ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག
སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག] [ཟླ་ཚེས། 12-06-24] [ཀློག་གྲངས། ]

གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བཞུགས་སོ།།

      ༄༅། །ཡེ་ཉིད་སྟོན་པ་ཀུན་བཟང་འོད་མི་འགྱུར། །ངེས་པའི་སྐུར་བཞེངས་རྫོགས་སྐུ་གཤེན་ལྷ་འོད། །གདུལ་བྱའི་སྣང་ངོར་སྤྲུལ་བ་ཅི་ཡང་འཆར། །སྐུ་གསུམ་སྟོན་པས་དེང་འདིར་དགེ་ལེགས་བསྩོལ། །སྐལ་བཟང་འདྲེན་བ་སྟོང་དང་རྩ་བརྒྱད་ཀྱི། །དབུས་ན་ཐུགས་བསྐྱེད་གོ་ཆ་ཆེར་དཔའ་བའི། །མི་འཇེད་གདུལ་དཀའ་འདུལ་བའི་སྐྱབས་གཅིག་པུ། །རྣམ་འདྲེན་གཤེན་རབ་མཆོག་ལ་གུས་ཕྱག་འཚལ། །སྟོན་པ་བླ་མེད་གསུང་གི་སྟོན་པ་ལ། །བྱོན་པའི་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་། །སྒྲ་བསྒྱུར་མཁས་པ་སྡེ་དྲུག་ལ་སོགས་པའི། །ཕྱི་རྒྱུད་སྤྲུལ་སྐུའི་བརྒྱུད་པ་རྣམས་ལ་འདུལ། །ཡུམ་སྲས་གཤེན་གསུམ་གསང་འདུས་སྟག་ལྷ་དང་། །ལྷ་ཀླུ་མི་ཡི་གཤེན་དང་སྣང་མདོག་སོགས། །སྔ་དར་དགོངས་པ་བརྒྱུད་པའི་རིག་འཛིན་སོགས། །གསང་སྔགས་སྒྲུབ་རྒྱུད་བླ་མ་རྣམས་ལ་བསྟོད། །ཀུན་བཟང་ཚད་མེད་འོད་ལྡན་སྤྲུལ་བའི་གར། །ཐུགས་ཀྱི་ལས་དཔོན་བླ་ཆེན་དྲན་པ་རྗེ། །འཆི་མེད་ཡབ་སྲས་གསུམ་ཞེས་སྙིགས་དུས་ཀྱི། །སྐྱོབས་པ་བླ་མེད་མཆོག་དེར་གུས་ཕྱག་འཚལ། །སྐུ་གསུམ་རྒྱུད་ཁུངས་གངས་རིའི་ལྷུན་པོ་ལས། །འོངས་པའི་བོན་སྒོ་མཐའ་ཡས་ཆབ་ཀྱི་རྒྱུན། །སྐལ་བཟང་གདུལ་བྱའི་རྒྱུད་ཀྱི་ཞིང་ས་རུ། །འགྲེམས་མཁས་དངོས་རྒྱུད་བླ་མ་ཡོངས་ལ་བསྔགས། །བསྟན་པའི་བདག་ཉིད་ཉི་མ་བསྟན་འཛིན་མཆོག །འགྲོ་བའི་མགོན་པོ་ཤེས་རབ་གཡུང་དྲུང་མཚན། །ལུང་རིག་སྒྲོན་མེ་གཤེན་གྱི་མཁས་གྲུབ་རྗེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྣང་སྟོན་ཆེན་པོ་བློ་གྲོས་ཐོག་མེད་དང་། །སྤ་བའི་གདུང་འཛིན་ཀུན་བཟང་རྒྱལ་མཚན་རྗེ། །འབྲུ་རིགས་གཡུང་དྲུང་དབང་རྒྱལ་ལ་སོགས་པའི། །དབང་ལུང་མན་ངག་རྩོལ་མཛད་རྣམས་ལ་འདུད། །བྱང་སེམས་ཆེན་པོའི་ཚུལ་ཁྲིམས་ཡེ་ཤེས་མཚན། །གྲུབ་བརྒྱའི་དབང་ཕྱུག་ཕུན་ཚོགས་དར་རྒྱས་དང་། །མཁས་གྲུབ་ཆེན་པོ་དཀོན་མཆོག་བསྟན་པའི་སྒྲོན། །མན་ངག་ཁྲིད་ཀྱི་འབྱུང་གནས་གསུམ་ལ་བསྟོད། །སྤྲུལ་བའི་སྐུ་མཆོག་གཡུང་དྲུང་བསྟན་རྒྱས་དང་། །མཁས་གྲུབ་ཟླ་མེད་རྒྱལ་བ་ཚུལ་ཁྲིམས་མཚན། །སྦས་བའི་རྣལ་འབྱོར་བྷོ་དྷི་ཀ་ར་སོགས། །ངོ་སྤྲོད་བཀའ་དྲིན་ཅན་གྱི་བླ་མར་བསྟོད། །གྲུབ་མཐའ་རིས་མེད་ཀུན་མཁྱེན་རྒྱ་མཚོ་དང་། །སྒྲུབ་པ་མཐར་ཕྱིན་རྟོགས་ལྡན་རྒྱལ་དབང་སོགས། །དབང་ལུང་མན་ངག་འབྲེལ་བ་གང་ཡོད་ཀྱི། །དཔོན་གསས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་གནས་ལྷ་ཚོགས་ཐམས་བཅད་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ནས། །མདོ་སྨད་ཡུལ་དུ་དལ་བའི་རྟེན་རྙེད་པའི། །དགེ་སྦྱོང་གཟུགས་བརྙན་ནམ་མཁའ་དབང་ཕྱུག་གམ། །ཚུལ་མིང་ཀུན་བཟང་རྒྱལ་མཚན་ཞེས་བྱ་བའི། །བྱ་བྲལ་སྙོམས་ལས་གྱི་ན་བ་དེ་ཉིད། །དང་པོར་ཆུང་དུས་སྐྱེ་པ་ནས་བཟུང་སྟེ། །འོང་ཚུལ་བསྡད་ཚུལ་ཕྱོགས་སུ་འཁྱམས་ཚུལ་དང་། །བླ་མ་རྟོགས་ལྡན་མང་པོའི་ཞབས་དྲུང་ནས། །དབང་ལུང་མན་ངག་གདམས་པ་ཞུས་ཚུལ་དང་། །རྒྱལ་ཁམས་བསྐོར་ཞིང་གནས་རྟེན་མང་པོ་ལ། །མཇལ་ནས་གནས་འབྲེལ་བཞག་པའི་སྐབས་རྣམས་སུ། །ངེས་འབྱུང་མཉམ་མྱོང་ཐན་ཐུན་སྐྱེས་པའི་ཚེ། །འབོལ་བརྩོམ་ཚིག་བཅད་ཐར་ཐོར་བགྱིས་པ་རྣམས། །ཕྱོགས་གཅིག་བསྡོམ་ཏེ་ཡི་གེར་བཀོད་པ་ལ། །མཆེད་གྲོགས་རྣམས་ཀྱིས་ཕྱོགས་ཞེན་མ་མཛད་ཅིག །བཟང་འདོད་ཆེ་དྲེགས་དབང་གིས་བྱས་པ་མིན། །སློབ་མ་འགའ་རེ་བཞེད་པ་སྐོར་ཕྱིར་དུ། །མ་འོང་རྣམས་ལ་བློ་གསལ་སྟོན་ཕྱིར་དུ། །ལྷག་བསམ་དུང་ལྟར་དཀར་བའི་དངོས་ནས་འགོད། །དེ་ཡང་དང་པོར་སྐྱེས་པའི་ཡུལ་ཁམས་ནི། །མདོ་སྨད་ཙོང་ཁའི་ཕྱོགས་འདིར་ཡིན་ན་ཡང་། །སྤྱིར་ན་འཛམ་བུ་ཀྲིཥའི་ལྗོན་ཤིང་གིས། །མཚོན་པའི་རི་རྒྱལ་ལྷོ་དངོས་འཛམ་གླིང་འདི། །ལོག་གསུམ་ལོག་དབྱིབས་སོགས་ཀ་བྱང་དུ་བསྟན། །ལྷོ་ནས་བྱང་བལྟས་སྡིག་པ་བྲག་འཛེག་འདྲ། །ཤར་ནས་ནུབ་བལྟས་སོགས་པ་སྡེར་བཞག་འདྲ། །ནུབ་ཕྱོགས་སོག་མིག་ཡངས་པར་སྟག་གཟིགས་ཡུལ། །འོལ་མོ་ལུང་རིང་ཞེས་བྱའི་ཞིང་ཁམས་ཆགས། །སོག་པའི་རྐང་རྒྱུད་གངས་ཅན་ཞིང་ཁམས་ན། །འཛམ་གླིང་ལྟེ་བ་གངས་ཅན་ཏི་སེ་ཡོད། །སྟོད་ན་ཞང་ཞུང་སྨད་ན་བོད་ཡུལ་ཆགས། །ཤར་ཕྱོགས་རྒྱ་ནག་ལྷོ་ཕྱོགས་རྒྱ་གར་ཡུལ། །ཤར་ལྷོའི་བར་ན་མོན་འཇང་གླ་གློའི་ཞིང་། །འཛམ་གླིང་ལྷོ་ཤར་ནས་བཟུང་ལྷོ་ནུབ་བར། །རིམ་པར་ཟ་ཧོར་ཨོ་རྒྱན་བྲུ་ཤ་དང་། །ཁ་ཆེ་དག་ཤ་ལ་སོགས་ཞིང་ཁམས་མང་། །བྱང་ཕྱོགས་སོག་ཁར་ཧོར་སོག་ཧལ་བ་དང་། །འཇང་དང་བྲུ་གུ་ལ་སོགས་ཞིང་ཁམས་མང་། །སྟོད་ཀྱི་ཞང་ཞུང་ཡུལ་གྱི་ས་ཚིག་ནི། །ཏི་སེ་ནུབ་ཕྱོགས་རྒྱལ་བ་མཉེས་ཡུལ་གྱི། །སྟོད་ཀྱི་ཁྱུང་ལུང་དངུལ་མཁར་མན་ཆད་དང་། །སྨད་ཀྱི་སུམ་པ་གླིང་གི་གྱིམ་ཤོད་ཀྱིས། །ཤེལ་ལེ་རྒྱ་གར་ཞེས་བྱ་མན་ཆད་དང་། །ལྷོ་ཕྱོགས་སྨྱུག་མ་བུ་ཁུར་རྒྱལ་ཁམས་ཀྱི། །སྤ་དྲོ་སྟག་ཚང་ཞེས་བྱར་ཚུན་ཆད་དང་། །ནུབ་ཕྱོགས་འཇག་མ་གླུ་ལེན་རྒྱལ་ཁམས་ཀྱི། །ག་ག་གསེར་མོ་ཐང་ཞེས་ཚུན་ཆད་ཀུན། །ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་མངའ་རིས་ཡིན། །ཞང་ཞུང་རྒྱལ་པོ་བརྒྱད་ཀྱིས་བདག་ཞེས་བཤད། །དེང་སང་རྒྱལ་རྒྱུད་ཕལ་ཆེར་མཁའ་ལ་ཡལ། །མངའ་རིས་རུ་བཞི་བོད་ཀྱིས་མངའ་འོག་གྱུར། །དེང་སང་དུས་ན་མངའ་རིས་སྐོར་གསུམ་ཞེས། །པུ་ཧྲིང་ཆུ་བསྐོར་རྫོང་ཁ་བྲག་གིས་བསྐོར། །ལ་དག་ནགས་ཀྱིས་སྐོར་དང་གསུམ་པོ་འདིར། །སྟོད་ཀྱི་མངའ་རིས་སྐོར་གསུམ་ཞེས་སུ་གྲགས། །བར་དུ་རུ་བཞི་བོད་ཀྱི་ཞིང་ཁམས་ཡང་། །གཙང་ལ་གཡས་རུ་རུ་ལག་གཉིས་ཀྱིས་ཆད། །དབུས་ལ་དབུས་རི་གཡོན་རུ་གཉིས་སུ་ཆགས། །སྨད་ཀྱི་སུམ་པ་སྟོང་སྡེ་བཅོད་རྒྱད་ཡོད། །དེང་སང་དུས་ན་ཁམས་དང་ཁྱུང་བོ་འཇོག །དེ་ཀུན་བོད་དང་ཞང་ཞུང་མངའ་རིས་ཡིན། །མདོ་ཁམས་སྨད་ལ་སྒང་དྲུག་ཞེས་བྱར་འབོད། །ལྷོ་ནས་ཚ་བ་རྒང་དང་སྨྲ་ཁམས་རྒང་། །བུམ་འབོར་རྒང་དང་རབ་རྒང་དངུལ་རྫ་རྒང་། །རྒང་དྲུག་རིམ་པར་རྟ་རྒྱབ་གཤིབས་པ་འདྲ། །འདི་ལ་དེང་སང་བོད་ཡུལ་ཆེན་པོ་ཟེར། །སྨད་ཕྱོགས་རྒྱ་དང་ཧོར་སོག་ས་མཚམས་སུ། །ཕྲོམ་དང་གར་སར་ཞིང་ཁམས་ཆེན་པོ་ཆགས། །དྲན་པའི་བསྒྲགས་པ་གླིང་གྲགས་ནང་ན་ཡང་། །ཕྲོམ་དང་གེ་སར་ཕྱེ་བའི་ཡུལ་ཁམས་ན། །ཁྲི་གཤོག་རྒྱལ་མོའི་མཚོ་མོ་ཡོད་ཅེས་གསུངས། །དེ་ཕྱིར་ཕྱོགས་འདིར་ཁྲི་གཤོག་རྒྱལ་མོའི་མཚོ། །ཡོད་ཕྱིར་ཕྱོགས་འདི་གེ་སར་ཕྲོམ་ཡུལ་ཡིན། །དེང་སང་དུ་ན་ཨ་མདོའི་ཡུལ་དུ་གྲགས། །ཕྱོགས་འདིར་ཡུལ་དང་ཡུལ་ཕྲན་མང་མཆིས་ཀྱང་། །ཙོང་ཁའི་སྐྱེས་རི་གཉེན་པོའི་ལྷོ་ངེས་ཀྱི། །ཁྲི་ཀ་བདེ་སྐྱིད་གཡང་ལུང་ར་གསུམ་ལས། །དབུས་མ་སྟོང་ཆེ་ཞེས་བྱའི་ཡུལ་གྲུ་འདིར། །བདག་གི་སྐྱེས་པ་བླངས་པའི་ཡུལ་ཕྱོགས་ཡིན། །གེ་སར་ཕྲོམ་གྱི་རྒྱལ་ཁམས་འདི་དག་ཀྱང་། །མ་དག་མཐའ་ཁོབ་ཞིང་ཁམས་མ་ཡིན་ཏེ། །སྔོན་ནས་ད་ལྟའི་བར་དུ་རིག་འཛིན་དང་། །ལོ་པཎ་མང་པོར་འཁྲུངས་ནས་ཞབས་ཀྱིས་བཅག །བོན་བསྟན་ཡུན་རིང་དར་བའི་ཡུལ་ཁམས་ཡིན། །དེ་ཡང་ཅུང་ཟད་རྒྱས་པར་བརྗོད་བྱས་ན། །སྔོན་ཚེ་ཚེ་ལོ་བརྒྱད་ཅུ་ཐུབ་པའི་དུས། །རྣམ་མཁྱེན་སྟོན་པའི་གསུང་གི་བསྟན་པའི་མགོར། །གསུང་གི་སྟོན་པ་མུ་ཆོ་ལྡེམ་དྲུག་དེ། །ལྷ་བྲན་བརྒྱས་བསྐོར་འཛམ་གླིང་འོལ་མོའི་གླིང་། །རང་བྱུང་མཆོད་རྟེན་རྣམ་བཞིའི་རྩ་བར་བབས། །རྟག་གཟིགས་དཀར་ནག་བཀྲ་གསལ་ས་སོགས་སུ། །ཀློག་བཤད་བཀའ་ཡི་འཁོར་ལོ་ལོ་གསུམ་བསྐོར། །དེ་ཚེ་ཤེས་རབ་ཚད་སླེབས་སེམས་དཔའི་སྡེ། །བསམ་གྱིས་མི་ཁྱབ་མཐའ་ཡས་གྲངས་མང་ཡང་། །ཁྱད་པར་འཕགས་པའི་ལོ་ཙྭ་སྡེ་དྲུག་བྱུང་། །རྟག་གཟིགས་མཁས་པ་དམུ་ཚ་དྲ་ཧེ་དང་། །ཧུ་ལུ་སྤར་ཡ་གཡུང་དྲུང་བློ་གསལ་གསུམ། །རྒྱ་གར་ཆུ་བོ་བཞི་འདུས་མགོ་བོ་རུ། །རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་དང་། །རྒྱ་ནག་ཏིང་ཤིའི་རྒྱ་ཁབས་ཆེན་པོ་རུ། །རྒྱ་ནག་མཁས་པ་ལེགས་ཏིང་རྨང་པོ་དང་། །གེ་སར་ཕྲོམ་གྱི་རྒྱལ་ཁམས་ཆེན་པོ་རུ། །ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་འཁྲུངས། །དེ་དག་ཀུན་གྱིས་འཛམ་གླིང་ཕྱོགས་མཚམས་ཀྱི། །མཐའ་དབུས་མེད་པར་བོན་གྱི་བསྟན་པ་སྤེལ། །དེ་ནས་གསུང་གི་བསྟན་པའི་དཀྱིལ་སྨད་དུ། །གཤེན་རབ་སྟོན་པ་དངོས་སུ་ཞལ་བཞུགས་དུས། །གཏད་གཉེར་བཀའ་ཡི་སློབ་མ་བཅུ་གསུམ་གྱི། །ནང་ཚན་གཤེན་ཆེན་ཁ་སྟེ་མུ་ཡ་ཡང་། །ཕྲོམ་ཡུལ་གེ་སར་རྒྱལ་པོའི་རྒྱལ་སར་འཁྲུངས། །གླིང་རྗེ་གེ་གོད་འབུམ་ཞེས་མཚན་དུ་གསོལ། །བདུད་རྗེ་འགྲན་དེ་ཡ་བོའི་རྒྱུ་བསྐྱེད་པའི། །དྲེགས་པའི་དམུ་རྫོང་བཅོ་བརྒྱད་ཟབས་ཀྱིས་བཤིགས། །སྐུ་གདུང་མཆོད་རྟེན་བསྟན་པ་སྤེལ་ཞེས་གྲགས། །སྟོད་སྨད་ཀུན་ན་ས་ཡི་མིག་གནོན་པའི། །རང་བྱུང་མཆོད་རྟེན་ཕལ་ཆེར་འདི་དུས་དར། དེ་འོག་ཞང་ཞུང་བོད་ཀྱི་ཡུལ་ཁམས་སུ། །གཡུང་དྲུང་བོན་གྱི་བསྟན་པ་དར་བའི་སྐབས། །རིག་འཛིན་ལོ་པཎ་བརྒྱད་ཀྱི་ཡ་གྱལ་མཆོག །ཕྲོམ་གཤེན་རྔམ་པ་ལྕེ་རང་ཞེས་གྲགས་པ། །གེ་སར་ཕྲོམ་གྱི་ཡུལ་ཁམས་འདིར་འཁྲུངས་ནས། །ཕྱོགས་བཅུར་ཀུན་ཏུ་སྒྲ་སྐད་ལོ་ཙྭ་བསྒྱུར། །གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པར་བྱས། ། ༧ དེ་ཚེ་ཞང་ཞུང་དབུས་གཙང་ཞིང་ཁམས་སུ། །འདུལ་བའི་བསྟན་པ་ཀུན་ཏུ་དར་བའི་ཚེ། །གནས་སྡེ་ཆེན་པོ་ཆེ་ཆུང་མང་དུ་ཆགས། །ཕམ་ཤི་དང་ནི་ཡ་གོང་སྡེ་གཉིས་གྱེས། །གཉིས་ཀའི་མདོ་འཛིན་མུ་ཟི་གསལ་བཟང་ཡང་། །མ་འོངས་བསྟན་པའི་མེ་རོ་བསླང་བའི་ཕྱིར། །མདོ་སྨད་རྨ་རི་དེའུ་གསུམ་གནས་སུ་གཤེགས། །མི་ལོ་སྟོང་དང་སུམ་བརྒྱའི་འགོག་བར་བཞུགས། །རྗེས་ནས་མེ་ཉག་རྒྱལ་པོའི་རྟ་རྫི་ནི། །སོག་པོ་སྤྲེལ་ལག་ཅན་ཞེས་ལས་ཅན་གྱིས། །སྐྱེས་བུ་ལས་དང་སྨོན་ལམ་འཛོམས་པ་ཡིས། །མུ་ཟིའི་འགོག་པའི་དགོངས་པ་སད་པར་བྱས། །ཁོང་གི་སྐལ་ལྡན་སྐྱེས་བུར་གཟིགས་ནས་ནི། །རབ་བྱུང་ཚུལ་མིང་ཁྲི་འབར་ཚུལ་ཁྲིམས་གསོལ། །དེ་ཡི་སློབ་མ་འདན་མ་གཡག་སླག་ཅན། །རབ་བྱུང་ཚུལ་མིང་རྒྱལ་བ་གཙུག་ཕུད་ཞེས། །དེ་ཡི་སློབ་མ་གྲུམ་བུ་ཤིང་སླག་ཅན། །རབ་ཏུ་བྱུང་ནས་གཙུག་ཕུད་ཚུལ་ཁྲིམས་མཚན། །དེ་ཡི་སློབ་མ་བླ་ཆེན་མུ་ཐུར་ཞེས། །འདུལ་བའི་མཚན་ལ་ཤེས་རབ་ཚུལ་ཁྲིམས་གྲགས། །དེང་སང་བླ་ཆེན་དགོངས་པ་རབ་གསལ་ཞེས། །འདི་ལྔ་མདོ་སྨད་མཁན་རྒྱུད་ལྔ་རུ་གྲགས། །འདིའི་སྐབས་བོད་ན་ཕྱི་དར་བསྟན་པའི་མགོ། །གཤེན་ཆེན་ཀླུ་དགས་གཏེར་གྱི་སྒོ་ཕྱེས་ནས། །བོན་བསྟན་གསར་དུ་དར་བའི་དུས་སྐབས་ཡིན། །འདི་སྐབས་གཉོས་བཙུན་རིན་ཆེན་རྒྱལ་མཚན་དང་། །བན་དྷེ་མོ་སྟོན་རྡོ་རྗེ་དབང་ཕྱུག་གཙོས། །བོན་དང་ཆོས་ཀྱི་མི་སྣ་བདུན་རེ་གྱིས། །མདོ་སྨད་འདུལ་རྒྱུད་དབུས་གཙང་ཡུལ་དུ་དྲངས། །དབུས་གཙང་ཡུལ་དུ་འདུལ་བསྟན་ཉི་མ་ཤར། །དབུས་གཙང་དག་པའི་ཞིང་ཞེས་ཀུན་ལ་གྲགས། །དེ་ལྟར་བོན་ཆོས་འདུལ་ཕུག་བོན་ལ་ཐུག །འདུལ་གོས་སྟེང་དུ་བཀའ་རྟགས་སྔོན་པོ་བཞག །དེ་རྣམས་གེ་སར་ཕྲོམ་གྱི་ཡུལ་འདི་ཡིན། །དེ་ནས་བོད་དང་ཞང་ཞུང་ཡུལ་ཁམས་ནས། །གཤེན་བསྟན་ཉི་མ་ནུབ་རིར་ཆས་པའི་ཚེ། །བོན་རྣམས་ཐམས་ཅད་གཏེར་གྱི་རྒྱ་ཡིས་བཏབས། །གཤེན་ཆེན་འགའ་ཞིག་མཁའ་སྤྱོད་ཞིང་དུ་གཤེགས། །གཤེན་ཕྲན་ཕལ་ཆེར་ཐུགས་དམ་གང་བདེར་བཞུགས། །དེ་དུས་དབལ་རམ་འབུམ་པའི་བོན་སྐོར་ལ། །གྲུབ་པ་བསྙེམས་པའི་གཤེན་ཆེན་རྣམ་པ་གསུམ། །མདོ་སྨད་རེབ་ཀོང་གསེར་མོ་རྫོང་སུ་ཕེབས། །གྲུབ་པའི་རྟགས་དང་རྫུ་འཕྲུལ་མང་པོ་བསྟན། །གཟུགས་ཅན་གཟུགས་མེད་འགྲོ་བ་ཕལ་ཆེར་ཞིག །བོན་གྱི་གདུལ་བྱ་བཀོད་ནས་བསྟན་པ་སྤེལ། །རེབ་ཀོང་ཡུལ་དུ་བཀའ་རྟགས་མང་དུ་བཞག །ཁྱད་པར་གདུག་པ་བཙན་གྱི་བླ་ཤིང་ཞིག །གྲུབ་ཐོབ་གསུམ་གྱིས་ཟན་གྱི་གཏོར་མ་བཅད། །གདུག་པའི་ཤིང་ལ་སྒྲུབ་རྟེན་ཕུར་བུ་དང་། །སྒྲུབ་རྔ་ལ་སོགས་འཁོ་བའི་ཡོ་བྱད་བཟོས། །གཤེན་ཆེན་ཆེ་བ་སྤྱི་སྟོང་འཁོར་ལོ་དང་། །འབྲིང་པོ་ངོ་མོའི་ཡེ་ཤེས་མཚོ་རྒྱལ་མཚན། །ཆུང་བ་ཁྱུང་དཀར་ཚང་བ་ཞེས་སུ་གྲགས། །དེ་དག་བོན་དང་རུས་ཀྱི་བརྒྱུད་འཛིན་པའི། །གཤེན་སྡེ་སྤྱི་ཁྱུང་ངོ་གསུམ་ཞེས་སུ་ཆགས། །དེ་དང་དེ་ལས་གྱེས་པའི་གཤེན་སྡེ་ནི། །གླིང་རྒྱ་དར་གྲོང་ཞོ་འཕོང་འགུར་ཆུང་སོགས། །དབལ་རམ་བརྒྱུད་འཛིན་གཤེན་སྡེ་མང་དུ་ཆགས། །གཞན་ཡང་དབལ་རམ་བརྒྱུད་པ་འཛིན་པའི་གཤེན། །བྲ་བོ་རེ་རྒན་སྦས་ཏིང་སྐར་མིག་དང་། །སྦས་པའི་གཤེན་བོན་དགུ་རྒྱུད་ལ་སོགས་པས། །ཕྱོགས་འདིར་བྱིན་རླབས་ཆར་གྱིས་རབ་བརླན་ཞིང་། །མཐུ་རྩལ་གྲུབ་པའི་རྟགས་ཀྱིས་བཀང་བར་བྱས། །དེ་ཡི་ནང་ནས་སྒྲུབ་གཤེན་ཁྱད་འཕགས་ཞིག །ཁྲི་ཀ་སྲིན་པོའི་གཡས་ཟུར་གོ་དོར་གྱི། །བྲག་དཀར་གནས་སུ་དབལ་རམ་སྒྲུབ་པའི་ཚེ། །མེ་ཉག་རྒྱལ་བོ་རི་དྭགས་གཤོར་དུ་བྱོན། །ཤྭ་བ་ཞིག་དེད་བྲག་ཕུག་ནང་དུ་ཤོར། །རྒྱལ་པོ་དཔོན་གཡོག་བྲག་ཕུག་སྒོ་དྲུང་སླེབས། །ཤྭ་བ་བོན་གཤེན་དྲུང་ན་ཉལ་ནས་སྣང་། །རྒྱལ་པོས་བོན་པོ་ཤྭ་བ་མདའ་ཡིས་གཟིར། །ཤྭ་བ་མ་སོད་བོན་གཤེན་ཐུགས་འཁྲོས་ཏེ། །ཕྱག་གིས་སྒྲུབ་ཕུར་བཏེགས་ནས་མཁའ་ལ་ཕྱར། །རི་ལུང་ཐམས་ཅད་མེ་ཡིས་གང་ནས་བྱུང་། །རྒྱལ་པོ་དཔོན་གཡོག་སྐྲག་ནས་རྟ་ལས་བབ། །མཆོད་ཡོན་ཐ་ཚིག་བགོས་ནས་གུས་པ་ཕུལ། །དེང་སང་དེ་ལ་མེ་ལུང་བྲག་དཀར་ཟེར། །དེ་ཡང་དབལ་རམ་སྒྲུབ་པའི་གྲུབ་གནས་ཡིན། །སྐྱ་ཀ་ཡག་གི་རྡོ་རིང་ཞེས་བྱའི་དངོས། །བོན་པོ་མཐུ་རྩལ་ཆེ་བའི་ཡི་གེ་བྲིས། །དེ་ཡང་དེ་ཡི་ཐད་ཀའི་རྨ་འགྲམ་དུ། །ཕ་འོང་དཀར་པོ་ཐོག་ཚད་གསུམ་ཙམ་དངོས། །སལེ་འོད་དང་ཨ་ཨཱོྃ་ཧཱུྃ་རཾ་ཛ༔ རང་བྱོན་ཡོད་པའི་རྡོ་རིང་དེ་ཡིན་ཅིང་། །དེང་སང་དེ་སྟེང་བོན་བནྡེ་བྱམས་པ་བཞེངས། །ལྷ་ནི་དཀར་པོ་ཞེས་སུ་གྲགས་པ་ཡིན། །གཞན་ཡང་ཁྲི་ཀ་སྟོད་ཀྱི་ཡང་དབེན་ཞེས། །ཡུལ་ས་བྲག་དཀར་གཉེན་པོའི་མདུན་དངོས་ན། །དུས་བཟང་རྔ་དང་ལྷ་ཆའི་སྒྲ་གྲགས་པའི། །བྲག་ཕུག་ཁྱད་འཕགས་ཅན་ཞིག་ཡོད་པ་ཡང་། །དབལ་རམ་གྲུབ་པ་ཐོབ་པའི་སྒྲུབ་གནས་ཡིན། །དེ་ལྟར་སྔ་འགྱུར་དབལ་རམ་བསྟན་པ་ཡང་། །གེ་སར་ཕྲོམ་གྱི་སྨད་འདིར་ཡུན་རིང་དར། །དེ་ནས་བོན་གྱི་བསྟན་པ་ཕྱི་དར་སྐབས། །གཏེར་སྟོན་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་འཁྲུངས། །མཚོ་རྔའི་བྲག་ལ་བོན་གྱི་གཏེར་སྒོ་ཕྱེས། །བཀའ་བབ་སློབ་མ་བྲུ་ཞུ་སྤ་རྨེའུ་དང་། །དེ་ཡི་ནང་ནས་ཁྱད་པར་འཕགས་པའི་གཤེན། །ཞུ་ཡས་གནམ་གདུང་དཀར་པོའི་གདུང་རྒྱུད་ལས། །སྐྱེས་སེ་ཆེན་པོ་སངས་རྒྱས་ཞུ་ཆེན་འཁྲུངས། །དེ་ཡི་སྲས་སུ་ཀུན་བཟང་དངོས་བྱོན་པ། །ཞུ་སྒོམ་འཁྲུལ་ཞིག་ཅེས་པའི་གྲུབ་ཐོབ་འཁྲུངས། །ཡབ་ཀྱི་དྲུང་ནས་གཤེན་གྱི་བོན་སྒོ་རྣམས། །དབང་ལུང་ཁྲིད་གསུམ་མ་ཚང་མེད་པར་ཞུས། །རིག་པ་རང་ཤར་འཁྲུལ་བ་ཞིག་ལ་ཞིག །ཁྱད་པར་འཕགས་པའི་སྐྱེས་མཆོག་ཆེན་པོར་གྱུར། །ཡབ་ཀྱི་ལུང་བཞིན་ལ་སྟོད་དིང་རི་ན། །ཆོས་ཀྱི་གྲུབ་ཐོབ་དམ་པ་རྒྱ་གར་བཞུགས། །དེ་རུ་རྒྱུགས་ལ་རྟེན་འབྲེལ་རྟོགས་ཤིག་གསུངས། །ཡབ་ཀྱི་བཀའ་བཞིན་གྲུབ་ཐོབ་དྲུང་དུ་ཕྱིན། །ཁོང་གིས་ཞྭ་མོ་རྔོག་མ་མེད་པ་དང་། །ཕྱམ་ཙེ་གོང་མེད་ཞབས་ལྷམ་ཆག་སྒྲོག་ཅན། །གནང་བ་ཁྱེར་ཏེ་ཡབ་ལ་ཞུས་པ་ལ། །ཞྭ་མོ་རྔོག་མེད་མངའ་རིས་སྐོར་གསུམ་ན། །ཁྱོད་ལ་འགྲོ་དོན་གདུལ་བྱ་མེད་པར་རིགས། །ཕྱམ་ཙེ་གོང་མེད་དབུས་གཙང་རུ་བཞི་ན། །དེ་བཞིན་འགྲོ་དོན་མེད་པའི་རྟེན་འབྲེལ་ཤར། །ཞབས་ལྷམ་ཆག་སྒྲོག་བཅས་པ་འཛོམས་པས་ན། །འགྲོ་དོན་གདུལ་བྱ་མདོ་གམ་སྨད་ཕྱོགས་ན། །ཡོད་ཅེས་ལུང་བསྟན་མདོ་སྨད་ཕྱོགས་འདིར་བྱོན། །རྨ་རྒྱུད་སྐུ་བླ་བྲག་དཀར་གནས་སུ་བཞུགས། །གཟུགས་ཅན་གཟུགས་མེད་འགྲོ་བ་མང་པོ་ལ། །བོན་སྒོ་མང་པོ་བསྟན་ནས་འགྲོ་དོན་མཛད། །རྨ་རྒྱལ་པོམ་ར་ལ་སོགས་གཞི་བདག་ཀུན། །བཀའ་ལ་ཉན་ཅིང་སྐུ་ཡི་ཡོན་བདག་བྱས། །རྨ་རྒྱལ་པོམ་རས་རྨ་ཤོད་ནགས་ཀླུང་དུ། །གདན་འདྲེན་ལན་གསུམ་ཞུས་ནས་དེ་རུ་བྱོན། །རྨ་ཡི་སྲས་མོ་སྤུན་གསུམ་ཡོད་པ་ལས། །ཐུགས་ལ་གང་བཞེད་ཁབས་སུ་འབུལ་བས་ན། །ཀུན་ཏུ་བཟང་པོ་དངོས་བྱོན་ཁྱེད་ལྟ་བུས། །ཞུ་ཡས་གནམ་གདུང་དཀར་པོའི་གདུང་རྒྱུད་ཞིག །མདོ་གམ་སྨད་འདིར་སྤེལ་ན་བོན་གྱི་བསྟན། །ཕྱོགས་བཅུར་ཡུན་རིང་དར་བའི་རྟེན་འབྲེལ་སྒོ། །པོམ་ར་བདག་གིས་འབྱེད་ཅེས་ཞུས་ན་ཡང་། །གདུལ་བྱ་ལས་དབང་དམན་པའི་སྟེས་དབང་གིས། །གདུང་རྒྱུད་སྤེལ་བར་ཞལ་གྱིས་བཞེས་མ་གནང་། །སྨིན་གྲོལ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། །གྲུབ་པ་ཐོབ་པའི་སློབ་མ་མང་དུ་བྱུང་། །དེ་ཡི་ནང་ནས་མདོ་སྨད་ཁམས་འདི་རུ། །འཕགས་པ་གསུམ་དང་ཞིག་ཆེན་བཅོ་བརྒྱད་ཀྱིས། །སྨིན་གྲོལ་བོན་གྱི་རུ་དར་ཕྱོགས་བཅུར་ཕྱར། །འགྲོ་བ་ཐམས་ཅད་ཐར་བའི་ལམ་ལ་བཀོད། །བསྟན་འཛིན་གྲུབ་པའི་དབང་ཕྱུག་དེ་རྣམས་ཀྱང་། །ཕལ་ཆེར་མདོ་སྨད་ཕྲོམ་གྱི་ཡུལ་འདི་རུ། །འཁྲུངས་ནས་བོན་བསྟན་རྒྱ་ཆེར་སྤེལ་བ་ཡིན། ། ༈ ཞིག་ཆེན་དེ་དག་ནང་ནས་ཁྱད་འཕགས་གཤེན། །འཁྲུལ་བ་གཞི་ལ་ཞིག་པའི་སྒོམ་ཆེན་པ། །གཡུང་དྲུང་རྒྱལ་མཚན་ཞེས་བྱའི་གྲུབ་ཐོབ་བྱུང་། །ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སློབ་མ་ཡིན། །གྲུབ་པའི་མཚན་ལ་སྟོང་ཉིད་བྱ་འཕུར་ཟེར། །དབྱར་ས་དགུན་ས་ལ་སོགས་ཕར་ཚུར་དུ། །ཕེབས་པའི་དུས་སུ་བྱ་ལྟར་འཕུར་ནས་འགྲོ། །ཁོང་གིས་འགྲོ་དོན་ཡུན་རིང་མཛད་པའི་ཕྱིར། །རྒན་རྒྱའི་རྟ་ཁྲས་གཞུང་ནས་ས་བཟུང་ཤིང་། །ཚ་བུ་གསུམ་གྱིས་སློབ་མ་ཡོན་བདག་བྱས། །གསང་ཡུམ་བཞེས་ནས་གདུང་རྒྱུད་བསྟན་པ་སྤེལ། །གཟུགས་ཅན་གཟུགས་མེད་གདུལ་བྱ་ལེགས་ལམ་བཀོད། །སེང་གེ་རྒྱབ་བསྣོལ་བྲག་ལ་དགོན་པ་བཏབས། །སྨིན་གྲོལ་བོན་བསྟན་ཕྱོགས་བཅུར་ཀུན་ཏུ་སྤེལ། །རྩེ་ཞིག་ཞེས་བྱའི་གདུང་དང་བརྒྱུད་འཛིན་ཆགས། །དེང་སང་བར་དུ་མ་ཆད་བཞུགས་འདི་འོ། །དེ་ཡི་གདུང་འཛིན་རིམ་བཞིན་བྱོན་པ་ཡིས། །སྐབས་ཤིག་རྩེ་དབུས་ཨ་ལགས་ཤེས་རབ་ཅེས། །ཚད་དང་ལྡན་པའི་སྐྱེ་བུ་མཆོག་ཅིག་འཁྲུངས། །ཁོང་གིས་མདོ་སྨད་ཕྱོགས་ཀྱི་བོན་སྡེ་ཡི། །བསྟན་དང་འགྲོ་དོན་རྒྱ་ཆེར་མཛད་པའི་མཐར། །ཁྲི་ཀ་སྟོང་ཆེ་ཕྱོགས་འདིར་ཞབས་ཀྱིས་བཅག །སྟོང་ཆེ་བོན་སྡེ་ཀུན་གྱིས་བླ་མར་བཀུར། །སེར་བཙུན་ཐམས་ཅད་ཁོང་གི་འབངས་སུ་བགྱིས། །ཁོང་གི་རྒྱབ་རི་གདུགས་ཆེན་ཕྱར་འདྲ་བའི། །ཡུ་བའི་ཐོག་ཏུ་ཁོང་གི་བླ་བྲང་བཞེངས། །གཞུ་མོ་བརྒྱད་ཅུ་བྱིན་ནས་དགོན་གནས་ཉོས། །འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ཞེས་བཏབས། །གསས་ཁང་དཀར་ནག་བཀྲ་གསལ་གླིང་འདི་རུ། །འཕོས་པ་ལྟ་བུའི་ལྷ་ཁང་སུམ་ཐོག་གི། །གཙོ་བྱས་ལྷ་ཁང་རྟེན་གསུམ་མང་དུ་བཞེངས། །ཁོང་གི་དབོན་པོ་མཉམ་མེད་སྤྲུལ་པའི་སྐུ། །ཨ་ལགས་ཤེས་རབ་རྣམས་རྒྱལ་ཞེས་བྱ་བ། །ཆུང་ནས་དབུས་གཙང་དག་པའི་ཞིང་དུ་ཕེབས། །དཔལ་ལྡན་སྨན་རིའི་དགོན་དུ་གྲྭ་སར་བཞུགས། །སྐུ་མདུན་དམ་པ་རིན་ཆེན་ལྷུན་གྲུབ་དང་། །བྲུ་ཆེན་ཡབ་སྲས་ཐུགས་ཀྱི་སྲས་སུ་གྱུར། །ཕྱི་ནང་གསང་གསུམ་མདོ་སྔགས་བོན་སྒོ་ལ། །མཁས་བར་སྦྱང་སྟེ་དབང་ལུང་ཁྲིད་སོགས་ཞུས། །གར་ཐིག་དབྱངས་སོགས་མ་ཚང་མེད་པར་བསླབ། །གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་ཞབས་དྲུང་ནས། །མཁའ་འགྲོ་གསང་གཅོད་ལ་སོགས་སེམས་ཕྱོགས་ཀྱི། །ཁྲིད་དང་ངོ་སྤྲོད་ལ་སོགས་མང་དུ་ཞུས། །གཞན་ཡང་དཔོན་གསས་དམ་པ་མང་དུ་བསྟེན། །ལོ་མང་འགོར་ཀྱང་རང་ཡུལ་དྲན་མ་གྱུར། །གདན་འདྲེན་ལན་འགའ་ཞུས་ཀྱང་མ་ཕེབས་ནས། །དེ་ཚེ་ཨ་ཁུ་བསྒྲེས་པས་ཐུགས་ཆད་དེ། །རྟེན་གསུམ་རྣམས་ཀྱང་སྟོན་པའི་ཐུགས་ཀར་སྦས། །དེ་ལ་ཐབས་དང་སྙིང་སྟོབས་ཆེར་ལྡན་པའི། །སྟོང་ཆེ་བོན་ཚང་ཨ་ཁུ་རྒྱལ་བ་ཡིས། །གྲོགས་འགའ་ཁྲིད་དེ་དབུས་གཙང་ཡུལ་དུ་བསྐྱོད། །དཀའ་བ་སྤྱད་ནས་སྨན་རིའི་དགོན་དུ་སླེབས། །རྩེ་ཞིག་དབོན་པོ་ཤེས་རབ་རྣམ་རྒྱལ་དྲུང་། །ཞི་དྲག་སྣ་ཚོགས་ཐབས་ཀྱིས་གདན་འདྲེན་ཞུས། །ཞུས་བཞིན་མདོ་སྨད་བསྟན་འགྲོ་ཐུགས་ལ་དགོངས། །དཔོན་གཡོག་འཁོར་བཅས་མདོ་སྨད་ཕྱོགས་འདིར་ཆས། །ལམ་དུ་དཀའ་ལས་སྣ་ཚོགས་མྱོང་ན་ཡང་། །ཉེས་སྐྱོན་མ་བྱུང་ཕྱོགས་འདིར་བདེ་བར་སླེབས། །རྩེ་ཞིག་ཁུ་དཔོན་རྣམ་གཉིས་མཇལ་བའི་སྐབས། །ཤི་གསོན་མ་བུ་འཕྲད་འདྲའི་དགའ་བ་བྱུང་། །ཨ་ཁུ་རྒྱལ་བས་དབུས་གཙང་ཡུལ་གྲུ་རུ། །འཁོད་པའི་གྲྭ་ས་གྲུབ་གནས་ཀུན་ལ་མཇལ། །ཁྱད་པར་གྲུབ་ཐོབ་སྤ་ཡི་གདན་ས་ནས། །ཁྲོ་བོ་དབང་ཆེན་ཆོ་གའི་དབྱངས་སོགས་བསླབ། །དེང་སང་ཕྱོགས་འདིར་དར་བ་འདི་ཀ་འོ། །ཨ་ལགས་ཤེས་རབ་རྣམ་རྒྱལ་དེ་ཉིད་ལ། །གཙང་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས། །མདོ་སྨད་ཕྱོགས་ཀྱི་བོན་སྡེ་ཁག་ཆེ་ཆུང་། །ཀུན་གྱི་བསྟན་པའི་བདག་པོ་ཁྱོད་ཡིན་ཞེས། །བཀའ་ཤོག་གསེར་གྱི་ཐམ་ཀ་དང་བཅས་གནང་། །དེ་བཞིན་ཁོང་གིས་སྟོང་ཆེ་སྟོང་ཆུང་དང་། །རེབ་ཀོང་རྩེ་དབུས་ལ་སོགས་བོན་སྡེ་ཀུན། །བདག་གིར་མཛད་ནས་བསྟན་པའི་བྱ་བ་བྱས། །ཁྱད་པར་གཡུང་དྲུང་ཕུན་ཚོགས་གླིང་འདི་རུ། །རྒྱལ་པོ་ཤེལ་ཁྲབ་ཅན་གྱི་རྟེན་འཛུག་བྱས། །དཀོར་གྱི་སྲུང་མར་བསྐོས་ནས་བཀའ་བསྒོ་གནང་། །གཞན་ཡང་དགོན་པའི་བྱ་བཞག་སྒྲིག་ལམ་སོགས། །ཐམས་ཅད་ཀུན་ལ་བཀའ་དྲིན་སྨད་དུ་བྱུང་། །མཉམ་མེད་རྣམ་སྤྲུལ་རྩེ་ཞིག་དྲོང་རམ་པ། །ཤེས་རབ་རྣམ་རྒྱལ་ཞེས་བྱའི་མཚན་སྙན་གྱིས། །མདོ་གམ་སྨད་ཀྱི་འཛིན་མ་དོགས་པོར་བྱས། །གང་གི་སྐུ་ནི་དྲང་སྲོང་དྲི་མེད་ཚུལ། །ཐུགས་ཀྱི་དགོངས་པ་ནམ་མཁའི་ངོག་དང་མཚུངས། །རྨད་བྱུང་མཛད་པས་འགྲོ་རྣམས་ཡིད་རབ་འདྲེན། །ཞག་མ་བདུན་རེར་ཏིང་འཛིན་གཅིག་ལ་གནས། །དེ་ཚེ་ལས་ལྡན་མཁར་ནག་ཤེར་ཚུལ་སོགས། །སྐལ་ལྡན་མང་བོས་ཡང་ཡང་གསོལ་བཏབས་ངོར། །ཕྱི་ནང་གསང་བའི་བོན་སྒོ་མང་པོ་གནང་། །ཁྱད་པར་ཞང་ཞུང་སྙན་བརྒྱུད་ངོ་སྤྲོད་བཏབས། །གཞི་ལམ་འབྲས་བུའི་དེ་ཉིད་གཏན་ལ་ཕབ། །འཁྲུལ་བའི་ཕུག་གཅར་གདོད་མའི་གཞི་ལ་བསྐྱལ། །ཅིག་ཅར་དགོངས་པ་མཁའ་དང་ཉི་ལྟར་ཤར། །དེ་ལྟར་སྨིན་གྲོལ་བོན་གྱི་སྒོ་འཕར་ཕྱེས། །ཁོང་ལ་མདོ་སྨད་ཕྱོགས་འདིར་གྲུབ་ཐོབ་ཀྱི། །སློབ་མ་གསུམ་བྱུང་གཞན་དག་གྲངས་ལས་འདས། །རེབ་ཀོང་བོན་མང་སྨིན་གྲོལ་སྒོ་རུ་བཙུད། །དབལ་རམ་འབུམ་གསུམ་བོན་ལ་ག་དར་བྱས། །དུས་ཀྱི་སྒྲུབ་མཆོད་བཙུགས་པ་ད་བར་གནས། །དེ་ལྟར་བསྟན་དང་འགྲོ་དོན་རྒྱ་ཆེན་པོ། །གྲུབ་མཐར་སྐུ་གཟུགས་གདོད་མའི་གཞི་ལ་བསྡུས། །སླར་ཡང་སྲིད་པ་སྐུ་ན་ཆུང་ངུའི་དུས། །སྐུ་ཚེ་མ་བརྟན་དབྱིངས་སུ་གཤེགས་པ་ཡི། །ཡང་སྲིད་རྩེ་དབུས་ནམ་མཁའ་གཡུང་དྲུང་ཞེས། །ལུགས་གཉིས་གང་ལ་མཁྱེན་ཆ་ཐོག་མེད་རྒྱས། །སྨན་དང་རྩིས་སོགས་གཙུག་ལག་ཕལ་ཆེར་ལ། །བསླབ་སྦྱང་མཐར་ཕྱིན་མཁས་པའི་དབང་པོར་གྱུར། །དེས་ཀྱང་ཕར་ཚུར་བོན་སྡེ་ཁག་སོ་སོར། །གང་ལ་གང་ཕན་གནང་ནས་འགྲོ་དོན་མཛད། །སྐུ་ཚེ་མཐར་ཕྱིན་དགུང་ལོ་བརྒྱད་ཅུར་བཞུགས། །དེ་ཡི་ཡང་སྲིད་ཁོང་གི་ཚ་མོ་ལ། །རྩེ་དབུས་ནང་དུ་འཁྲུང་ཀྱང་ཆུང་དུས་ནས། །སྐུ་ཚེ་མ་བརྟན་སླར་ཡང་སྲིད་པ་ནི། །སྤྲུལ་སྐུ་ཐེག་མཆོག་ཡེ་ཤེས་འདི་ཉིད་དོ། །སྤྲུལ་བའི་སྐུ་མཆོག་དམ་པ་འདི་ཉིད་ཀྱང་། །སྔོན་ནས་ལེགས་སྨོན་ལས་སུ་རུང་བའི་མཐུས། །ཆུང་ནས་ལུགས་གཉིས་གང་ལ་རྣམ་དཔྱོད་རྒྱས། །རྩེ་ཞིག་མཆོག་སྤྲུལ་གཡུང་དྲུང་བསྟན་རྒྱས་དང་། །གྲུབ་པའི་དབང་ཕྱུག་རྒྱལ་བ་ཚུལ་ཁྲིམས་ཀྱི། །དྲུང་ནས་ཤེས་བྱ་ཀུན་ལ་བསླབ་སྦྱང་བྱས། །རྔ་བའི་རྟོགས་ལྡན་ཚུལ་ཁྲིམས་ཡེ་ཤེས་ཞེས། །གཡུ་སྒྲ་སྙིང་པོའི་དངོས་བྱོན་དེའི་དྲུང་ནས། །ཕྱི་ནང་གསང་བའི་དབང་ལུང་མན་ངག་དང་། །ཁྲིད་དང་ངོ་སྤྲོད་དམར་ཁྲིད་རྒྱས་པར་ཞུས། །དུས་ཀུན་ཐུགས་དམ་གཙོ་བོར་ཉམས་ལེན་བྱས། །ཕྱྭ་སྲས་ལྷག་པའི་ལྷ་ཡི་རྗེས་སུ་བཟུངས། །རྩེ་དབུས་རེབ་ཀོང་སྟོང་ཆེ་ལ་སོགས་པའི། །བོན་སྡེ་ཀུན་གྱིས་རྩ་བའི་བླ་མར་བཀུར། །ཀུན་ལ་བཀའ་ཡི་བཀོད་པས་གང་འདུལ་གནང་། །ཁྱད་པར་གཡུང་དྲུང་ཕུན་ཚོགས་གླིང་འདི་རུ། །ལྷ་ཁང་འདི་ཁང་ལ་སོགས་རྟེན་གསུམ་ལ། །སྔ་ཕྱི་ཀུན་ཏུ་ཞིག་གསོ་ལན་འགའ་བྱས། །དགོན་པའི་འགྲིག་ཁྲིམས་རྣམ་བཞག་ཐམས་ཅད་ལ། །ག་དར་མཛད་ནས་བཀའ་དྲིན་ཆེན་པོས་བསྐྱངས། །ཡང་ཞིག་རྩེ་དབུས་བླ་མ་དྲོང་རམ་པའི། །སྐུ་ཚ་དབོན་པོ་བློ་གྲོས་ཅན་ཞིག་འཁྲུངས། །བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་གྲར་བཞུགས། །རབ་འབྱམས་སྡེ་སྣོད་ཀུན་ལ་མཁས་པར་སྦྱངས། །ལོ་མང་འགོར་ནས་ཨ་ཁུས་དབུས་སུ་ཁྲིད། །དབུས་ཀྱི་གྲྭ་སའི་བླ་རྟེན་ཀུན་ལ་མཇལ། །དག་སྣང་མ་སྐྱེས་ཆོས་ལ་ཕྱོགས་སྟབས་ཀྱིས། །བན་བོན་སྲུང་མ་འཁྲུག་པས་འཁུ་ལྡོག་གིས། །སྐུ་ཚེ་མ་བརྟན་མི་རྟག་དགོངས་པར་གཟིགས། །ཨ་ཁུ་སྡུག་བསྔལ་མྱ་ངན་ཁང་བར་བཞུགས། །དེ་ཚེ་རྨེའུ་ཚང་བླ་མ་གཡུང་རྒྱན་གྱིས། །སྟོང་རྒྱུང་མཐུ་ཆེན་ཚེམས་ལས་བྱོན་པ་ཡི། །དུང་ཕྲུག་ཞིག་གནང་འདི་ཉིད་སྣོམས་ལ་ནི། །རང་ཡུལ་ཕྱོགས་སུ་སོང་དང་རང་ཡུལ་ན། །སྟོང་རྒྱུང་མཐུ་ཆེན་བྱིན་གྱིས་རླབས་པའི་བུ། །ཡང་སྲིད་ངོ་མཚར་ཅན་ཞིག་འཁྲུངས་ཡོད་ཅེས། །སེམས་གསོ་ལུང་བསྟན་གནང་ནས་རང་ཡུལ་ཕེབས། །ཡང་སྲིད་འགྱུར་ཆེན་ཀུན་བཟང་རྒྱ་མཚོ་འཁྲུངས། །བྱིས་སྦའི་དུས་ནས་རྟུལ་ཞུགས་སྤྱོད་པ་སྐྱོང་། །ཞལ་མཐོང་ཙམ་གྱིས་གཟུགས་ཅན་གཟུགས་མེད་ཀྱི། །གདུལ་བྱ་མཐའ་དག་སྣང་བ་ཟིལ་གྱིས་གནོན། །བྲག་བཙན་དམར་པོ་ནག་མོ་སྟག་རི་རོང་། །བྲན་དང་གཡོག་བཞིན་མངོན་སུམ་ལས་ལ་རྒྱུགས། །བསྟན་དང་འགྲོ་དོན་གང་ལ་གང་འདུལ་དུ། །གྲུབ་རྩལ་སྣ་ཚོགས་བསྟན་ནས་མཛད་པའི་མཐར། །དགོངས་པ་དབྱིངས་སུ་བསྡུས་པས་ཡང་སྲིད་ལ། །རྩེ་དབུས་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱས་འཁྲུངས། །ཆུང་ནས་ཤེས་བྱ་ཕལ་ཆེར་མ་བསླབ་མཁྱེན། །རྔ་བའི་རྟོགས་ལྡན་བསོད་ནམས་ཕུན་ཚོགས་མཚན། །སུམ་ལྡན་བླ་མ་རིགས་ཀྱི་བདག་པོར་བསྟེན། །དབང་ལུང་ཁྲིད་དང་ངོ་སྤྲོད་ཡོངས་རྫོགས་ཞུས། །ཅིག་ཅར་དགོངས་པ་མཁའ་ལ་ཉི་ཤར་བཞིན། །འཁོར་འདས་ངོ་བོ་རིག་པའི་རྩལ་དུ་གྲོལ། །བླ་མའི་ཞལ་ནས་སྐལ་ལྡན་སྐྱེས་བུ་ཁྱོད། །ནམ་མཁའ་ལྟ་བུའི་རྣལ་འབྱོར་ཡོངས་ངོ་གསུངས། །འགྲོ་དོན་ཐུགས་བསྐྱེད་སྤོབ་པ་མ་ཆུང་གསུངས། །ཁོང་གི་ཡི་དམ་གཙོ་མཆོག་ལྷག་ལྷར་བསྙེན། །འགྲུབ་རྟགས་ཞལ་གཟིགས་ལ་སོགས་མང་དུ་བྱུང་། །ཁྲི་ཀ་ཕུན་ཚོགས་གླིང་སོགས་མདོ་སྨད་ཀྱི། །བོན་སྡེ་ཁག་རྣམས་འགྲོ་དོན་ཐབས་ཀྱིས་བཏུལ། །བསྟན་པའི་ག་དར་མཛད་པ་མཐར་ཕྱིན་ནས། །དགུང་ལོ་བདུན་བཅུའི་དུས་སུ་མྱ་ངན་འདས། །ཡང་སྲིད་སླར་ཡང་ཁོ་ནག་ཕྱོགས་ནས་འཁྲུངས། །སྤྲུལ་སྐུ ༴༴༴༴༴༴༴༴༴༴༴༴༴༴༴ འདི་ཉིད་དོ། །(ཡང་སྲིད་ཀྱི་མཚན་བཀོད་མི་འདུག) ༈ རྩེ་དབུས་བླ་མ་ནམ་མཁའ་གཡུང་དྲུང་གི། །སྐུ་ཡི་ཚ་བུ་རྩེ་དབུས་ཆོས་རྗེ་ཞེས། །སྔོན་སྦྱངས་སྟོབས་ཀྱིས་ཆུང་ནས་རིག་པ་སད། །ཨ་ཁུ་ནམ་མཁའ་གཡུང་དྲུང་ཞལ་སྔ་ནས། །རབ་བྱུང་ཚུལ་མིང་རྒྱལ་བ་ཚུལ་ཁྲིམས་གསོལ། །རིག་པའི་གནས་སོགས་ཡོན་ཏན་མང་དུ་བསླབ། །ཆོས་རྒྱལ་ཆིང་ཝང་བསོད་ནམས་དར་རྒྱས་ཀྱིས། །ཆོས་རྗེ་ཆོ་ལོ་བྱིན་ནས་བླ་སར་བཀོད། །གསར་མའི་རྒྱུད་སྡེ་ཕལ་ཆེར་ཐུགས་འཛིན་མཛད། །ཀུན་ལ་ལས་རུང་བསྙེན་པ་ཚད་ལྡན་བསྐྱལ། །རྙིང་མའི་བླ་མ་འཇིགས་མེད་སྐལ་བཟང་ངམ། །གཞོན་ནུ་ཡེ་ཤེས་རོལ་པའི་རྡོ་རྗེ་ཡིས། །ལོ་ཆེན་བཻ་རོའི་སྐྱེ་བར་ལུང་བསྟན་ཞིང་། །དམར་ཁྲིད་དགོངས་འདུས་མཁའ་འགྲོ་གསང་མཛོད་སོགས། །བོན་སྡེ་འགའ་ཡི་བཀའ་བབས་དབང་ལུང་གནང་། །ཁྱད་པར་སྐྱེས་མཆོག་དམ་པ་དེའི་དྲུང་ནས། །རྙིང་མའི་ལུགས་ཀྱི་རྒྱུད་སྡེ་མང་དུ་གསན། །ལྷག་པར་སྙིང་ཐིག་སྐོར་ལ་མཁས་པར་སྦྱངས། །ཁྲིད་དང་གདམས་ངག་ཡོངས་རྫོགས་ཐུགས་ལ་བཞེས། །ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ཡིས། །གཤེན་སྒོམ་རས་པའི་སྐྱེ་བར་ལུང་གིས་བཟུངས། །རྩེ་དབུས་སྒར་བའི་བླ་མ་གཡུང་རྒྱན་གྱི། །དྲུང་ནས་བོན་གྱི་དབང་ལུང་ཕལ་ཆེར་ཞུས། །དབལ་ཕུར་ནག་པོ་ལྷག་པའི་ལྷ་རུ་བསྙེན། །རྟོགས་ལྡན་རིག་འཛིན་རྣམ་གྲོལ་ཞབས་དྲུང་ནས། །མཁའ་འགྲོ་གསང་གཅོད་དབང་ལུང་གདམས་ཁྲིད་ཞུས། །གཉན་ས་ཆུ་མིག་ལྔ་བརྒྱ་ལྷག་ཙམ་འགྲིམས། །ཉམས་ལེན་མཐར་ཕྱིན་གཅེས་འཛིན་གཞི་ལ་ཞིག །བདུད་བཞི་རང་གྲོལ་དགོངས་པ་མཁར་ལྟར་དག །མི་མིན་གཡེན་སྡེ་སྨིན་གྲོལ་ལམ་ལ་འཁོད། །གཟུགས་ཅན་མི་ལས་གཟུགས་ཆེན་འགྲོ་དོན་ཆེ། །རེབ་ཀོང་སྟོང་ཆེ་སྟོང་ཆུང་ས་སོགས་ན། །སྐལ་བཟང་སློབ་མའི་ཚོགས་རྣམས་ཐམས་ཅད་ལ། །བོན་སྒོ་ཕྱི་ནང་གསང་གསུམ་དབང་ལུང་དང་། །ངོ་སྤྲོད་ཁྲིད་སོགས་བཀའ་འཁོར་མང་དུ་བསྐོར། །བསྟན་འགྲོའི་དོན་ནུས་སློབ་མ་འགའ་ཞིག་བྱུང་། །ཇོ་བོ་རྨ་རྒྱལ་པོམ་ར་ལ་སོགས་པའི། །མདོ་སྨད་ཡུལ་ས་ཡུལ་སྨན་ཕལ་ཆེ་བས། །རང་གཟུགས་བསྟན་དེ་བསྟན་པའི་སྡོང་གྲོགས་བྱས། །ཚ་བའི་ཡེ་ཤེས་སེང་གེ་ལ་སོགས་པའི། །སྔོན་རབས་སྐྱེས་ཆེན་འགའ་ཡི་སྐྱེ་བ་འང་དྲན། །ཆུ་འགྲིམས་དམིགས་སྐོར་འགྲེལ་བ་ཞལ་ལུང་དང་། །རྨ་རྒྱལ་གཡང་སྒྲུབ་ཉམས་ཀྱི་མགུར་འབུམ་སོགས། །བཀའ་འབུམ་གསུང་རྩོམ་ཆེ་ཆུང་མང་དུ་ཡོད། །མཁས་གྲུབ་ཆེན་པོ་རྩེ་དབུས་ཆོས་རྗེ་ཞེས། །བན་བོན་རྙིང་གསུམ་ཀུན་གྱིས་བླ་མར་བཀུར། །བསྟན་དང་འགྲོ་དོན་གང་འདུལ་མཛད་པའི་མཐར། །གཟུགས་སྐུ་མི་རྟག་དགོངས་པ་མཁའ་སྤྱོད་གཤེགས། །སླར་ཡང་ཡང་སྲིད་རང་གི་ནང་དུ་ནི། །འཁྲུངས་པའི་སྤྲུལ་སྐུ ༴༴༴༴༴༴༴༴༴༴༴༴༴༴༴༴འདི་ཉིད་དོ། །(ཡང་སྲིད་ཀྱི་མཚན་བཀོད་མི་འདུག) ༈ ཡང་ཞིག་རྩེ་དབུས་ཨ་ལགས་ཤེས་རབ་དུས། །རྩེ་ཞིག་སྒར་བ་སོ་སོར་ཁ་གཉིས་གྱེས། །རྟེན་གསུམ་མཆོད་ཆ་རྣམས་ཀྱང་སོ་སོར་བགོས། །སྒར་བུ་བླ་མ་གཡུང་དྲུང་རྒྱལ་མཚན་ཞེས། །གཙང་གི་བཀྲ་ཤིས་སྨན་རིར་གྲྭ་སར་བཞུགས། །ཕྱི་ནང་གསང་བའི་དབང་ལུང་མང་དུ་ཞུས། །བསྟན་དང་འགྲོ་དོན་གང་ལ་གང་འཚམས་མཛད། །སྐུ་ཚེ་མཐར་ཕྱིན་དགོངས་པ་དབྱིངས་སུ་བསྡུས། །ཡང་སྲིད་སྒར་བའི་བླ་མ་ཞིག་འཁྲུངས་པ། །ཆུང་ནས་སྐུ་ཚེ་མ་བརྟན་དབྱིངས་སུ་ཡལ། །དེ་ཡི་ཡང་སྲིད་རྩ་བ་སྟོང་ཆུང་ནས། །འཁྲུངས་པའི་སྤྲུལ་སྐུ་དམ་པ་འདི་ཉིད་དོ། །དེ་ལྟར་རྩེ་ཞིག་སྟོང་ཉིད་བྱ་འཕུར་ནས། །རྩེ་ཞིག་གདུང་རབས་རིམ་བྱོན་བླ་མ་རྣམས། །མདོ་སྨད་ཕྲོམ་གྱི་སྨད་འདིར་འཁྲུངས་ནས་ནི། །བསྟན་དང་འགྲོ་དོན་སྣ་ཚོགས་མཛད་པའོ། ། ༈ ཡང་ཞིག་གང་ཅན་བོད་ཀྱི་ཞིང་ཁམས་འདིར། །གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་སྐབས། །གཤེན་གྱེར་རྨ་དབྱིལ་ལ་སོགས་གཏེར་སྟོན་གྱིས། །བོན་གཏེར་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ཤིང་། །བཀའ་བབས་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་དང་། །གཙང་གི་སྟོན་པ་བཅོ་བརྒྱད་ལ་སོགས་པས། །བཤད་སྒྲུབ་བོན་བསྟན་ཕྱོགས་བཅུར་སྤེལ་བའི་དུས། །གཡས་རུ་གཙང་སྨད་ལང་འགྲོའི་ས་ཆ་རུ། །རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ས་འདུལ་གནང་། །བྲུ་ཆེན་ནམ་མཁའ་གཡུང་དྲུང་ཐུགས་བཀོད་བཞིན། །བྲུ་རྗེ་བདག་ཉིད་གཡུང་དྲུང་བླ་མ་ཡིས། །བོན་གྱི་འདུས་སྡེ་ཆེན་པོ་གསར་དུ་བཏབས། །གཡས་རུ་དབེན་ས་ཁ་ཞེས་མིང་དུ་ཆགས། །སྐལ་བཟང་སྐྱེས་བུའི་འདུ་བ་སྤྲིན་ལྟར་འཚོགས། །དགེ་འདུན་བདུན་སྟོང་རེ་ཙམ་འཚོགས་པ་ལ། །གབ་མཛོད་ས་གསུམ་དབུ་ཚད་རྒྱན་ལ་སོགས། །འཆད་དང་ཉན་དང་རྩོད་དང་རྩོམ་པ་ཡིས། །བོན་གྱི་བསྟན་པ་སྤེལ་ཞིང་ག་དར་བྱས། །བྲུ་ཡི་གདུང་རབས་བླ་མ་རིམ་བྱོན་གྱིས། །བསྟན་པའི་ཁུར་ལེན་མཛད་ནས་སྐྱོང་བའི་སྐབས། །ཀླུ་གྲུབ་སྙིང་པོའི་ཐུགས་ཀྱི་སྤྲུལ་བ་ཞིག །སྟོད་ཧོར་སོག་སྡེ་མ་ཞེས་བྱ་བར་འཁྲུངས། །གཞོན་ནུའི་དུས་ནས་རྣམ་དཔྱོད་ཕྱོགས་མེད་རྒྱས། །ཤེས་བྱ་ཕལ་ཆེར་མ་བསླབ་རང་རྡོལ་མཁྱེན། །བཅོ་བརྒྱད་ལོ་ནས་རུ་བཞི་བོད་ཀྱི་ཆ། །གཙང་གི་གཡས་རུ་དབེན་སར་གྲྭ་སར་ཕེབས། །བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱིས། །དྲུང་ནས་རབ་བྱུང་གཙང་གཙུག་སྡོམ་པ་བཞེས། །ཚུལ་མིང་ཡེ་ཤེས་རྒྱལ་མཚན་བྱ་བར་གསོལ། །མཁས་གྲུབ་རྒྱ་མཚོ་ལྟ་བུའི་ཚོགས་དབུས་ནས། །གབ་མཛོད་ས་གསུམ་དབུ་ཚད་ཕར་ཕྱིན་སོགས། །སྡེ་སྣོད་ཀུན་ལ་འཆད་ཉན་བསླབ་སྦྱངས་བྱས། །ཏྲེ་སྟོན་རྒྱལ་མཚན་དཔལ་དང་དུས་ཉམས་དུ། །ཚོགས་ཀྱི་དབུས་སུ་ལུང་རིག་རྩོད་གྲྭ་བྱས། །ཐེ་ཚོམ་སྒྲོ་འདོག་མ་ལུས་ཁོང་ནས་ཆོད། །གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་སོན། །རུ་བཞི་བོད་ལ་མཁས་པའི་གྲགས་པ་རྒྱས། །རི་གསུམ་འདུས་པ་ཞེས་བྱའི་གནས་མཆོག་ཏུ། །རོང་སྒོམ་རྒྱལ་མཚན་འོད་ཟེར་མདུན་དྲུང་ནས། །ཞང་ཞུང་སྙན་རྒྱུད་ལ་སོགས་སེམས་དོན་སྐོར། །དྲུང་མུའི་གཅོད་ཀྱི་དབང་ལུང་ཡོངས་རྫོགས་ཞུས། །བཀའ་སྲུང་སྨུག་མོ་སྲིད་རྒྱལ་སྒྲ་བླ་མོའི། །རྒྱུད་དང་མན་ངག་བཀའ་གཏད་རྗེས་གནང་ཞུས། །ཡར་ཆབ་གཙང་པོ་ཀོ་གྲུས་བསྒྲོད་པའི་ཚེ། །དཔལ་ཆེན་ཆུ་བོ་རི་ཡི་རྩེ་མོ་ནས། །མཁའ་འགྲོ་ཅོ་ཟ་བོན་མོས་ཞལ་གཟིགས་བྱུང་། །ལི་ཤུ་ཅོ་ཟའི་བོན་སྐོར་ལ་སོགས་གནང་། །དེ་ནས་གཙང་གི་སྐམ་ས་ལ་བརྒྱུད་དེ། །ཡར་འབྲོག་མཚོ་ཁར་ཞག་བཞུགས་ཉམས་ལེན་མཛད། །མཚོ་སྨན་ཀླུ་མོས་ཐུན་མོངས་དངོས་གྲུབ་ཕུལ། །དེ་ནས་གཡས་རི་གཙང་སྟོད་འཇལ་དུ་བྱོན། །གཤེན་གྱི་གདན་ས་ཆེན་པོ་དར་ལྡིང་དུ། །ཨུ་སྐྱུ་གྲགས་པ་འོད་ཟེར་ཞལ་སྔ་ནས། །ཡི་དམ་ཞི་ཁྲོ་ཕྱི་ནང་དབང་ལུང་དང་། །བྲག་བཙན་དམག་དཔོན་གཉིས་ཀྱི་རྗེས་གནང་དང་། །བཀའ་སྐྱོང་སྐོར་གྱི་རྗེས་གནང་མང་དུ་ཞུས། །གདན་ས་གསས་ཁང་གསེར་སྒོ་ཁྲ་མོ་རུ། །བླ་མ་གཉའ་བཙུན་ཤེས་རབ་རྒྱལ་མཚན་དང་། །གཤེན་སྟོན་བསོད་ནམས་རྒྱལ་མཚན་དཔལ་གྱི་དྲུང་། །མ་རྒྱུད་ཐུགས་རྗེའི་ཉི་མའི་དབང་བཞི་དང་། །མཁའ་འགྲོ་སྐལ་པ་བཟང་མོའི་བོན་སྡེ་དང་། །སྲིད་རྒྱལ་དྲིའུ་དམར་པོའི་དབང་རྗེས་གནང་། །མ་རྒྱུད་སྐོར་གྱི་གདམས་ཁྲིད་མང་དུ་ཞུས། །བཀའ་གསང་དབང་གི་དཀྱིལ་འཁོར་ཞལ་ཡང་མཐོང་། །གདན་ས་ཁྲི་རྟེན་ནོར་བུའི་ཡང་རྩེ་རུ། །རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ཞུས། །རྫོགས་ཆེན་རྒྱུད་དོན་མང་པོ་ཐུགས་ལ་བླངས། །མཐའ་བྲལ་ཅིག་ཅར་དགོངས་པ་མངོན་སུམ་གཟིགས། །བླ་མ་ལྷུན་གྲུབ་རྒྱལ་མཚན་ཞབས་དྲུང་ནས། །ཡི་དམ་དབལ་ཕུར་ལ་སོགས་དབང་ལུང་ཞུས། །ལ་སྟོད་སྤ་ཡི་གདན་ས་རུ་ཁུད་ཀྱི། །དཔལ་ལྡན་ལྷུན་གྲུབ་སྒང་གི་དགོན་པ་རུ། །ལི་ཤུའི་ཐུགས་སྤྲུལ་དཔལ་ལྡན་བཟང་པོའི་དྲུང་། །ཡི་དམ་སྤྱི་སྤུངས་ཁྲོ་བོའི་དབང་ལུང་ཞུས། །གསང་བྲག་ཡང་དབེན་སེང་གེའི་བྲག་ཕུག་ཏུ། །དཀའ་བ་དུ་མས་ཡི་དམ་བསྙེན་སྒྲུབ་མཛད། །རྟོགས་པའི་ཉམས་ཤར་སྣང་བ་ལམ་དུ་སློང་། །བོན་ཉིད་དོན་རྟོགས་རང་དོན་མངོན་པར་གྲུབ། །དམ་ཅན་སྲུང་མའི་ཐུགས་སྒྲུབ་མཛད་པའི་ཚེ། །སྒྲ་བླ་མོ་དང་བྲག་བཙན་དམར་པོ་ཡིས། །རང་གཟུགས་བསྟན་ནས་བསྟན་པ་སྲུང་བར་ཆད། །གཟིམ་ཁང་ཁྲི་སྐོས་བྱ་བའི་དགོན་པ་རུ། །དད་ལྡན་འཁོར་ལ་བོན་གྱི་བཀའ་བཤད་གནང་། །དེ་ནས་གཙང་སྨད་གཡས་རུ་དབེན་ས་ཁ། །མཁས་གྲུབ་རྒྱ་མཚོའི་འདུ་གནས་དེ་རུ་བྱོན། །བྲུ་ཡི་མཁན་པོ་བསོད་ནམས་རྒྱལ་མཚན་དྲུང་། །ཨུ་སྐྱུ་གྲགས་འོད་གཉན་སྟོན་ཤེར་རྒྱལ་གསུམ། །མཁན་སློབ་དཔང་གསུམ་དགེ་འདུན་བརྒྱ་ཕྲག་དབུས། །དག་པ་དྲང་སྲོང་ཁྲིམས་རྣམས་ཡོངས་རྫོགས་ཞུས། །མཚན་ལ་སོག་བཙུན་ཡེ་ཤེས་རྒྱལ་མཚན་གསོལ། །དེ་ནས་བཟུངས་ཏེ་ཇི་སྲིད་འཚོ་བའི་བར། །སྡོམ་གསུམ་དྲི་མས་མ་གོས་ཚུལ་བཞིན་བསྲུང་། །བདེར་གཤེགས་གཙོ་བོ་བཞི་ཡིས་ཞལ་ཀྱང་གཟིགས། །བྲུ་ཞུ་རྨེའུ་སོགས་བླ་མ་གང་ཡོད་ཀྱི། །དྲུང་ནས་སྤྱི་སྤུངས་དབལ་གསས་ཞི་ཁྲོ་དང་། །སྤྱི་འདུལ་རོལ་བ་སྟག་ལྷ་ཁྱུང་དམར་སོགས། །ཡི་དམ་སྐོར་གྱི་དབང་ལུང་རྒྱུད་བཅས་དང་། །སྲིད་རྒྱལ་དྲིའུ་ནག་བདུད་བཙན་དམར་ནག་སོགས། །བཀའ་སྐྱོང་སྐོར་གྱི་རྗེས་གནང་སྲོག་གཏད་སོགས། །དབང་ལུང་ཐམས་ཅད་མ་ཚང་མེད་པར་ཞུས། །དེ་ལྟར་ལུང་རྟོགས་བོན་གྱིས་ཐུགས་རྒྱུད་བལྟམས། །མཁས་དང་གྲུབ་པས་གཞན་དོན་ནུས་ཙམ་བྱུང་། །སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ཞེས། །སྙན་དང་གྲགས་པས་བོད་ཡུལ་རུ་བཞི་ཁྱབ། །དེ་ཚེ་བྲུ་གཤེན་བསོད་རྒྱལ་རྣམ་གཉིས་དང་། །ཨུ་སྐྱུ་གྲགས་འོད་གཉན་སྟོན་ཤེར་བཙུན་སོགས། །རྩ་བའི་བླ་མ་ཀུན་གྱིས་མགྲིན་གཅིག་ཏུ། །ཀླུ་གྲུབ་སྙིང་པོ་སྤྲུལ་པར་ལུང་བསྟན་ཅིང་། །ལྷ་ཁང་བྱ་འདབ་སུམ་བརྩེགས་ཁྱུང་མགུར་ཅན། །གཞན་ཡང་སྐུ་གསུང་ཐུགས་རྟེན་མང་དུ་གནང་། །འགྲོ་དོན་བསྟན་པ་མདོ་གམ་སྨད་ཕྱོགས་ན། །ཡོད་ཅེས་བཀའ་ལུང་སྔ་ཕྱི་ཀུན་ཏུ་གནང་། །དེ་བཞིན་སྲིད་རྒྱལ་དབལ་མོའི་ཞལ་ལུང་ལས། །འདི་ནས་ཤར་ཕྱོགས་གེ་སར་ཕྲོམ་གྱི་སྨད། །ཙོང་ཁའི་ཡུལ་དུ་གཡུང་དྲུང་བོན་བསྟན་གྱི། །བརྒྱུད་པ་དུས་མཐའི་བར་དུ་འཛིན་ནུས་པའི། །རྟེན་འབྲེལ་སྒོ་མོ་དེང་འདིར་ཤར་ཡོད་ཅེས། །ལུང་བསྟན་ཡང་ཡང་བྱུང་བཞིན་ཁོང་གིས་ཀྱང་། །བླ་མ་མཁའ་འགྲོའི་ལུང་བསྟན་ཅི་བཞིན་དུ། །བྱང་ཕྱོགས་གདུལ་དཀའི་འགྲོ་དོན་ཐུགས་ལ་བཅགས། །དཔོན་གཡོག་མང་པོ་རུ་བཞི་བོད་ཡུལ་ནས། །མདོ་སྨད་བསྟན་དང་འགྲོ་བའི་དོན་ལ་ཆས། །ཧོར་སོག་ཨ་ཆེན་ཐང་ནས་བྱང་ལམ་བརྒྱུད། །བཤུལ་རིང་ལམ་པ་དཀའ་བ་སྤྱད་པའི་མཐར། །མཚོ་ཆེན་ཁྲི་གཤོག་རྒྱལ་མོ་ཉེ་བའི་ཕྱོགས། །མདོ་སྨད་ཙོང་ཁའི་སྐྱེས་རིའི་ལྷོ་ཡི་ངོས། །རྨ་ཆུ་སྔོན་མོ་འབབ་པའི་དལ་ཁུགས་སུ། །ཁྲི་ཀའི་གཡང་ལུང་ར་གསུམ་ཡོད་པ་ལས། །གཡང་ལུང་དབུས་མ་སྟོང་ཆེའི་སྟོད་ཀྱི་ཆར། །སྨོན་ལམ་སྟོབས་ཀྱིས་དཔོན་གཡོག་འཁོར་བཅས་རྣམས། །ལམ་དུ་གྱ་ཉེ་མེད་པ་ཕྱོགས་འདིར་སླེབས། །རྟེན་གསུམ་རྣམས་དང་སྲུང་མའི་རྟེན་རྫས་སོགས། །བཀལ་བའི་དྲིའུ་ཞིག་ཡོད་པ་ས་གནས་འདིར། །ཉལ་ནས་ཅི་ལྟར་ལང་དུ་མ་འདོད་ཚེ། །ཁོང་གི་བླ་མ་མཁའ་འགྲོའི་ལུང་བསྟན་ལས། །བསྟན་པ་འཇུག་པའི་ས་གནས་ཕྱིན་པའི་ཚེ། །རྟགས་དང་རྟེན་འབྲེལ་མཚན་མ་འབྱུང་གསུངས་པ། །འདི་ཀོ་ཡིན་དགོངས་ས་གནས་དེ་ཀར་བཞུགས། །གནས་གཞི་བཏིངས་ནས་ཐུགས་དགོངས་ཕབ་ཏེ་བཞུགས། །ས་གནས་ཞིང་ཁམས་བྱིན་གྱིས་རླབས་པའི་ཚེ། །ལི་ཤུའི་རྫོགས་ཆེན་ཐུགས་དམ་མཐིལ་དུ་སྒོམ། །དྲུང་མུའི་གཅོད་དང་སྤྱི་སྤུངས་ཞི་ཁྲོ་དང་། །མ་རྒྱུད་ཐུགས་རྗེ་ཉི་མ་དབལ་ཕུར་ནག །སྟག་ལྷ་དྲན་པ་ལ་སོགས་ཡི་དམ་སྐོར། །སྲིད་རྒྱལ་བདུད་བཙན་སྒྲ་བླ་མོ་ལ་སོགས། །བཀའ་སྐྱོང་སྐོར་རྣམས་ཀུན་ལ་བསྙེན་སྒྲུབ་མཛད། །སྲིད་རྒྱལ་བྲག་བཙན་ཞལ་གཟིགས་ཡང་ཡང་བྱུང་། །ཕྱི་རྟགས་ནང་རྟགས་གསང་རྟགས་མང་དུ་བྱུང་། །བསྟན་པ་ཡུན་རིང་གནས་པའི་རྟེན་འབྲེལ་ཤར། །ལས་ཅན་གདུལ་བྱ་མ་བསྡུས་པར་ཡང་འདུས། །ཀུན་གྱིས་ཁོང་ལ་སྡོགས་གྲོགས་ཞབས་ཏོག་ཞུས། །བསྟན་པའི་ཞབས་འདེགས་དཀའ་བ་མེད་པར་བྱུང་། །སྟོང་ཆེ་སྟོན་པ་ཞེས་བྱར་མཚན་དུ་གྲགས། །རྩ་བའི་བླ་མ་རྣམས་ཀྱིས་ཞལ་བཀོད་བཞིན། །ཁོང་གིས་བཞུགས་གནས་ཕོ་བྲང་ལྷ་ཁང་ཞིག །བཞེངས་པར་དགོངས་ནས་ས་གནས་བཙལ་བའི་ཚེ། །གཡུ་འབྲུག་མཚོ་ལ་ཉལ་འདྲའི་རྭ་བར་དུ། །བཞེངས་ན་བསྟན་པ་དུས་མཐའི་བར་གནས་པའི། །མཚན་མ་བྱུང་བཞིན་ས་འདུལ་རྨིང་བཏིང་མཛད། །ལྷ་ཁང་ཤིང་ཆ་ཀ་རོན་ཕུ་ནས་བཅད། །སྟོང་ཆེ་སྟོན་པས་རྫུ་འཕྲུལ་རྩལ་ཆར་ཕབ། །ཤིང་རྣམས་ཆུ་ཡིས་ཁུར་དེ་བྱུང་བ་ལ། །གཅོད་པ་ཞལ་རིང་ཞེས་པ་འཕྲག་དོག་སྐྱེས། །རྐང་ལམ་ཟམ་པའི་བྲག་རི་ཕན་ཚུན་ལ། །ཞབས་བསྡིག་བྱས་པས་རི་བསྙིལ་བྲག་འགག་བཀགས། །ཆུ་དང་ཤིང་རྣམས་ཀ་རོན་གཞུང་དུ་བསྐྱེལ། །ཞལ་རིང་གཅོད་པའི་དགོན་པ་ཆུ་ལ་ཐིམ། །དེ་ཚེ་སྟོང་ཆེ་སྟོན་པ་ཉ་རུ་བརྫུས། །འགག་ཞབས་བྲུས་ནས་ཆུ་ཤིང་ཐུར་ལ་བཤང་། །ཞལ་རིང་སྒུར་བས་གསེར་ཏོག་ཆུ་ཡིས་ཁུར། །ནོག་དབུས་རྒན་མོས་རྙེད་ནས་སྟོན་པར་ཕུལ། །ནོག་དབུས་རྒན་མོའི་ལག་ཆུ་དེ་དུས་སྲིད། །དེ་ནས་ས་མོ་གླང་གི་དབྱར་ར་བའི། །ཡར་ཚེས་དགེ་བར་ལྷ་ཁང་གཞི་འདིངས་མཛད། །ཕྱོགས་འདིའི་ཡོན་བདག་དད་ལྡན་ཕལ་ཆེར་དང་། །དཀར་ཕྱོགས་ལྷ་ཀླུའི་སྡོང་དང་གྲོགས་བྱས་སྟབས། །གསས་ཁང་དཀར་ནག་བཀྲ་གསལ་ཕྱོགས་འདི་རུ། །འཕོས་འདྲའི་ལྷ་ཁང་བྱ་འདབ་སུམ་བརྩེགས་ལ། །ཁྱུང་མགུར་ཁྱུང་མགོ་ཏོག་གིས་རབ་བརྒྱན་པའི། །ཕྱི་ནང་འཁྱམས་དང་བཅས་ཏེ་ལེགས་པར་འགྲུབ། །ནང་དུ་དུས་གསུམ་སངས་རྒྱས་སེམས་དཔའ་བརྒྱད། །སྤུ་གྲི་དམར་ནག་དྲིའུ་དམར་བྲག་བཙན་རྣམས། །ལྡེར་བཟོ་བཞེངས་ཤིང་ཕྱི་ནང་གསང་གསུམ་གྱི། །ལྷ་ཚོགས་ཐམས་ཅད་ལོགས་ལ་ལྡེབས་སུ་བྲིས། །གཞན་ཡང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། །གཡུང་དྲུང་བོན་བསྟན་ཁྲོ་བོ་ཀློང་རྒྱས་གཙོས། །མདོ་སྔགས་ཆོ་ག་གང་ལ་གང་འཚམས་དུ། །རབ་བྱུང་སེར་བཙུན་རྣམས་ལ་མདོ་ལུགས་སྤེལ། །ཁྱིམ་སྔགས་སྐྱ་བོན་རྣམས་ལ་སྔགས་འདོན་བཅུགས། །ཡུལ་ཕྱོགས་ཐམས་ཅད་གཡུང་དྲུང་བོན་ལ་བསྒྱུར། །དེ་དུས་བོན་བཙུན་འགའ་རེས་འཕྲག་དོག་ཀྱང་། །སྦས་མངོན་ཐབས་ཀྱི་དྲག་པོ་མཐུ་ཡིས་བཏུལ། །གུ་རུ་ཆོས་ལྡན་ཞེས་བྱའི་བན་བཙུན་གྱིས། །སྟོང་ཆེའི་སྟོན་པའི་ལྷ་ཁང་བལྟ་རུ་བྱོན། །སྒོ་ནས་བྱོན་དུས་སྒོ་མོ་ཆུང་འདུག་ཅེས། །སྐུ་ལུས་འགྱེང་བས་སྒོ་མོ་ཆེ་རུ་བཏང་། །དེང་སང་སྒོ་མོ་ཆེ་བ་དེ་ཡིན་ཟེར། །སྨིན་གྲོལ་སྒོ་མོ་ཆེ་བའི་རྟེན་འབྲེལ་ཤར། །ནང་དུ་ཕེབས་ནས་ལྷ་ཁང་དམའ་འདུག་ཅེས། །སྟེང་ཕྱོགས་དཀྱིལ་འཁོར་ངོས་ལ་ལྕེས་ལྡག་བྱས། །དེ་ཚེ་སྟོང་ཆེ་སྟོན་པ་ཡར་ལ་བཞེངས། །ཆོས་གོས་ཉི་ཟེར་ལ་བཀལ་རྫུ་འཕྲུལ་བསྟན། །ཆོས་གོས་ཉི་ཐིག་མ་ཞེས་དེ་དུས་སྲིད། །ཕན་ཚུན་རྫུ་འཕྲུལ་འགའ་ཞིག་འགྲན་རེས་བྱས། །སོ་སོར་མ་འཆམ་རུ་ཏྲའི་བརྣག་སེམས་སྐྱེས། །མཐུ་རྩལ་ཡུན་རིང་འགྲན་པའི་ཐ་མ་ལ། །སྲིད་རྒྱལ་གསུམ་གྱི་བླ་ཚེ་དབྱིངས་སུ་བསྡུས། །ལོག་ལྟའི་སྡེ་དཔུང་མིང་ཙམ་མེད་པར་བྱས། །དེ་ཚེ་སེར་རྒྱ་ཞེས་བྱའི་བོན་སྡེ་ཞིག །ཡོད་པའི་ཕྱེད་ཙམ་གུ་རུ་ཆོས་ལྡན་གྱིས། །མངའ་དབང་གྱུར་བས་དེ་ལ་བོན་དཀར་གྲགས། །ཕལ་ཆེར་སྟོང་ཆེའི་སྟོན་པའི་མངའ་འོག་གྱུར། །དེ་ལ་བོན་ནག་ཞེས་བྱའི་མིང་དུ་ཆགས། །སེར་རྒྱའི་བོན་དཀར་བོན་ནག་དེ་དུས་སྲིད། །

      གསལ་བཤད།  རྗེ་བཙུན་ཁྲི་ཀ་བ་སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག་གམ་ཀུན་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི༼སྤྱི་ལོ༡༧༧༧༽ལོ་ཡས་མས་སུ་མདོ་སྨད་མཚོ་སྔོན་ཁྲི་ཀ་རྫོང་གི་ཁོངས་གཏོགས་སྟོང་ཆེ་ཞེས་པར་སྐུ་འཁྲུངས། ཆུང་ནས་བཟུང་བླ་མ་རྟོགས་ལྡན་མང་པོའི་དྲུང་ནས་དབང་ལུང་མན་ངག་གི་གདམས་པ་མང་དུ་གསན། ཁྱད་པར་དུ་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་སོགས་ལྔ་རིག་སྨྲ་བའི་མཁས་པ་མང་པོ་བསྟེན་ནས་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་ལྷོད་མེད་བྱས་མཐར་མདོ་སྔགས་རིགས་གནས་རྒྱ་མཚོའི་དགོངས་དོན་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་རྒྱལ་ས་ཟིན། སྒོམ་སྒྲུབ་ཉམས་ལེན་སོགས་འཁོར་ལོ་གསུམ་གྱི་མཛད་འཕྲིན་གྱིས་བོན་བསྟན་ཉི་ཟླ་ལྟར་གསལ་བར་མཛད་ཅིང་བསྟན་པ་དང་འགྲོ་དོན་རྒྱ་ཆེར་མཛད་པའི་མཐར་མི་རྟག་པའི་ཚུལ་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་རྫོགས། ཁོང་གི་གསུང་རྩོམ་ལ་སེམས་ཁྲིད་སངས་རྒྱས་རང་འཁྲུངས་དང་། ནུབ་ཕྱོགས་རྟག་གཟིགས་ཡུལ་གྱི་ཞིང་བཀོད། བརྡ་དག་རིན་ཆེན་གཏེར་ཁྱིམ་སོགས་མང་དུ་བཞུགས་པ་ལས་ད་ལམ་འདིར་བོན་བསྟན་ཞིབ་འཇུག་གི་ལས་ལ་ཞུགས་པའི་མི་བུ་དག་ལ་ལོ་རྒྱུས་དཔྱད་གཞིའི་ཡིག་ཆའི་མཐུན་རྐྱེན་དུ་དམིགས་ནས། ད་སྔ་པར་སྐྲུན་བྱས་མེད་པའི་དམ་པ་ཁོང་གི་རྣམ་ཐར་བརྩམས་འཕྲོ་ཅན་འདི་གུས་པས་གློག་ཀླད་དུ་གཏགས་སྟེ་རྒྱ་ཆེ་ཀློག་པ་པོ་རྣམ་པའི་སྤྱན་སྔར་དུ་གཟིགས་འབུལ་ཞུས་པ་འདིས་ཀྱང་། གཡུང་དྲུང་བོན་བསྟན་སྤྱི་དང་ཁྱད་པར་མདོ་སྨད་བྱང་རྒྱུད་དུ་བོན་བསྟན་ཇི་ལྟར་བྱུང་འཕེལ་གྱི་རྒྱུད་རིམ་དང་། དབང་ལྡན་ཞུ་ཡི་གདུང་རབས་ལས་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐོར་དང་ཁོང་གི་ཞལ་སློབ་མདོ་ཁམས་ཞིག་ཆེན་བཅོ་བརྒྱད་ཀྱི་བྱུང་ཚུལ། ལྷག་པར་སྲིད་ན་གཉན་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་སོགས་ཀྱི་ལོ་རྒྱུས་རིང་མོའི་རྒྱབ་ལྗོངས་དངོས་ལ་ཞིབ་འཇུག་རྒྱང་བལྟ་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཕྲ་མཐོང་ཆུ་ཤེལ་ལྟ་བུར་འགྱུར་ཐུབ་པའི་ཡིད་ཆེས་བརྟན་པོ་དང་བཅས་རྩེ་ཞིག་དགོན་པའི་སློབ་གཉེར་བ་ཤེས་རབ་དཔལ་ཆེན་ནས་གུས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག