བྲིས་མ་ཆ་ཚང་གཅིག་ལས་མེད་པ་དེ། དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་ལེན་ནས། བཀའ་འགྱུར་རིན་པོ་ཆེ་གློག་པར་བཏབ་པའི་ལས་དོན་གྱི་ཁུར་པོ་ཕྲག་ཏུ་ཁུར་ཏེ་པར་བསྐྲུན་གྱི་བྱ་བ་ལེགས་པར་བསྒྲུབས། རྒྱལ་ཁབ་ཀྱི་མི་རིགས་ཞིབ་འཇུག་ལས་ཁུངས་དང་། པེ་ཅིན། མཚོ་སྔོན། ཀན་སུའུ། སི་ཁྲོན། བོད་ལྗོངས་བཅས་ཀྱི་ཞིབ་འཇུག་སྡེ་ཁག་ལ་བོད་ཀྱི་ཆེས་སྔ་རབས་ཀྱི་རིག་གནས་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཆེད་དུ་ཚར་རེ་ཕུལ་བ་དང་། དེ་བཞིན་དུ་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་ལ་ཡོད་པའི་བོན་བན་དགོན་སྡེ་ཁག་དང་། བླ་སྤྲུལ་ཁག བོད་རྒྱ་དད་ལྡན་གྱི་མང་ཚོགས་ལ་དད་པའི་གསོས་སུ་བཀའ་འགྱུར་རིན་པོ་ཆེ་ཕུལ་བས་ཀུན་གྱིས་རྗེ་འདི་ཉིད་ལ། གཤེན་བསྟན་མཐའ་རྒྱས་ཞེས་མཚན་གསོལ། བན་བོན་སེར་སྐྱ་འབུམ་ཕྲག་དུ་མས་བསྔགས་པའི་གནས་སུ་གྱུར། བཀའ་འགྱུར་རིན་པོ་ཆེ་ངར་དུ་བསྐྲུན་པ་འདི་ནི་སྤྱིར་ཀྲུང་གོའི་རིག་གནས་གོང་འཕེལ་དང་སྒོས་སུ་བོད་རང་གི་ལོ་རྒྱུས་ཀྱི་གཞི་མར་བརྟན་པ་དང་། ཡང་སྒོས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པའི་འབྱུང་ཁུངས་བཙན་པ་སོགས་རིག་གནས་དར་སྤེལ་ལ་ཕན་ཤུགས་ཆེན་པོར་གྱུར། །
   དགུང་ལོ་རེ་བཞིའི་སྐབས་སུ་ཉག་རོང་དུ་བྱོན་ནས། ཉག་གི་དགོན་སྡེ་ཐམས་ཅད་ཀྱི་སེར་སྐྱ་མང་ཚོགས་ལ་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་གནང་། བླ་སྤྲུལ་སེར་གསུམ་ལ་ཟབ་མོ་རྫོགས་ཆེན་གྱི་དབང་ལུང་ཁྲིད་གསུམ་གནང་བ་དང་ཉག་རོང་རྫོང་འབྲེལ་ཡོད་ལས་ཁུངས་དང་འབྲེལ་གཏུགས་བྱས་ཏེ་ཉག་རོང་བན་བོན་དགོན་སྡེ་དུ་མ་ཆོས་སྒོ་ཕྱེས་ནས་ཉམས་གསོ་བྱེད་ཐབས་ལ་ལྗགས་བཀོད་རྒྱ་ཆེར་གནང་། དེ་འབྲེལ་སི་ཁྲོན་ཞིང་ཆེན་གྱིས་ཉག་རོང་ཡེ་ཤེས་དགོན་ལ་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་གནང་བས་དགོན་པའི་རྟེན་གསུམ་སྔར་ལྟར་བཞེངས་པའི་མཐུ་རྐྱེན་ཐམས་ཅད་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཡིན། དགོན་པ་བཞེངས་རིམ་གྱི་འགན་ནི། རྗེ་འདི་ཉིད་ཀྱི་སྤུན་ཆུང་བླ་མ་དམ་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་བཞེས་ནས་དགོན་པའི་ལས་དོན་ཐམས་ཅད་འཕྲག་ཏུ་ཁུར་བ་དང་དགོན་པ་ནང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དབང་ལུང་གནང་། དགོན་པའི་ཟུར་དུ་བཤད་གྲྭ་ཁང་ངམ་སྨྲ་སེང་ཁང་ལེགས་པ་བཞེངས། ནང་དུ་རྟེན་གསུམ་གྱིས་བལྟམས་པར་བྱེད། དགོན་པིའ་ཕྱི་ནང་གི་འཆར་གཞི་བཀོད་པ་མཛད་པ་ནི་རྗེའི་གཅུང་བླ་མ་ཨ་རྒྱལ་ལམ་བསྐལ་བཟང་རྒྱ་མཚོ་ཡིན། །
   དགུང་ལོ་རེ་ལྔའི་སྐབས་རྒྱལ་རོང་ཕྱོགས་སུ་བྱོན་ནས། རྒྱལ་རོང་གནས་འགོ་གཡུང་དྲུང་གླིང་། སོག་པོ་བྱེ་འབུར་དགོན་སོགས་དགོན་ཁག་འགའ་དང་མཆོད་རྟེན་སོགས་ཉམས་གསོ་ལེགས་པར་བྱས་ཏེ་སེར་སྐྱ་ཁྲི་ཕྲག་ལྷག་ལ་སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་སོགས་ཀྱི་ལུང་དང་། དགེ་སྒྲུབ་སྡིག་སྤངས་དང་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག སྡེ་མི་སེར་དང་གྲོང་དང་ལྗོངས་བར་དུ་འཁྲུགས་རྩོད་ཀྱི་བྱ་བ་བྱེད་མི་ཆོག་པའི་བསླབ་བྱ་ནན་ཏན་གནང་། རོང་བྲག་རྫོང་འབྲེལ་ཡོད་ལས་ཁུངས་དང་འབྲེལ་གཏུགས་བྱས་ནས་རྒྱལ་རོང་ཕྱོགས་བོན་དགོན་འགའ་ཞིག་ཆོས་སྒོ་ཕྱེ། དེ་ནས་མེ་ཉག་འདུ་རྭ་དགོན་དང་ཉག་ཆུ་རྫོང་ཐང་སྒང་དགོན་པ་གཉིས་ལ་རྒྱལ་ཁབ་ཀྱི་ཆོས་མཆན་ཐོབ་པ་ལྟར་རྗེ་ཉིད་ཀྱི་གསར་བཞེངས་མཛད། དེར་ཡོད་པའི་མི་དམངས་སྟོང་ཕྲག་འགའ་ལ་ཚེ་དབང་དང་ཕུར་པའི་དབང་སོགས་གནང་བ་དང་མ་ཏྲི་རིན་ཆེན་སྒྲོན་མ་སོགས་སྙིང་པོ་རྣམ་གསུམ་གྱི་ལུང་གནང་། དགེ་བཅུ་སྒྲུབ་ཐབས་ཀྱི་བསླབ་བྱ་ནན་ཏན་གསུངས། མི་རིགས་སོ་སོར་བར་འཁོན་འཛིན་དང་འཐབ་རྩོད་བྱེད་མི་ཉན་པའི་བསླབ་བྱ་གནང་། རྒྱལ་ཁབ་མངག་བཅོལ་ལྟར་ལས་དོན་བསྒྲུབས་ནས་སླར་ཁྲེའུ་ཏུ་ལ་ཕེབས་སོ། །
   དགུང་ལོ་རེ་དྲུག་སྐབས་སུ། ཤར་ཁོག་དགའ་མ་དགོན་པ་སོགས་ཤར་ཁོག་དགོན་ཁག་ལྔ་དྲུག་ཙམ་གྱིས་གདན་འདྲེན་ཞུ་བ་ལྟར་ཤར་ཁོག་ཏུ་ཕེབས་ཏེ་དགའ་མ་དགོན་སོགས་དགོན་ཁག་དྲུག་ཙམ་ལ་ཞབས་བཅགས་ནས་དེར་ཡོད་པའི་མི་དམངས་སྟོང་ཕྲག་ལྷག་ཙམ་ལ་བོན་གྱི་ལོ་རྒྱུས་འཆད། ཚེ་སྒྲུབ་བྱ་རི་མའི་དབང་དང་ཞི་ཁྲོའི་དབང་དང་ཀུན་རིགས་ལས་བཞི་རྒྱུད་ལྔའི་ལུང་། ཟབ་མོ་སྔགས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་གདམས་ཁྲིད་ལེགས་པར་གནང་། རབ་བྱུང་བཅུ་ཕྲག་ཙམ་ལ་བསྲུང་ཁྲིམས་སྡོམ་པ་འབོག དེའི་ཕྱོགས་དགོན་ཁག་མང་ཕྱོགས་ལ་རོགས་རམ་དང་ཕྱག་འགྱེད་རྒྱ་ཆེ་གནང་། སེར་སྐྱ་ཀུན་གྱིས་དད་པའི་གསོས་སུ་གྱུར་ཏོ། །
   དགུང་ལོ་རེ་བདུན་སྐབས། མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྔ་བ་རྫོང་སྣང་ཞིག་དགོན་འདུ་ཁང་གསར་བཞེངས་ལེགས་གྲུབ་ཀྱི་དགའ་སྟོན་དང་སྣང་ཞིག་སྐྱངས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ཁྲི་ལ་མངའ་གསོལ་གྱི་དགའ་སྟོན་དུ་གདན་འདྲེན་ཞུ་བ་ལྟར་རྔ་བ་རྫོང་དུ་ཕེབས་ཏེ་དགའ་སྟོན་ལ་ཞུགས་ནས་སེར་སྐྱ་མང་ཚོགས་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འབྲེལ་བའི་སྒོ་ནས་བསླབ་བྱ་མང་པོར་མཛད། ཀློང་རྒྱས་སོགས་ཀྱི་དབང་ལུང་གནང་། དེ་ནས་རྟོགས་ལྡན་དགོན་གྱི་བླ་མ་ཁྲི་པ་དང་ཚུལ་ཆེན་གཉིས་ཀྱིས་གདན་འདྲེན་ཞུ་བ་ལྟར་རྟོགས་ལྡན་དགོན་དུ་ཕེབས་ནས་ཤར་རྫ་རིན་པོ་ཆེའི་གསུང་འབུམ་ཁྲིད་གཞུང་མང་པོའི་ལུང་ཁྲིད་དང་། མི་དམངས་སྟོང་ཕྲག་འགའ་ལ་བོན་གྱི་འབྲེལ་བ་བཞག དེ་ནས་བརྒྱད་ཟིལ་རྫོང་དུ་བྱོན་ནས། དེར་བཞུགས་པའི་བླ་སྤྲུལ་རྣམས་ལ་གསང་སྔགས་ཀྱི་དབང་བསྐུར་ཞིང་སྐྱ་སེར་ཡོངས་ལ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གནང་། ལྷག་པར་དུ་བརྒྱད་ཟིལ་ན་ལུགས་སྲོལ་ངན་པ་མི་ཤི་ན་སྲོག་གཅོད་པ་དགེ་བར་རྩི་སྲོལ་དེ་བཅོས་ནས་མི་ཤི་ན་སྲོག་སྐྱབ་པ་དང་། སྦྱིན་པ་བཏང་བ་དང་། དགེ་བ་སྒྲུབ་པའི་སྲོལ་ཡང་དག་བཙུགས་པ་མ་ཟད་རྒྱ་མི་མང་པོ་ཞིག་བོན་པོའི་ཆོས་སྒོར་འཇུག་ཏུ་བཅུག་པ་སོགས་བོན་ནང་བསྟན་གྱི་བསྟན་པ་རིན་པོ་ཆེ་དར་སྤེལ་བྱེད་པ་དང་། བརྒྱད་ཟིལ་གྱི་མི་དམངས་ལ་བོན་སྦྱིན་རྒྱ་ཆེན་པོ་མཛད་པ་སོགས་ངོ་མཚར་བའི་ཁྱད་བོན་དུ་མ་མཛད་དོ། །
དགུང་ལོ་རེ་བརྒྱད་ཀྱི་སྐབས། གངས་ཅན་མགོན་གཅིག་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོར་སྐུ་གདུང་མཆོད་རྟེན་རབ་གནས་ཀྱི་མཛད་སྒོ་ལ་གདན་འདྲེན་ཞུ་བར་ལྟར་ཕེབས། དེར་ཕེབས་པའི་སྣང་ཞིག་རྒྱལ་འོབས་བསྟན་འཛིན་དབང་རྒྱལ་དང་། གཡུང་དྲུང་གླིང་གི་མཁན་ཀུན་གསལ་བློ་གྲོས། ཨ་ལགས་བོན་བརྒྱ་ལྷུན་གྲུབ་རྒྱལ་མཚན། རྟོགས་ལྡན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།ཉག་ཆུ་བསྟན་པའི་ཉི་མ། ཧོར་རྒྱལ་བ་གཡུང་དྲུང་། རྒྱལ་མཚན་ནོར་བུ་སོགས་བོན་པོའི་སྐྱེས་ཆེན་དུ་མ་ལྷན་ཅིག་འཚོགས་ཏེ་མཆོད་རྟེན་རབ་གནས་ཀྱི་མཛད་སྒོར་ཞུགས། ཕྱོགས་གཅིག་ནས། བོད་ཀྱི་ལོ་རྒྱུས་ཀྱི་གཞི་མ་བོན་ལ་ཐུག་པས་བོན་གྱི་གསུང་རབས་པར་དུ་སྐྲུན་ཐབས་དང་། རིག་གནས་མི་ཉམས་གོང་འཕེལ་བྱེད་ཐབས་སོགས་བཀའ་གྲོས་མཛད་པའི་གྲུབ་འབྲས་འབྱུང་བཞིན་བདོག དེ་ནས་ཁྲེའུ་ཏུར་ཕེབས་ནས་སྔར་ལྟར་ལས་འགན་ཕྲག་ཏུ་ཁུར་ནས། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་་བྱས་ནས་པེ་ཅིན་སོགས་ནང་རྒྱལ་གྱི་ཞིང་ཆེན་མང་ཕྱོགས་ལ་ལྟ་སྐོར་ཕེབས། ཕྱོགས་གཅིག་ནས་རྒྱལ་ཁབ་ཆབ་སྲིད་ཁྱབ་བསྒྲག་དང་ཕྱོགས་གཅིག་ནས་བོད་རང་གི་རིག་གནས་དང་སྤེལ་བྱེད་ཐབས་ཀྱི་ལས་ལ་ངལ་མེད་མཛད། ཧྲ་ཧེ་དང་གོ་ནན་དང་སྲིའུ་ཀྲན་སོགས་ཀྱི་རྒྱ་ཡི་སློབ་མ་མང་པོ་ལ་ཟབ་ལམ་སྔགས་དང་གྲོལ་ལམ་རྫོགས་ཆེན་གྱི་ཁྲིད་གཞུང་རྒྱ་ཆེ་གནང་། རྒྱ་བོད་སློབ་མ་སྟོང་ཕྲག་ཙམ་བྱུང་ངོ་། །
   དགུང་ལོ་རེ་དགུ་ཡི་སྐབས་སུ། བོད་ལྗོངས་ཀྱི་བླ་སྤྲུལ་དང་དགོན་ཁག་སོ་སོས་གདན་འདྲེན་ཞུ་ལྟར་བིད་ལྗོངས་ལ་ཞབས་བཅགས་པར་མཛད། ཚ་བ་སྒང་ས་ལ་དགོན་སོགས་དགོན་ཁག་མང་པོར་ཞབས་བཅགས་ནས་གསས་མཁར་མཆོག་ལྔའི་དབང་ལུང་གནང་། དེ་ནས་ཁྱུང་པོ་རི་རྩེ་དྲུག་གི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་གདན་འདྲེན་པ་ལྟར་རྩེ་དྲུག་ཕེབས་ནས་རིག་འཛིན་གསང་སྒྲུབ་དང་ཁྲོ་ཕུར་གྱི་སྨན་བསྒྲུབས་བཙུགས། སེར་སྐྱ་ཁྲི་གཉིས་ལྷག་ཙམ་ལ་སྨན་གྱི་དངོས་གྲུབ་དང་དབང་ལུང་བསླབ་བྱ་གནང་། དེ་བཞིན་དུ་ཁྱུང་པོ་སྟེང་ཆེན་དགོན་སོགས་མི་སེར་ཁྲི་ཕྲག་ཙམ་ལ་ཁྲོ་ཕུར་གྱི་དབང་ལུང་གནང་། །
   དེ་བཞིན་དུ་ཁྱུང་པོ་སྟོད་ཕྱོགས་དང་ཧོར་དང་ཉག་ཆུ་སོགས་དགོན་ཁག་མང་པོ་ལ་བྱོན་ནས་ཆོ་ག་བཅུ་གཉིས་ཀྱི་དབང་དང་། ཕུར་པའི་ལུང་། དབྱིངས་རིག་རིན་པོ་ཆེའི་མཛོད་སོགས་ཁྲིད་དང་སྙིང་ཐིག་དང་སྐུ་གསུམ་རང་ཤར་གྱི་དབང་བཞི་དང་མ་རྒྱུད་གསང་མཆོག་མཐར་ཐུག་དང་ཡི་དམ་གསས་མཁར་མཆོག་ལྔ་ལ་སོགས་ཀྱི་ཁྲིད་ལུང་མང་པོར་གནང་། དེའི་ཕྱོགས་ཀྱི་དགོན་པ་ཉམས་གསོ་མ་ཐུབ་པ་རྣམས་ལ་ཕྱག་རྫས་ཀྱི་རྒྱབ་སྐྱོབ་དང་རོགས་རམ་རྒྱ་ཆེན་པོར་མཛད། དེ་ནས་འཛམ་གླིང་མཁས་མང་གཙུག་རྒྱན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གདན་ས་སྨན་རི་ཐོ་བརྒྱ་དགོན་དུ་ཞབས་བཅགས་སྐབས། བར་སྣང་སྤྲིན་དཔུང་གི་དབུས་ན་མཉམ་མེད་ཡབ་སྲས་མངོན་སུམ་མཐོང་སྣང་དུ་གྱུར་པ་དང་། སྲིད་རྒྱལ་སོགས་ལྷ་དང་སྲུང་མ་ཐམས་ཅད་ཀྱིས་གདན་འདྲེན་ཞུ་བ་དང་ཆབས་གཅིག་འབྲུག་གྲགས་པ་དང་ས་གཡོ་བ་སོགས་རྟགས་མཚན་དུ་མ་ཤར། དེ་ནས་གངས་ཅན་ལྗོངས་ཀྱི་མཁས་གྲུབ་དུ་མའི་གཙུག་རྒྱན་སྐྱབས་མགོན་ཟླ་བ་རྒྱལ་མཚན་གཡི་གདན་ས་ར་ལག་གཡུང་དྲུང་གླིང་ལ་ཞབས་བཅགས་སྐབས། མདོ་སྔགས་གཞུང་བརྒྱ་སྨྲ་དབང་ཀུན་གསལ་བློ་གྲོས་དང་ཤེས་རབ་བསྟན་འཛིན་མཁན་སློབ་ཟུང་དང་ལྷན་ཅིག་ཏུ་བཞུགས་ནས་མ་འོངས་བསྟན་དོན་གྱི་བཀའ་གྲོས་ལེགས་པར་མཛད་རྗེས། མཁན་དཔོན་སློབ་གཉིས་ཀྱི་རྗེ་འདི་ཉིད་མདོ་སྨད་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོར་མངའ་གསོལ། གཡུང་དྲུང་གླིང་དུ་རྗེ་འདི་ཉིད་ལ་མཐོང་སྣང་མི་འདྲ་བ་དུ་མ་བྱུང་བ་ལས་རྨི་ལམ་དུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་མངོན་སུམ་མཐོང་སྣང་དུ་འཆར་རོ། །ཞེས་ཞལ་གསུངས་སོ།།དེ་ནས་དབུས་གཙང་ཕྱོགས་ཀྱི་བོན་དགོན་ཀུན་ལ་ཞབས་བཅགས་ནས་ཕྱག་འགྱེད་དང་མང་ཇ་མང་པོ་ཕུལ། དེ་ནས་སྟན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་གཤེན་རབ་ཀྱི་ཞབས་བཅགས་པའི་གནས་མཆོག་ཀོང་པོ་བོན་རི་ལ་ཕེབས། སྙིགས་དུས་རྫོགས་ཆེན་ཀྱི་རྣལ་འབྱོར་ཆེན་པོ་སྒོམ་ཆེན་ལྷ་འདུས་རིན་པོ་ཆེ་སོགས་རྟོགས་ལྡན་དུ་མ་དང་ཉམས་རྟོགས་འབུལ་རེས་བྱས་པའི་གོ་སྐབས་ལེགས་པར་བྱུང་ཞེས་གསུང་། གནས་སྐོར་གྱི་ལམ་བར་མཐོང་སྣང་མི་འདྲ་བ་དང་སྒྲུབ་ཕུག་མི་འདྲ་བ་འགའ་ཞིག་གསར་དུ་ངོ་སྤྲོད་གནང་བ་བཅས་ཀོང་པོ་བོན་རིའི་དཀར་ཆག་མདོར་བསྡུས་ཙམ་ཞིག་ཕྱག་བྲིས་གནང་། ཀོང་པོ་དགོན་ཁག་ལྔ་ཙམ་ལ་ཕེབས་ནས་ཁྲོ་ཕུར་ཞང་གསུམ་གྱི་དབང་ལུང་མན་ངག་གནང་སྟེ་སླར་ཁྲེའུ་ཏུ་ལ་ཕེབས།།
   དགུང་ལོ་བདུན་ཅུའི་སྐབས་སུ་རང་དགོན་དུ་བྱོན་ནས། བླ་གྲྭ་རྣམས་ཀྱི་བཞུགས་གནས་གྲྭ་ཁང་བགོས། རྗེ་འདི་ཉིད་ཀྱི་ལྗགས་བཀོད་ལྟར་གྲྭ་ཤག་དགུ་བཅུ་ཙམ་གྱིས་རྒྱལ་ཁབ་ལ་རེ་བ་བཞག་པ་བཞིན་འགྲུབ་པས་བླ་གྲྭ་ཀུན་ལ་བཞུགས་གནས་ལེགས་པར་ཐོབ།
   དགུང་པོ་བདུན་ཅུ་ནས་དོན་བཞིའི་བར་དུ་ཁྲེའུ་ཏུས་ལ་བཞུགས་ནས་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ། པེ་ཅིང་། ཡུན་ནན། བཀའ་བཏང་། སྲན་ཀྲན་སོགས་ལ་ཕེབས་ནས་གོ་རིམ་གྱི་བཀའ་བཞིན་བསྒྲུབས། ཧྲའུ་ཧེ་དང་ཀན་ནུས། ཡུན་ནན་སོགས་ཀྱི་རྒྱ་ཡི་སློབ་མ་ལ་ཟབ་མོ་རྫོགས་པ་ཆེན་པོ་དང་བོན་གྱི་ལོ་རྒྱུས་ཁྲིད་ལུང་གནང་བ་སོགས། རྒྱལ་གཅེས་ཆོས་གཅེས་བྱ་བ་ལ་ཧུར་བརྩོན་དྲག་པོར་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་འབྱུང་བའོ། །
   དགུང་ལོ་དོན་ལྔའི་ཟླ་བ་ལྔ་བ་ནང་། སྙིགས་དུས་འཇའ་ལུས་ཆེན་པོ་དཔལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གདན་སར་མདོ་སྔགས་རྫོགས་གསུམ་རིག་གནས་ཀུན་ལ་མི་འཇིགས་པའི་སྤོབས་པ་ལྡན་པའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་གྱིས་ནན་བསྐུལ་མཛད་པ་ལྟར་རྫ་ཁོག་ཤར་རྫའི་རི་ཁྲོད་དུ་བྱོན་ནས་བླ་སྤྲུལ་དང་མཁན་པོ་བདུན་ཅུ་ལྷག་དང་གྲྭ་བླ་སེར་གསུམ་བརྒྱ་ཕྲག་འགའ་ལ་དབྱིངས་རིག་རིན་པོ་ཆེའི་ཁྲིད་ལུང་དང་རྫོགས་ཆེན་གྱི་དབང་བཞི་བཅས་གནང་སྐབས་རྟགས་མཚན་དུ་མ་ཤར། དེ་ནས་རང་དགོན་དུ་ཕེབས་ཏེ་རིག་འཛིན་འདུས་པའི་སྒྲུབ་ཆེན་གྱི་དབུ་འཛིན། སེར་སྐྱ་སྟོང་ཕྲག་ཁ་ལོང་ཙམ་ལ་བསྙེན་གནས་ཀྱི་སྡོམ་པ་གནང་རྟིང་རིག་འཛིན་འདུས་པའི་རིག་པ་རྩལ་དབང་བསྐུར། ཞལ་ནས་ད་རེས་ལན་གཅིག་འུ་ཅག་ཐུག་པའི་སྐལ་བ་བྲལ་ཞེས་ཞལ་གསུང་གནང་བས་སེར་སྐྱ་ཀུན་དོགས་པའི་གནས་སུ་གྱུར་ཡང་ནན་དྲིས་ཀྱི་སྤོབས་པ་བྲལ། ལོ་དེའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ཁོང་རིན་པོ་ཆེ་མ་དག་པའི་སྣང་ངོར་སྙུང་བའི་ཚུལ་བསྟན་མོད།
   འོན་ཀྱང་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེབས་ཀྱི་ཆེད་དུ་ཁྲེའུ་ཏུས་ལས་ཁུབས་ལ་ཕེབས་ཀྱང་ལོ་དེའི་ཟླ་བ་བཅུ་བའི་ཚེས་བཅུ་ཉིན་ཁྲེའུ་ཏུས་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པའི་སྐབས་ཁྲེའུ་ཏུས་གླིང་ལ་ས་གཡོ་བ་དང་སྦྲང་ཆར་འབབ་པ། འཇའ་ཚོན་ཤར་བ་སོགས་རྟགས་མཚན་དུ་མ་ཤར། དེར་ཡོད་པའི་རྒྱ་བོད་ཀུན་གྱིས་མཐོང་སྣང་དུ་གྱུར། དེ་ཉིན་ཡེ་ཤེས་དགོན་པའི་བར་སྣང་ལ་འཛའ་ཚོན་སྣ་ལྔའི་གདུགས་ཕུབ་པ་སོགས་བན་བོན་སེར་སྐྱ་སྟོང་ཕྲག་དུ་མའི་མཐོང་ལམ་དུ་གྱུར། སྐུ་གདུང་ཡེ་ཤེས་དགོན་དུ་གདན་འདྲེན་ཞུ་དུས། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་ཉག་རོང་རྫོང་བཅས་ཀྱི་རླངས་འཁོར་བཞི་བཅུ་ལྷག་གིས་སྐྱེལ་བསུ་བྱས་ཏེ་ཉག་ཡུལ་བན་བོན་དགོན་ཁག་བཅུ་ཙམ་གྱིས་ཚོགས་འཁོར་འབུལ་རྟིང་སྐུ་གདུང་་་་་ཞུགས་ལ་ཕུལ་ཚེ་འབྲུག་གྲགས་པ་དང་འཇའ་ཚོན་སྣ་ལྔའི་གུར་དབུབ་པ་སོགས་རྟགས་མཚན་དུ་མ་ཤར་རོ། །
   རྗེ་འདི་ཉིད་དགུང་ལོ་སོ་གཅིག་ནས་དོན་ལྔ་སྟེ། ལོ་ངོ་ཞེ་བཞིའི་སྐུ་རིང་ལ་ཉམ་ཆུང་ཚུལ་མཐུན་གྱི་སྒོ་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ལས་དོན་ལ་ཞུགས། རྗེ་འདི་ཉིད་རྒྱལ་ཁབ་ཀྱི་སྐུ་ཚབ་བྱས་ནས། ཁུལ་གཅིག་གི་རྫོང་ཁག་བཅོ་བརྒྱད་ལ་ཕེབས་ནས། སྲོག་ཕོངས་མེད་ཀྱི་ལས་དོན་བསྒྲུབས། ཞིང་ཆེན་བཅུ་ཙམ་ལ་བལྟ་སྐོར་ཕེབས། སྔོན་ཆད་ཟིང་འཁྲུགས་ནང་དམར་དམག་གི་ཆེད་དུ་དཀའ་ཁག་མང་པོ་མྱོང་། རིག་གནས་དར་སྤེལ་གྱི་བྱ་བཞག་ཆེན་པོར་བསྒྲུབས། གོང་རིམ་གྱི་བཀའ་སྩལ་བ་བཞིན་དུ་མ་འགྲུབ་པའི་དུས་ནམ་ཡང་མེད། རླབས་ཆེན་གྱི་རྗེས་བཞག་མང་པོ་མཛད། མཐོ་པོ་ལ་ངོ་དགའ་མ་བྱས་པས་གོ་གནས་ཇེ་མཐོ་ཡང་མ་སོང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་བསྒྲུབས་པས་མར་མ་ལྷུང་ནས་སྐུ་ཚེ་མཐར་ཕྱིན་པའི་བར་དུ་རྒྱལ་་་་ཁབ་ཀྱི་ལས་དོན་བསྒྲུབས་སོ། ། རྗེ་འདི་ཉིད་གསུང་འབུམ་ལ། ཀོང་པོ་བོན་རིའི་དཀར་ཆག ཡེ་ཤེས་དགོན་པའི་ལོ་རྒྱུས། གནའ་རབས་བོན་གྱི་ལོ་རྒྱུས། མ་དང་མཁའ་འགྲོ་སྲུང་མ་བཅས་ཀྱི་ལུང་བསྟན་སྐོར། དབྲ་སྟོན་གྱི་རྣམ་ཐར་མདོ་བསྡུས། ཚུལ་ཁྲིམས་མཆོག་རྒྱལ་གྱི་རྣམ་ཐར་ཕྱོགས་བསྒྲིགས་སོགས་པོ་ཏི་གཉིས་ཙམ་བཞུགས་སོ། ། ལོ་རྒྱུས་རྒྱས་པ་ཁོ་བོ་བྲིས་པའི་རྣམ་ཐར་ཆེན་མོའི་ནང་དུ་གསལ་ལོ། །

སྨྲས་པ།
སྡེ་གསུམ་རྫོགས་ཆེན་འོ་མཚོའི་བཅུད་ཀྱིས་ཕྱུག །
ཀ་དག་རིག་པའི་རང་མདངས་རང་ཕྱུག་པ། །
རིགས་བརྒྱ་བདག་ཉིད་སྨྲ་བའི་དབང་པོ་མཆོག །
གཡུང་དྲུང་བསྟན་པའི་རྒྱལ་མཚན་དུས་ཀུན་རྒྱལ། །
གོང་གི་རྣམ་བཞི་ཕྲིན་ལས་ཆུ་གཏེར་མཐར། །
བདག་བློ་འཕར་འགྲོའི་རྩལ་གྱིས་གཞལ་མིན་ཡང་། །
བླ་མ་དམ་པའི་བཀའ་ནན་བདུད་རྩིའི་བཅུད། །
སྤྱི་བོར་བབས་པས་གྱེན་བཟློག་མ་ནུས་སོ། །
དམ་པའི་རྣམ་ཐར་ཆ་ཤས་གཞལ་མི་ལོང་། །
ཐུན་མིན་མཛད་ཕྲིན་ཉུང་ཙམ་སྤེལ་བ་ལ། །
འགལ་འཁྲུལ་སྐྱོན་གྱིས་དྲི་མས་གོས་གྱུར་ན། །
བླ་མ་དམ་པ་རྣམས་ལ་བཟོད་གསོལ་འབུལ། །
འདི་བརྩམས་དགེ་འབྲས་ཅི་མཆིས་བདག་ལ་སོགས། །
མཁའ་མཉམ་སེམས་ཅན་རྫོགས་སངས་རྒྱས་པ་དང་། །
གོང་གི་མཛད་ཕྲིན་ས་སྟེང་ཁྱབ་པ་དང་། །
བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་དར་བ་ཤོག །

   ཞེས་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུསའདི་ནི་རྗེའི་གཅུང་པོ་བླ་མ་བསྐལ་བཟང་རྒྱལ་མཚན་དང་། མཁན་འཇིགས་མེད་དབང་ཕྱུག་དང་། མི་ནུབ་དགོན་པའི་མཁན་པོ་རིག་འཛིན་དབང་རྒྱལ། སྣང་ཞིག་དགོན་པའི་ཁྲི་པ་ནམ་མཁའ་གཡུང་དྲུང་བཅས་ཀྱིས་བཀའ་ནན་སྤྱི་བོར་བབས་པས་བཀའ་མ་ལྡོག་ཙམ་དུ་སེང་གེ་སྤྲུལ་སྐུ་མིང་ཙམ་འཛིན་པ་རིག་འཛིན་ཉི་མས་ལེགས་པ་བརྒྱ་འཛོམས་ཉིན་སྦྱར་བའོ།། །།

གྲོགས་པད་མ་ཆོས་གྲགས་ནས་མཁོ་འདོན་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག