ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> ཟླ་སྤྲུལ་རིན་ཆེན་ཕུན་ཚོགས།
ཟླ་སྤྲུལ་རིན་ཆེན་ཕུན་ཚོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཤོ་བཙུན་ཁྲི་གཙུག་རྒྱལ་པོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

བདེ་སྣང་སྒྱུ་མའི་ཆོས་ཀྱི་སྙིང་པོ་ཆེ།། བདེ་ཆེན་འགྱུར་བ་བྲལ་བའི་གཡུང་དྲུང་དབྱིངས།།

བདེ་སྡུག་སེམས་ཀྱི་ཆོ་འཕྲུལ་ཇི་སྙེད་པ།། བདེ་སྟོང་གཤིས་སུ་དག་པའི་གཤེན་རྒྱལ་བསྔགས།།

གང་དག་འགྲོ་ལ་བརྩེ་བའི་ཁུར་ཁྱེར་བ།། གང་ཡང་མ་བཀག་མཛད་པའི་ཐབས་འཕྲུལ་ངང༌།།

གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་པ།། གང་ཡང་བསྟན་མཛད་ཟླ་གྲགས་རིམ་བྱོན་རྒྱལ།།

རིན་ཆེན་འཁྲི་ཤིང་འོད་ཟེར་སྟོང་འཕྲོས་སྐུ།། རབ་མཛེས་སྙན་ངག་དབྱངས་ཅན་ལྷ་ཡི་གསུང༌།།

ཕུན་ཚོགས་མཁྱེན་རབ་རྣམ་འདྲེན་ཇི་བཞིན་ཐུགས།།ཨེ་མ་རྗེ་བཙུན་ཟླ་སྤྲུལ་ཝ་ལེར་གྲུབ།།

གང་གི་འཕྲིན་ལས་རྩིབས་ལྡན་གསེར་གྱི་འཁོར།། མོས་ཅན་སྣང་ངོར་བསྒྱུར་བའི་རྣམ་པར་ཐར།།

བསམ་བཞིན་དད་ཟླུམ་སྤྱི་བོར་ཟུམ་དང་ལྷན།། རྟོགས་བརྗོད་ཤས་ཙམ་སྤེལ་བའི་འདུན་མ་ཤར།།

དེ་ཡང་སྒྲོ་བསྐུར་བློ་ཡིས་མ་ལྷད་པར།། རང་བཞིན་སྲོང་པོར་བཞུར་འདོད་ལྷག་བསམ་གྱིས།།

ལུང་དང་ངག་སྒྲོས་ཟབ་མོའི་རྗེས་བསྙེགས་ཕྱིར།། བྱ་བ་འདི་ལ་གནང་དང་རྒྱབ་སྐྱོར་མཛོད།། 
 

       ཞེས་མཆོད་ཚིག་དད་བརྒྱ་གྲོལ་བའི་གེ་སར་གྱི་འདབ་ལོ་ཅི་ཡང་འཐོར་ཞིང༌། དམ་བཅའ་ཉི་གཞོན་ཞགས་པའི་ཟེར་ཕྲེང་གིས་སྣང་ལམ་ཡངས་པར་བྱས་ཏེ། སྐབས་བབ་ཀྱི་བྲི་བར་བྱ་བ་ནི། སྙིགས་དུས་འདྲེན་པ་ཀུན་གྱི་བླ་ན་མཐོ་བ་མཉམ་མེད་སྟོབས་བཅུ་མངའ་བའི་འཕྲིན་ལས་ཀྱི་ཆ་མཐའ་དག་རབ་ཏུ་འབྱོངས་བའི་སེམས་དཔའ་ཆེན་པོ་དཔལ་ཀུན་གྲགས་གླིང་གི་ཁྲི་རིན་པོ་ཆེ་མཆོག་སྤྲུལ་ཟླ་བ་གྲགས་པ་༧རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་ཞེས་བརྗིད་ལྡན་མཚན་གྱི་ཅོད་པཎ་བདག་གིར་བཞེས་པ་གང་ཉིད་ཀྱི། འཁོར་ལོ་གསུམ་གྱི་མཛད་བཟང་གི་ཆ་ཤས་ཙམ་བརྗོད་པའི་རྣམ་པར་ཐར་བ་དྲི་བྲལ་ཤེལ་གྱི་སྒྲོམ་བུ་ཞེས་བྱ་བ་སྟེ། སྐྱེས་རབ་ཀྱི་ཆེ་བ་དང༌། སྐུ་སྐྱེ་བཞེས་ཀྱི་མཛད་པ། ཁྲི་སྟོན་ཕྱིན་གྱི་འཕྲིན་ལས་བསྒྱུར་ཚུལ་དང་གསུམ་གྱིས་འཆད་པ་ལ། དང་པོ་ནི། ཡེ་ནས་བྱང་ཆུབ་ཀྱི་བདུད་རྩི་ཟིལ་མ་ཐུགས་སུ་བསྟིམས་ཏེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཁྲི་འཕང་ལ་དབང་ཐོབ་ཀྱང༌། བརྩེ་ཆེན་ཐུགས་རྗེས་འགྲོ་རྣམས་མ་ལྷོད་པར་དམ་དུ་འཛིན་པས་གང་འདུལ་འཕྲིན་ལས་ཀྱི་རོལ་བ་ཀུན་ནས་མ་འགག་ཕྱིར། གསང་གསུམ་སྤྲུལ་པའི་འཁོར་ལོ་སྟོང་ཁམས་ཀུན་ཏུ་བསྒྱུར་བ་ནི་ཚུར་མཐོང་བློ་ཡིས་གཞལ་ཡུལ་དུ་མ་གྱུར་ལ། ཆ་ཙམ་གླེང་བ་ལའང་ངལ་བར་གྱུར་ན། གང་གི་རྟོགས་པ་བརྗོད་པ་ནི་ནམ་མཁའ་འདོམ་གྱིས་གཞལ་འདོད་དང་གཉིས་སུ་མ་མཆིས། འོན་ཀྱང་དད་དམ་ལྷག་བསམ་གྱིས་རྒྱུད་བསྐུལ་ཏེ་ལུང་དང་ངག་སྒྲོས་ཡང་དག་གིས་བརྒྱན་ནས་རྟོགས་པ་བརྗོད་པ་ནི་རྣམ་དཀར་གྱི་ཆ་རུ་སེམས་སོ། དེས་ན་སེམས་དཔའ་ཟླ་བ་གྲགས་པ་འདི་ཉིད་བདེར་གཤེགས་དགོངས་བརྒྱུད་དྲུག་གི་ཡ་གྱལ་གྱེར་དུན་སྟོང་བསྒྲོལ་གྱི་བདག་ཉིད་དབལ་ཕུར་ནག་པོ་སྒྲུབ་པའི་གཤེན་པོ་དབལ་བོན་སྟག་ལ་མེ་འབར་གྱི་སྐུ་ཡི་ངོ་བོ་དང་མི་གཉིས་པར་རྣམ་པར་འཕྲུལ་བ་ཡིན་པ་ནི། སངས་གླིང་རང་རྣམ་ལས། སྟག་ལའི་ཐུགས་སྤྲུལ་སེམས་དཔའ་ཟླ་བ་གྲགས་ཞེས་དང༌། སྨོན་རྒྱལ་པད་སྤྲུལ་གྱིས་མཛད་པའི་སྐྱེས་རབས་གསོལ་འདེབས་ལས། ཐུགས་ཉིད་ངོ་བོ་ཡི་གེ་ཧེ་ལས་སྐྱེས་ཞེས་དང༌། གསལ་བྱེད་དབལ་བོན་ཆེན་པོར་གསོལ་བ་འདེབས་ཞེས་སོགས་ཀྱིས་ངེས་ལ། སྟོང་རྒྱུང་དང་ཚེ་དབང་གི་སྤྲུལ་པ་ཡིན་ཚུལ་ནི། བསོད་བློའི་རང་རྣམ་ལས། སྟོང་རྒྱུང་སྤྲུལ་པ་བཞི་ཡི་ཡ་གྱལ་ཡིན་ཞེས་དང༌། ཟླ་སྤྲུལ་གསོལ་འདེབས་ལས། ཚེ་དབང་ཞལ་གཟིགས་མཇལ་ཆོག་འགྲོ་བ་འདྲེན་ཞེས་དང༌། སངས་གླིང་རང་རྣམ་ལས། སྟག་ལ་མེ་འབར་བརྒལ་བའི་གཡུལ་ངོར་བཟློག བོད་ཡུལ་ཞིང་དུ་གསང་སྔགས་བསྟན་པ་སྐྱོང༌། ཟླ་བ་གྲགས་པ་ཟབ་མོའི་གསང་བ་འཆང་ལ་སོགས་ལུང་དུ་མའི་སྒོ་ནས་ཟིན་པའི་མཆོག་གི་སྤྲུལ་སྐུ་རུ་ངེས་ཤིང༌། དེ་ཡང་སྐྱེས་རབས་ཀྱི་ཕྲེང་བ་ལུང་ཙམ་དུ་སྨོས་ན། ཀོ་རྒྱལ་དུས་སུ་དྷ་མ་བཙན་པོ། བྷཻ་ཚའི་གདུང་ལ་གྲགས་པ་རྒྱལ་མཚན། དབྲ་དཀར་གདུང་ལ་ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས། གཙུག་ཏོག་རུས་ལ་ཟླ་གྲགས་རིན་ཆེན་རྒྱལ་མཚན། འདན་མའི་གདུང་ལ་རིན་ཆེན་དཔལ་བཟང༌། བྱ་ཟེའི་གདུང་ལ་ཉི་མ་འོད་ཟེར། འགྲུ་ཞིག་གདུང་ལ་ཚུལ་ཁྲིམས་དབང་རྒྱལ། འདི་རྣམས་ཁྲི་རུ་འཁོད་ཅིང་ཀོ་དགོན་གདན་རབས་ཟིན་པའི་བླ་མ་ཡིན། བྱ་ཟེའུ་གདུང་ལ་ཧ་རིན་པོ་ཆེ། སེམས་དཔའི་གདུང་སོན་ཟླ་བ་གྲགས་པ། ཁྱུང་སེར་ཟླ་གཤིས་གདུང་སྲས་ལོ་ངོ་གཉིས་ནས་གཤེགས་པ་གཅིག་བཅས་གསུམ་ནི་ཁྲི་རུ་མ་འཁོད་པར་རྐྱེན་ལམ་དུ་གྱུར་བར་གྲགས། ཁྱད་པར་ཟླ་བ་གྲགས་པ་ཞེས་པ་ནི། བསྟན་གཉིས་སངས་རྒྱས་གླིང་པ་དཀར་རུ་རྣམ་པ་ཚང་དུ་བཞུགས་སྐབས་མཁའ་མགྲོའི་བརྡ་ལུང་གནང་བ་དཔའ་བོ་སྟག་གི་ཕྲུ་གུ་དེ། གཉའ་བ་ནས་ཟུངས་མ་གཏོང་ལ། གཡས་ཀྱི་ཕྱོགས་སུ་བཀོད་པར་གྱིས། ཞེས་སོགས་ཀྱི་དགོངས་གཞིར་བླངས་ནས་ངོས་འཛིན་གནང་བའིཟླ་སྤྲུལ་སྐུ་ཐོག་དང་པོ་སྟེ། སྟག་ལས་ཐུགས་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་རྒྱལ་མཚན་དེ་ཉིད་སྟེ་ཁྲི་རུ་བཀོད་པ་ནས་བཟུང་ཕྱིས་ཀྱི་བླ་རབས་མཐའ་དག་ལ་ཟླ་བ་གྲགས་པ་ཞེས་པའི་གསང་མཚན་འདི་འབུལ་སྲོལ་ཡོད་ལ་སངས་གླིང་དེ་ཉིད་ཀྱིས་བསྟན་པའི་བཀའ་སྲུང་དུ་ཡུམ་ཆེན་སེང་གདོང་ཁྲོས་མ་བསྐོས་ཤིང༌། ཐུན་མིན་གྱི་ཅོད་པཎ་ཞྭ་དམར་གཅིག་གནང་བ་ཡོད་དེ། སངས་གླིང་རང་རྣམ་ལས། ཞྭ་དམར་གསེར་གྱི་ཧ་རིས་ཉེར་ལྔ་དེ། འགྲོ་བའི་དོན་མཛད་སེམས་དཔའ་ཉེར་ལྔ་ཡི། ཞྭ་དམར་འདི་འཆང་འགྲོ་དོན་རྒྱ་ཆེན་འབྱུང༌། ཞེས་པའི་མཁའ་འགྲོའི་བརྡ་ལས་གནང་བའི་ཞྭ་འདི་ཡི་ངོས་སུ་སྟག་ལའི་ཐུགས་སྤྲུལ་སེམས་དཔའ་ཟླ་བ་གྲགས་ཞེས་ཡིག་འབྲུ་གཟབ་གཤར་སེར་པོའི་ཚེམ་གྲུབ་ཅན་གསལ་བར་ཡོད་པ་ད་སྐབས་རང་དགོན་དུ་བཞུགས་ཡོད། འདི་རྣམས་རང་དགོན་དུ་ཕེབས་པའི་སྐྱེས་ཕྲེང་ཙམ་ལས་ཕྱོགས་ཀུན་ཏུ་སྤྲུལ་བསྒྱུར་སྣ་ཚོགས་མཛད་པ་རྣམས་ནི་བརྗོད་མི་སྤོབས་སོ།། དབལ་བོན་སྟག་ལའི་རྟོགས་པ་ཟློས་པའི་གར།། སྐྱེས་རབས་གཟི་འོད་འཚེར་བའི་མི་ལྷུང་ཕྲེང༌།། སྐྱེ་དགུ་ཡིད་ཀྱི་སྣང་བ་འདྲེན་པའི་དཔལ།། སྐལ་བཟང་མཁའ་རུ་དྲངས་བའི་རྣམ་ཐར་རྨད།། 
      གཉིས་པ་སྐུ་སྐྱེ་བཞེས་ཀྱི་མཛད་པ་ནི། ཟླ་སྤྲུལ་སྐུ་ཕྲེང་བཞི་པ་ཚུལ་ཁྲིམས་དབང་རྒྱལ་ཉིད་དག་ཞིང་དུ་ཕེབས་ཕྱིན། སྐུ་ཕྲེང་སྔ་ཕྱི་གསུམ་དུ་ངོས་འཛིན་བྱུང་ཡང་དགོན་འདིའི་ཁྲི་རུ་འཁོད་པའི་སྐལ་བས་སྟོང་སྟབས། བླ་གྲྭ་དད་སྦྱིན་མཐའ་དག་མྱ་ངན་གྱིས་གདུང་བས་བཟོད་མེད་མནར་སྟེ་སྲུང་མ་ལ་ཚོགས་མཆོད་དང༌། ཡི་དམ་ལ་བསྐང་བཤགས་སོགས་ལོ་ཡི་ཕྲེང་བར་ཕུལ་བས་མཐུ་ཡོངས་སུ་འཛོམས་ཏེ། རྣམ་དཀར་རྫོགས་ལྡན་གྱི་ལང་ཚོ་སླར་ལ་འཕོས་པ་ལྟ་བུའི་ཟླ་གཤིས་སྦས་ལུང་གསང་བའི་ཡང་སྙིང༌། དབྲ་ཁྱུང་སྟག་སླག་ཅན་གྱི་ཁྱིམ་གཞིས་ཁྱད་འཕགས་ཁྱུང་སེར་གདུང་ལས་སོན་པའི་ཡབ་ཆུ་བྱི་ལོ་པ་བསྟན་འཛིན་གྲགས་པ་༡༩༡༢-༡༩༦༡དང༌། ཡུམ་མདོ་ཁམས་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་བྱང་འབྲུ་བླ་མ་གཡུང་གྲགས་རིན་པོ་ཆེའི་སྲས་མོ་མཁའ་འགྲོའི་མཚན་རྟགས་ཀྱིས་མཛེས་ཤིང་ཚེམས་སྟེང་ཨ་ཡི་རང་བྱོན་ཅན་ས་ལུག་ལོ་པ་བདེ་ཆེན་དབང་མོ་༡༩༡༩-༡༩༧༥གཉིས་ཀྱི་སྐུ་སྲས་སུ། ས་འཛིན་དཀར་པོའི་དབལ་སོ་རབ་ཏུ་བརྗིད་པའི་ཡང་སྙིང་མདོ་དབུས་ཁམས་གསུམ་ཞེས་གྲགས་པའི་ནང་ཚན་ཁམ་རྔུལ་རྫ་ཟལ་མོའི་སྒང་སྟོད། སུམ་པ་གླང་གི་གྱིམ་ཤོད་ཀྱི་དབུས། ཁྱུང་དཀར་དཔལ་གྱི་སྟེང་ཆེན་གྱི་ས་ཁོངས་བྱང་ཆུ་བསིལ་ཆབ་སྔོན་མོ་འཁྱུག་འགྲོས་བགྱི་བའི་གཡོན་ཟུར། ཕོགས་རེས་ཞེས་པའི་ས་སྟེ། སྔར་དཀར་རུ་རྣམ་པ་ཚང་གི་ལོ་ཕོགས་དང་ཟླ་ཕོགས་འཇལ་དགོས་པའི་འགངས་ཆེན་གྱི་དུད་ཁྱིམ་དེའི་མིང་ས་རུ་ཐོག་པ་བྱང་འབྲུ་ཕོགས་རེས་ཚང་དུ། རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་༡༩༤༠ལོ་ཡི་དཔྱིད་དུས་ཉི་མ་མེ་བཞི་འགྲུབ་སྦྱོར་གྱི་ཉི་དྲོས་སྦྲུལ་གྱི་ཕྱི་ཆ་བདུད་རྩིའི་ཐུན་མཚམས་བཀྲ་བའི་དུས་བཟང་དེར། མཁའ་ལ་གཞལ་འོད་ཟླུམ་གཟུགས་ནར་མོ་སོགས་རྣམ་པར་བཀྲ་ཤིང༌། གནམ་གཤིས་དྭངས་ལ། ཉི་འོད་གསལ་བ། ཆར་ཟིམ་གྱི་མེ་ཏོག་ས་རུ་བཞད་ཅིང༌། སྣ་ལྔའི་འཇའ་འོད་ཤར་མོས་ཀོ་དགོན་འདུ་ཁང་གི་རྩེ་མོ་ནས་འཁྲུངས་གཞིས་ཕོགས་རེས་བར་ལུ་གུ་རྒྱུད་དུ་སྦྲེལ་བ། གཡུ་བྱ་ཁུ་བྱུག་ཕྱོགས་བཞིར་བབ་ནས་གསུང་ལྷང་ལྷང་གསུམ་གསུམ་དུ་བསྒྲགས་པ་ལ་སོགས་དགེ་མཚན་བསམ་ལས་འདས་པ་ཐུན་མོང་གི་ཡུལ་དུ་གྱུར་བའི་ངང་ནས་གཟུགས་སྐུ་སྐྱེ་འགྲོའི་དཔལ་དུ་སྐུ་ལུས་སྟག་རིས་ཀྱི་ཤ་ཚོན་དང་ལྡན་པར་བཞད་པས། ཀུན་གྱིས་ཟླ་སྤྲུལ་ཡང་སྲིད་ཕོགས་རེས་ཚང་དུ་འཁྲུངས་སོང་ཞེས་ཁ་དམར་བཟང་པོ་གདགས་སོ། །དེ་ནས་ཞག་གསུམ་ལོན་པ་ན་རི་ཁྲོད་རྩ་བའི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་ཉིད་གདན་དྲངས་ཏེ་རྟེན་ཞལ་མཛད་པ་དང་སྐུ་ཁྲུས་གསོལ་ཏེ་རྟེན་དར་གྱི་ཚེ་མདུད་གཅིག་མཛད་ཅིང་གནང་བས་སྐུ་སྲས་ཀྱིས་ལམ་སེང་ཕྱག་བསྲིང་ནས་བསྣམས་སོང་བ་ན་ཀུན་ཡ་མཚན་ནས་འདི་ཅི་ཞིག་རེད་ཅེས་གླེང་བས། རྩ་བླའི་ཞལ་ནས། སྲས་ཅུང་འདི་ཁྱད་པར་འཕགས་པའི་སྐྱེས་བུ་ཞིག་མངའ་བས་ཁྱེད་ཚོས་གོས་བཙོག་དང་ཟས་བཙོག་ཡག་པོ་འཛེམས་དང་ཁྱོད་དུད་གཉིས་ལ་ཕན་ཐོགས་ངེས་ཡིན་ཞེས་གསུངས་པར་གྲགས། ཕྱག་མདུད་དེ་ཉིན་གཅིག་རིང་མ་ལྷོད་པར་བསྣམས་སྐད། དེ་ནས་ཞལ་གྲགས་ཤེས་ཙམ་ནས། ང་ཀོ་དགོན་བླ་མ་ཡིན། ང་ཀོ་དགོན་ལ་འགྲོ་དགོས་ལ་སོགས་ལན་མང་གསུངས་མྱོང་ལ་དགོན་གྱི་གྲྭ་པ་དག་མཐོང་ནས་འདི་ངའི་གྲྭ་པ་རེད་ལ་སོགས་སྔར་གནས་རྗེས་དྲན་གྱི་གཏམ་ལན་མང་གསུངས་པར་གྲགས། དགོན་གྱི་ཡང་སྲིད་རྩད་འཚོལ་པ། བན་གྲགས་བཀྲ་ཤིས་རྡོ་རྗེ་དང༌། རྒྱུ་ནེ་གཡུང་དྲུང་དབང་རྒྱལ། ཤོ་མཚམས་ཤེས་རབ་གྲགས་པ་དག་གིས་བཀའ་བགྲོས་ཏེ། རི་ཁྲོད་རྩ་བའི་བླ་མ། ཞེ་བཟོད་པ་རྒྱལ་མཚན། གམ་མཁའ་འགྲོ་སོགས་ལ་གསང་ལུང་ཞུས་པས་ཟླ་སྤྲུལ་ཡང་སྲིད་འཁྲུལ་མེད་དུ་ངེས་པ་ཀུན་ཞལ་མཉམ་ལ་སྐུ་གོང་མའི་རྟེན་དང་ཕྲེང་བ་སོགས་གང་བསྟན་ངོས་འཛིན་སླད་མེད་བྱུང་ཡང༌། འབངས་སྡེའི་སེམས་ཅན་ཀུན་ལ་ལྡོག་མེད་ཀྱི་ངེས་ཤེས་འདྲོང་ཕྱིར་དུ་རི་ཁྲོད་རྩ་བའི་བླ་མ་དང་སྨོན་རྒྱལ་ནམ་མཁའ་གྲགས་པ་རྣམ་གཉིས་དབུ་བཞུགས་ཐོག་གེ་ཁོད་གསང་དྲག་གི་ཁྲི་ཚོགས་ཕུལ་བའི་འཇུག་ཏུ། གསེར་བུམ་དཀྲུགས་ཤིང་མཚན་རྟགས་ཟབ་མོ་མཁའ་རུ་འཕགས་པས་ཀུན་གྱིས་ལྷ་རྒྱལ་གྱི་ང་རོས་ཁེངས་བར་བྱས། དེ་ནས་ཡབ་གཞིས་སུ་བསླུ་ཆ་ལན་འགའ་ཞུས་པས་སྐུ་སྲས་དེ་ལས་མེད་རྐྱེན་ཞལ་མ་གསལ་ཡང༌། ཁོང་གི་མ་ཡུམ་གྱི་ཡུམ་ཆེན་སྦ་གཟའ་རིན་ཆེན་དཔལ་སྒྲོན་གྱིས་ཐུགས་ཐག་ཆོད་པོས། བླ་མ་སྤྲད་དང་མི་སྤྲད་ང་དབང་ཆེ། བླ་མ་བསླུ་ཆ་སྤྲད་རྒྱུ་ཡིན་ཞེས་ཞལ་བཞེས་གནང་བས། ཡབ་གཞིས་ནས་ཀྱང་མོས་མཐུན་བྱུང་དེ། བན་གྲགས་དང་མི་གྲགས་འགའ་ཟླ་གཤིས་སུ་ཕེབས་ནས་སྤྲུལ་སྐུ་ལ་གོས་ཆེན་སེར་པོའི་ན་བཟའ་དང་གོས་དྲུག་ལ་སོགས་གསོལ་ཏེ་དཀར་མངར་མཆོད་པའི་མནྚལ་སྣ་ཚོགས་ཕུལ་ཞིང་གུས་ལུགས་ཚུལ་ལྡན་གྱིས་རྩ་བླའི་འདུ་ཤེས་སུ་བཟུང་ནས་བདག་ཏུ་བྱས་པའོ།། ཟླ་བ་ལྟར་དཀར་ལྷག་བསམ་བཟང་ལྡན་ངང༌།། བ་ལང་ལས་དམན་ཉམས་ཐག་མཐའ་ཡས་པ།།གྲཊ་སྙན་ཆཊ་སྡང་མ་ལགས་རབ་དྲངས་མཁན།། པ་སངས་ལས་དཀར་རྩ་བླ་དམ་པ་རྒྱལ།།
གསུམ་པ་ཁྲི་སྟོན་གྱི་སྐོར་དང་ཕྱིན་གྱི་མཛད་པ་ནི། དམ་པ་ཉིད་དགུང་གྲངས་བདུན་སྟེ་སྤྱི་ལོ་༡༩༤༦ལོར་དབྱར་དུས་ཟླ་བ་ལྔ་པའི་ནང་གཟའ་སྐར་འཕྲོད་སྦྱོར་གྱི་རྟེན་འབྲེལ་ཀུན་ནས་བཟང་བའི་དུས་དེར་ཁྲི་སྟོན་གྱི་མཛད་སྒོ་སྤེལ་བ་སྟེ། དཀར་རི་སྟོད་ལྡིང་ཕྱད་བཅུ་དང་དཀར་སྨད་ཟླ་གཤིས་ཤིང་རོང་སོགས་ཀྱི་དུད་མི་རེ་དང༌། སོ་བ་སོ་དགུའི་འདིང་དཔོན་མི་གྲགས་སོགས་མི་རྟ་སྟོང་ཕྲག་ལས་བརྒལ་བས། གཟབ་འཆོས་མཛེས་སྤྲས་ཀྱི་མཆོད་སྤྲིན་དྭངས་བའི་སྒོ་ནས་ཆིབས་བསུའི་མདའ་དར་རོལ་མོ་སྣ་ཚོགས་ཀྱིས་བརྒྱན་ཞིང་ཡུམ་གཞིས་ཕོགས་རེས་ནས་བྱང་ལུང་ཟམ་མདོ་བསྐོར་ཏེ་ཡར་ཕེབས་ལ་ཕེབས་ལམ་གཡས་གཡོན་དུ་རྩ་གསུམ་དགྱེས་པའི་བསང་མཆོད་དང་རེ་ཡའི་མཆོད་རྟེན་སྒང་སྦྲ་འགོ་རྫོང་མཆོག་འབུར་འགོ་སོགས་སུ་གསོལ་ཇ་དཀར་མངར་སྣ་ཚོགས་འདེགས་འབུལ་བྱས། དེ་ནས་དགོན་གྱི་ལྕགས་རིའི་སྣེ་མོ་གདོང་འཇུག་ཟེར་སར་ཕེབས་དུས། མཁའ་ལ་གཞའ་འོད་ཀྱི་གུར་ཕུབ་སྟེ་ཁ་བའི་མེ་ཏོག་འདབ་མ་དྲུག་ལྡན་དང་བརྒྱད་ལྡན་སོགས་རིགས་མི་འདྲ་བ་དུ་མ་ཆར་དུ་སྙིལ་བ་དང༌། ས་ལ་བསང་དུད་ཀྱི་གཡང་འཁྱིལ་ཞིང་དུད་ཞགས་གཡུང་དྲུང་མུ་འབྲེལ་གྱི་ཀློང་ནས་མཆོད་སྤྲིན་དང་གསོལ་འདེབས་ཀྱི་སྙན་པའི་དགེ་མཚན་མུ་མཐར་ཁྱབ་པ་དང༌། བསླབ་གསུམ་འདུས་པ་སེར་ཕྲེང་གིས་ལྷ་རེག་འཕན་གདུགས་རྔ་གཤང་སྙན་གླིང་སྟག་སེང་གར་བསྒྱུར་སོགས་བཀྲ་རྟགས་མཆོད་སྤྲིན་སྣ་ཚོགས་ཀྱིས་ཀོ་དགོན་འདུ་ཁང་རྙིང་པ་ཉམས་འཕེལ་གླིང་དུ་སྤྱན་དྲངས་བའོ། །ཕྱི་ཉིན་རྒྱལ་ཕུར་འཛོམས་པའི་འགྲུབ་སྦྱོར་བདུད་རྩི་ཐུན་མཚམས་དང་བསྟུན་དེ་གསས་ཁང་བདེ་ལྡན་བཀོད་ལེགས་ཀྱི་དབུས་སུ་འགྱུར་མེད་གསེར་གྱི་ཁྲི་འཕང་ལ་བཀོད་ཅིང་དབྲ་སྤྲུལ་དྲི་མེད་འོདཟེར་གྱིས་ཚིགས་སུ་བཅད་པའི་གསོལ་འདེབས་ཕུལ་བ་དང༌། རྩ་བླ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་ཞེས་གསང་བའི་མཚན་གྱི་ཅོད་པཎ་དུ་བསྩལ་ཞིང༌། ག་ཟི་རྣམ་དག་སོགས་མཁས་འཛངས་དུ་མས་སྟོང་གསུམ་མནྚལ་གྱི་བཀོད་པ་ཕུན་ཚོགས་ལྔ་ལྡན་གྱི་རྣམ་བཤད་སོགས་དབྱངས་བདུན་མགྲིན་པར་འབྱོར་བའི་བཤད་པ་རིམ་གྱིས་ཕུལ་ལ་དགོན་སྡེ་ཁག་ནས་དབུ་བཟུང་ཤོག་ཁ་དང་དཔོན་སྡེ་སོ་སོས་ཁྲི་འབུལ་བརྒྱ་ཚན་དགུ་ཚན་སོགས་ཚན་པ་སྣ་ཚོགས་དངོས་སྣང་སྤྲུལ་བསྒྱུར་སྒོས་འདོད་ཡོན་སྤྲིན་གྱི་ལྷུན་པོ་ལྟར་དམིགས་མེད་དུ་ཕུལ་ནས་དད་གསུམ་མི་ཕྱད་པས་མཇལ་ཁ་ཞུས་པའོ།། སྲིད་པའི་དཔལ་ཀུན་མི་དབང་ཆོས་ཀྱིས་མཛད།། འབྱུང་བའི་དགེ་མཚན་མི་མིན་ལྷ་ཡིས་བསྟན།། ཁྲི་སྟོན་བསུ་མའི་རྟེན་འབྲེལ་ཟབ་མོ་འདིས།། བསོད་ལྡན་སེམས་ན་འགྱུར་མེད་དད་དམ་བཞག
      ལོ་དེའི་སྟོན་ཁར་ཡ་ཁུག་ཐང་དུ་གོང་པ་ཚང་གི་འབྲོག་པར་བཞུགས་སྐབས་ཉིན་ཞིག་སྤྲུལ་སྐུ་གར་ཕེབས་མ་ངེས་པས་མ་ཡུམ་དང་ཨ་སྲུ་དག་ངུ་སྒྲ་འབྱིན་བཞིན་ཆུ་རྒྱུད་ནས་ཡར་མར་བཙལ་བས་བླ་ཆུང་ཆུའི་ཕ་རོལ་ཨ་ཙ་ར་སྣ་ཟེར་ས་དེ་ནས་མར་ཕེབས་ཡོངས་ཤིང་ཚང་མས་ཀི་འབོད་བྱེད་བཞིན་ཚུར་གདན་དེ་ཁྱེད་ཆུ་བོ་ཆེན་པོ་འདིའི་ཕ་རོལ་ལ་ཇི་ལྟར་བྱས་ནས་ཕེབས་སམ་ཞེས་དྲིས་དུས། ང་ཀོ་དགོན་ལ་འགྲོ་བསམ་ནས་ལག་གཉིས་གཡུག་གཡུག་བྱས་པས་འདིར་སླེབས་སོང༌། ཀོ་དགོན་མཐོང་གི་མི་འདུག་ཁྱེད་ཚོ་ངུ་ནས་ཅི་བྱེད། ངས་ཁྱོད་ཚོར་བོས་ཀྱང་ཡ་བྱེད་ཀྱི་མི་འདུག་ཀོ་དགོན་བླ་མ་བྱ་ལྟར་འཕུར་སོང་ཧ་ཧ་གསུངས། དེ་ནས་དགུང་ལོ་བརྒྱད་དགུའི་སྐོར་ལ་ཡོངས་འཛིན་བསོད་དགའ་ནོར་བུ། ཁྱུང་པོ་བསོད་ནམས་རིན་ཆེན། འགུ་དྲག་སོགས་ཀྱིས་དབྱངས་གསལ་འབྲི་ཀློག་དང་སུམ་རྟགས་དག་གསུམ་སོགས་ཀྱི་ཡོན་ཏན་རིམ་གྱིས་ཕུལ་བ་དང༌། དེ་ནས་དགུང་ལོ་བཅུ་བཞིར་ཕེབས་སྐབས་རི་ཁྲོད་རྩ་བའི་བླ་མར་བསྟེན་ཏེ། ཕྱི་ནང་གི་སྔོན་འགྲོ་ལ་བློ་སྦྱང་དང་བསགས་སྦྱང༌། འཕོ་ཁྲིད་རྩ་རླུང་རང་སྤར་གཞན་སྤར་སོགས་མྱོང་བ་ལྡན་པར་མཛད་པ་དང་རིག་འཛིན་གསང་སྒྲུབ་དབལ་གསས་དབང་སོགས་ཞུས། ག་ཤེལ་ཁྲི་ཆེན་གྱི་གམ་ནས་ཁྲོ་བོ་དབང་ཆེན་དང་མགར་ཕུར་སོགས་དབང་ཁྲིད་སྣ་ཚོགས་ཐོབ། མཛོ་བྱ་བྲལ་ལམ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱི་མདུན་ནས་སྲིད་རྒྱལ་དྲེལ་དམར་ནག་གི་དབང་ལུང་ཞུས་པ་དང་བཀའ་གཏད་མཛད་ཅིང་ཟབ་གདམས་མང་པོ་ཐོབ། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་དང་གསས་མཁར་མཆོག་ལྔའི་དབང་སོགས་ཐོབ། སྟག་ཞིག་སེང་གེ་ཉི་མའི་མདུན་ནས་བཀའ་བརྒྱད་ཀྱི་ཁྲིད་དབང་ཞུས། སྙན་གཏེར་མངའ་བདག་ཡབ་མཆོག་བསྟན་གྲགས་རིན་པོ་ཆེའི་མདུན་ནས་བདེ་གླིང་བཀའ་དང༌། སྨོན་ལམ་རིན་པོ་ཆེའི་བྱང་ཁྲིད། སྟག་སླག་ཅན་གྱི་བཀའ་གཏེར་དག་གི་ཁྲིད་ལུང་དང་དབང་སོགས་ཞུས་ནས་ཐུགས་རྒྱུད་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་གྱིས་ཡོངས་སུ་ཕྱུག་པར་གནང༌། དགུང་ལོ་བཅོ་བརྒྱད་ཐོག་སྨོན་རྒྱལ་བླ་བྲང་གི་སྨན་སྒྲུབ་ཁར་རྩ་བླ་ཚུལ་ཁྲིམས་རྒྱལ་མཚན་དང་སྟག་ཞིག་སེང་གེ་ཉི་མ་སྐུ་ཞོག་ཉི་མ་བསྟན་རྒྱལ་རྣམ་གསུམ་གྱི་དྲུང་ནས་གཙང་སྡོམ་བཞེས་ཏེ་བསླབ་གསུམ་བསྟན་པའི་བདག་པོར་གནང༌། དེའི་སྐོར་གྱི་གསང་བའི་མཛད་རྣམ་ཐོར་བུ་ཞིག་འགོད་ན། ལོ་ཞིག་ཡུལ་ལུང་ཐན་ཚན་ཀྱིས་ཁྱེར་བས་བྱང་སྡེ་ཤོག་གསུམ་མས་གདན་ཞུས་ལྟར། རྟ་ཐུལ་བོན་རྒན་རྩར་ཕེབས་ཏེ་ཆར་འབོད་གནང་བས། གློ་བུར་དུ་གནམ་ངོ་འཁྲུགས་ཤིང་ཆར་དྲག་ཆེན་པོ་ཞིག་བབ་ནས་ལུང་པ་སྐམ་སེལ་གྱི་བདུད་རྩིར་སྣུམ་པོར་གྱུར། ཞབས་ཕྱི་བ་རྣམ་རྒྱལ་བསོད་ནམས་དང་ལྷན་རྩེད་མོར་གཡེང་བཞིན་རྐང་ཐང་དུ་མར་ཕེབས་པས་བླ་ཆུང་རྡོག་སྣ་འཐོག་ནས་སར་རྒྱབ་པ་དང་ཕྱག་གིས་རྡོ་ཞིག་གླུད་ལྟར་བཅངས་ནས་བསྣམས་ཕྱིར་ཀུན་ཡ་མཚན་བཞིན་རྒྱུ་ནེ་མཚམས་རྒན་ལ་བསྟན་པས་དད་རྟེན་དུ་ཐུགས་རྩ་གནང་སྐད། དགུང་ལོ་བཅོ་བརྒྱད་ལ་ཕེབས་ལོར། ཟླ་གཤིས་བླ་མ་ཚང་གི་སྦྱིན་བདག་ཆེན་མོ་ཤིང་རོང་ནང་མ་ཚང་ཟེར་བ་དེར་ཡབ་བསྟན་གྲགས་རིན་པོ་ཆེ་སྤྱན་འདྲེན་དུ་སླེབས་པས་ཁོང་ལོ་ཀེག་ལ་ཕེབས་རྐྱེན། སྤྲུལ་སྐུ་མངགས་གནང་སྟེ། ཞབས་ཕྱི་ཡོངས་འཛིན་བསོད་དགའ་ནོར་བུ་དང༌། གཡོ་ཤོད་རྣམ་རྒྱལ་བསོད་ནམས། ཁྱུང་པོ་བསོད་ནམས་རིན་ཆེན་གསུམ་ཕེབས་ཤིང༌། སྦྱིན་བདག་ཚང་ལ་ཕུར་པའི་ལས་མཐའ་དགོས་པར་ལུང་བསྟན་ནས། དེ་ལྟར་མཛད་པས་བསད་ལས་འཇུག་ཏུ་ཁོང་ནས་ཁྱོད་ཚང་ལ་གཞན་སྡེ་བརྣག་པ་ཅན་གྱིས་གཏད་སྦས་པ་ཆུ་བདག་རྫོང་རྩ་རུ་ཡོད་པས་ཚུར་ཁུར་ཤོག་གསུངས་ཏེ་ས་བསྟན་མི་མངགས་པ་ན། ཡར་སློག་དུས་གཏད་རྭ་ཁ་ཕྱེ་འདུག་ཕྱིར་ཚང་མ་ཧ་ལས་ཏེ་གཏད་བླ་མས་བླངས་ཚར་འདུག་ཟེར་ནས་དད་དམ་སླར་ལ་འཕེལ་སྐད། ཕྱིན་བླ་ཁྲི་ཤིང་རོང་དུ་ཕེབས་སྐབས་ཁྱོད་ཚང་ལ་གཏད་གསུམ་འདུག་ཀྱང་གཉིས་ཟླ་སྤྲུལ་གྱིས་དགོངས་པས་བླངས་ཟིན་སོང་གསུངས་ནས་གཏད་གཅིག་ཁོང་རིག་གིས་བླངས་སྐད། དེའི་སྐོར་ལ། མོ་ལུང་གང་ཞུས་ཀྱང་ཤོ་ཕྲེང་ལ་མི་བརྟེན་པར་ཐད་ཀར་གསུངས་གནང་བས་ཀུན་གྱི་མངོན་ཤེས་ཅན་གྱི་སྤྲུལ་སྐུ་རེད་ཟེར་ནས་ཚང་མ་དད་འཁོར་དུ་གྱུར། དེ་ནས་དགུང་ལོ་ཉི་ཤུ་སྟེ་སྤྱི་ལོ་༡༩༥༩ལོའི་འཇུག་ཏུ་དམངས་གཙོ་བཅོས་བསྒྱུར་ཞེས་པའི་དུས་ཟིང་ཆེན་པོ་དེ་ཤར་ནས་བླ་དཔོན་མི་དྲག་མཐའ་དག་འགོ་འཇུག་སློག་པའི་སྐབས་སུ། དཀར་རུའི་དམག་སྤྱི་བྲག་དམར་འདིང་དཔོན། རི་ཁྲོད་བླ་མ་གཡུང་དྲུང་རྒྱལ་མཚན། སྨོན་རྒྱལ་བླ་མ་ནམ་མཁའ་གྲགས་པ། ཀོ་དགོན་བླ་མ་རིན་ཆེན་ཕུན་ཚོགས་བཞི་པོ་མངའ་བདག་ཆེ་གསུམ་གྱི་བྱེད་གཏེ་ཡིན་ཞེས་ཉེས་བྱས་རྣམ་གྲངས་བརྒྱ་སྐོར་བསྒྲིག་ནས་ཁྱབ་བསྒྲགས་བྱས་ཏེ། འཐབ་རྩོད་འཚོགས་ཆེན་སྤེལ་བས་རང་སྡེ་རིགས་གཅིག་གི་ཡར་ཐོན་ཅན་གྱི་དཔོན་འགའ་དང༌། ཧུར་བརྩོན་ཆེ་བའི་བུད་མེད་འགའ་གདོང་ལ་བུད་ནས། མགོ་ཡི་སྐྲ་བཅད། ལུས་ཀྱི་གོས་དབྲལ། ཁ་རུ་སྐྱག་གཅིན་གང་བྱུང་བླུད། རྡོ་དང་རྡོག་ཐོ་ཅི་བྱུང་བཞུ་བ་སོགས་འཐབ་རྩོད་སྤྱོད་ངན་གང་ནུས་བྱས་པས་ལན་མང་བརྒྱལ་ཞིང་མགོ་ལུས་ཁྲག་དམར་ནང་བཏོན་པ་ལྟར་བྱས་ཏེ་སྟེང་དགོན་བཙོན་ཁང་དུ་ཡར་བསྐྱལ་བས་མཚན་དེར་བྲག་དམར་འདིང་དཔོན་ན་ཟུག་གིས་མ་བརྟེན་བར་སྐུ་གཤེགས་སོང༌། དེ་ལྟའི་འཐབ་རྩོད་ཐེངས་མང་མྱོང་མཐར་ལོ་གྲངས་བཅོ་བརྒྱད་ལ་བཙོན་འཇུག་དགོས་པར་ཐག་བཅད་ནས་སྟེང་ཆེན་དུ་ལོ་གཉིས་ལྷག་ཉར་ཏེ་སྤོ་བོ་བཟུང་སྣར་ཁྲིད་ཅིང་ཞིང་ལས་བསྒྱུར་བཀོད་གནང་བའི་ཚེ་ལྟོ་སྡུག་གོས་སྡུག་གི་འཚོ་བ་བཤད་མི་ཕོད་པ་མྱོང་བར་གསུངས། དེའི་ཚེ་ཁྲོ་རུ་ཚེ་རྣམ་སར་སུམ་རྟགས་སྒྲ་སོགས་ལྐོག་ཏུ་སྦྱང་བ་གནང་བ་དང༌། བོད་པ་ཡིག་མཁན་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་གམ་ནས་བོད་བྲིས་སྣ་ཚོགས་སློབ་པས་བྲིས་ཀྱི་སློབ་དཔོན་དུ་གྱུར། ལོ་ཞིག་ཁོང་ལ་ཕོ་ཚད་ཀྱི་སྙུང་གཞི་ལྩི་མོ་ཞིག་བཞེས་ནས་གཟིམ་སར་ལྷུང་སྐབས་སྨན་བཅོས་གནང་བའི་སྨན་པ་དང་བཙོན་གྲོགས་སོགས་ཀྱིས་མཐོང་སར་ཉིན་གསུམ་རིང་གཟིམ་མལ་དུ་མེ་འབར་ཞིང་སྐབས་རེར་སྟག་ཞིག་ཁྲ་གོར་རེ་ཉལ་བ་མཐོང་བ་དང༌། ཁོང་གི་མལ་གོས་ཕྱི་རུ་རེག་མི་བཟོད་པར་འཚིག་འགྲོ་བའི་ཚོར་སྣང་སྟེར་ཞིང་ཚང་མ་ཡ་མཚན་ཆེན་པོས་བླ་མ་སྐུ་གཤེགས་འགྲོ་བ་མིན་ནམ་ཟེར་ཡང་སང་དྲག་ཏུ་ཕྱིན་པའོ། །དེའི་སྐོར་ལ་སྐྱང་ཚང་གྲྭ་རྒན་རྣམ་དག་གིས་ཟས་རིགས་ཅི་སྙེད་ལྐོག་ཏུ་ཕུལ་བས་རླུང་བཅོས་ལ་ཕན་ཐོགས་ཆེན་པོ་བྱུང་གསུངས། ༡༩༧༨ ལོར་བཙོན་ནག་ལས་ཀློད་བཀྲོལ་ཐོབ་སྟེ་ཏྲི་ཀོང་མཛད། ༡༩༧༩ ལོར་གཞིས་བསྐོར་ལ་ཕེབས་སྐབས་སྤུན་ཟླ་ཕུན་ཚོགས་རྣམ་རྒྱལ་སྐུ་གཤེགས་པའི་གདུང་འདེབས་མཆོད་འབུལ་ཞུས། ༡༩༨༢ལོར་ཏྲི་ཀོང་ལས་ཐར་ནས་ཚུར་ཕ་ཡུལ་དུ་ཕེབས་པ་དང་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཁྲིམས་ལག་བསྟར་དོན་འཁྱོལ་བྱུང་བའི་ཁོང་ཉིད་ཟླ་གཤིས་བ་མི་རྟ་དུ་མ་དང་བཅས་རྩེ་དྲུག་ཤེལ་བྲག་གླིང་དུ་ཕེབས་ཤིང་བསྐོར་ལམ་ཕྱོགས་བཞིར་འཕར་ཆུང་ལན་གསུམ་གསུམ་བསྒྲགས་ནས་དགོན་གྱི་བཟོ་དབྱིབས་བྲིས་ཏེ་བྲག་ངོས་སུ་སྦྱར་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་སྨོན་ལམ་བཏབ་སྟེ་ཨ་ཀྱོ་བ་དག་གིས་བསྔོ་འབྲས་ཕུལ་བའི་སྒོར་ཉིས་བརྒྱ་དེ་དགོན་པ་བཞེངས་པའི་བསྟན་རྩ་རུ་བཞག་པའོ།། སྨག་གི་སྡོང་དང་འགྲོགས་པའི་མཁའ་ཡི་གླང༌།། འཛམ་གླིང་མུན་པར་བརྫོང་ལ་རབ་ཆས་ཤིང༌།། ཉི་ཟླའི་མདངས་འོད་གཡོག་པའི་འདུ་བྱེད་དེ།། ལས་དབང་རླུང་ཤུགས་གཅིག་གིས་སེལ་བར་བྱུང༌།།
      ལོ་དེར་རྩེ་དགོན་སླར་གསོའི་ཆོག་མཆན་ཐོབ་པས་༡༩༨༢.༧.༥ཉིན་ས་བསླང་གི་རྟེན་འབྲེལ་མཛད་ཅིང་ཁོང་ཉིད་དགོན་གྱི་ཀྲུའུ་རིན་གཞོན་པ་བསྐོ་བཞག་བྱས། དེ་ནས་ལྷོ་རྫོང་ཤིང་རོང་རི་བོ་ཆེ་སོགས་སུ་ཤིང་ཆའི་དོན་དུ་ལན་མང་བྱོན་པ་དང༌། དཀར་རུ་སྟོད་སྨད་དག་ལ་ས་ལས་ཨ་སྤོའི་ཆེད་དུ་ཕེབས་པ་སོགས་མདོར་ན་༡༩༨༢- ༡༩༨༥ལོའི་བར་ཤི་གསོན་གང་གི་འབྲེལ་འཇོག་བྱས་པའི་མཆོད་ཆས་རྟེན་གསུམ་སོགས་སྐམ་རློན་གྱི་འབུལ་བ་ཅི་བྱུང་བསྟན་བཞག་གནང་ནས་འདུ་ཁང་ཀ་བ་སོ་དྲུག་མ། སྒོམ་གྲྭ་ཀ་བཞི་མ། ཇ་ཁང་གྲྭ་ཤག་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་མཐའ་དག་བསྐྲུན་པའི་གཙོ་འགན་བཞེས་ནས་བཞེངས་པའོ།། ༡༩༨༣ལོར་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྐོ་བཞག་བྱས༡༩༨༥ལོར་རང་བསྟན་ཀུན་གྲགས་གླིང་བསྐྱར་གསོའི་ཆོག་མཆན་ཐོབ་པས་རྗེ་ཉིད་ཡར་ཕེབས་ནས་ ༡༩༨༥.༤.༢༦ཉིན་ས་བསླང་རྟེན་འབྲེལ་བྱས་ཏེ་སླར་གསོའི་དབུ་བརྩམས། ལོ་དེར་རྒྱལ་བའི་བཀའ་འགྱུར་ཆེན་མོ་གདན་འདྲེན་དུ་ཁྲིན་ཏུར་ཕེབས་ནས་ཁྱུང་པོ་ཁོག་ཏུ་བཀའ་འགྱུར་ཆ༤༢གདན་དྲངས་པའོ།། ༡༨༨༧ལོར་ཤིང་རོང་ཁེ་བ་འཆི་མེད་གཙོས་ཤིང་བཟོ་དྲུག་བདུན་དང་ཟླ་གཤིས་བྱང་གཞུང་བཅས་ནས་ཤིང་བཟོ་ཁྱོན་བཅུ་དྲུག་ཙམ་གྱིས་འདུ་ཁང་གློ་འབུར་སོགས་ཀྱི་ཤིང་བརྩེགས་བཞོག་པ་ནས་བཟུང་རྗེ་ཉིད་ཐུགས་བཀོད་ཡིད་བཞིན་ལྟར་དུ་གང་མཛེས་ལྷུན་ལ་རྫོགས་པའི་དཔལ་དང་ནོར་རྫས་གང་དགོས་དུས་སུ་འཇོ་བའི་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་བའི་མཐུས་འདུ་ཁང་ཐོག་བརྩེགས་བཞི་ལྡན་གྱི་ཕྱི་ནང་ཤིང་གི་བརྐོས་དཀྲོལ་མཐའ་དག་དད་དམ་ལྷག་བསམ་དཀར་བའི་དབུ་འཆི་མེད་ལགས་ཀྱི་ཕྱག་རྩལ་ལས་འཁྲུངས་པ་ཁོ་ན་དང༌། གྱང་ངོས་ཀྱི་ལྷ་ཡི་ལྡེབས་རིས་ཡོངས་རྫོགས་ཁྱུང་པོའི་ལྷ་དབུ་ལྡོང་མདོ་རྣམ་ཚང་གི་པིར་རྩེ་ལས་བྱོན་པ་ཤ་སྟག་ཡིན་ཞིང༌། གསེར་གདུང་གསེར་སྐུའི་ཉམས་རྒུ་སྒྲོས་རིས་ཐམས་ཅད་གྲགས་ཅན་ལྷ་མགར་སྡེ་དགེ་ཕ་བུ་གཉིས་དང་རྫ་ཆུ་རྐ་མ་ཆུས་ཡར་ལོ་ཚང་གི་མགར་རའི་སོར་འདབ་ལས་གྲུབ་པ་སོགས་མདོར་ན་འགྲན་མེད་བཟོ་བོའི་འཕྲུལ་རྩལ་དང་ལྷད་མེད་ནོར་གྱི་ཚན་ཁ་སྟུག་པའི་རྟེན་དང་བརྟེན་པ་འདི་རྣམས་སྲིད་པའི་རྒྱན་དུ་འབར་བ་བཞེངས་པའོ།། སྒྱུ་རྩལ་ཟླ་མེད་མངའ་བའི་བཟོ་བོ་ལ།། སྒྱུ་འཕྲུལ་ཐུགས་བཀོད་ཟབ་མོས་ལེགས་བརྒྱན་ཏེ།།སྒྱུ་མའི་ནོར་རྫས་ཕྲ་རགས་ཇི་སྙེད་པ།། སྒྱུ་འཕྲུལ་རྟེན་གྱི་བཀོད་པའི་སྟེང་འདིར་གྲུབ།། ༡༩༨༧ལོར་ཆབ་མདོ་ས་ཁུལ་ནང་བསྟན་ཆོས་ཚོགས་ཀྱི་ཧྥུས་ཀྲང་སྐུ་གཞོན་བསྐོས་ནས་ཟླ་ཕོག་སྤྲད། ༡༩༨༩ལོར་རང་རྒྱལ་གྱི་ཞིང་ཆེན་དུ་མའི་ས་ཁུལ་དྲུག་ཅུ་ཙམ་དང་དགོན་སྡེ་བརྒྱ་ལྷག་ལ་བལྟ་བསྐོར་ཕེབས། ༡༩༩༤ལོར་ས་ཁུལ་ནང་བསྟན་འཐུས་ཚོགས་ཀྱི་འཚོགས་གཙོ་གཞོན་པར་འདེམས། ༡༩༩༦ལོར་རྫོང་མི་དམངས་འཐུས་མི་གནང༌། ༡༩༩༩ལོར་ཀྲུང་གུང་ས་ཨུད་ལྷན་ཚོགས་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཅན་གྱི་མི་སྣའི་མཚན་སྙན་ལག་དེབ་དང་དངུལ་གྱི་བྱ་དགའ་ཐོབ། ༢༠༠༡ ལོར་ནང་བསྟན་འཐུས་ཚོགས་ཀྱི་འཚོགས་གཙོ་བསྐྱར་འདེམས་བྱུང་བ་མ་ཟད་དགོན་སྡེ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ལག་འཁྱེར་དང་དངུལ་བཅས་བྱ་དགའ་ཐོབ། ༢༠༠༢ལོར་ས་ཁུལ་སྲིད་གྲོས་་ཨུ་ཡོན་འདེམས་ཐོན་བྱུང༌། ༢༠༠༣ ལོར་ས་ཁུལ་སྲིད་གྲོས་ཀྲུའུ་ཞི་སྐུ་གཞོན་དྲུང་ཡིག་ཆེན་མོ་རྒྱུན་ལས་ཨུ་ཡོན་འདེམས་ཐོན་བྱུང༌། ༢༠༠༥ལོར་ས་ཁུལ་ནང་བསྟན་འཐུས་ཚོགས་ཀྱི་འཚོགས་གཙོ་གཞོན་པ་དེ་སླར་ཡང་བསྐྱར་འདེམས་བྱུང༌། ༢༠༠༨ལོ་ས་ཁུལ་སྲིད་གྲོས་ཀྱིས་ལོ་རྒྱུས་དཔྱད་ཞིབ་རྩོམ་པ་པོའི་མཚན་སྙན་ལག་འཁྱེར་དང་དངུལ་གྱིས་བྱ་དགའ་ཐོབ།། ༡༩༨༧ལོ་ནས་བཟུང༌། དཔོན་སློབ་རིན་པོ་ཆེ་སྔ་ཕྱི་ཐེངས་བཞིར་ཕེབས་པ་ལ་མཇལ་ཁ་ཐོབ་ཏེ་ཡེ་ཁྲི་མཐའ་སེལ་དང་ཐེག་འགྲེལ་མེ་ལོང་ཞི་གནས་ལག་ལེན་གསང་སྔགས་ལམ་རིམ་སོགས་ཀྱི་ཁྲིད་ལུང་དང་ཚེ་དབང་བོད་ཡུལ་མ་མུན་སེལ་སྒྲོན་མ་དག་གི་དབང་སོགས་ཐོབ་ཅིང༌། མཁན་རིན་པོ་ཆེའི་མདུན་ནས་མེ་རི་བྱམས་མ་གདུགས་དཀར་སོགས་ཀྱི་བཀའ་དབང་མནོས། ༡༩༩༡ ལོར་ནག་རི་མཁན་པོ་བསོད་ནམས་སྐལ་བཟང་རང་དགོན་དུ་གདན་དྲངས་ནས་ཤར་རྫའི་བཀའ་འབུམ་གྱི་ལུང་ཞུས་པ་དང༌། སྒྲུབ་མཁན་རྣམ་གསུམ་ཁྲི་རུ་བཀོད་དེ་སྒྲུབ་གྲྭ་སླར་གསོ་གནང༌། ལོ་དེར་བསྟན་འགྱུར་གྱི་མ་ཡིག་འཚོལ་བསྡུའི་ཐུགས་འགན་བསྣམས་ཤིང་བསྟན་ལ་བཀའ་དྲིན་བསྐྱངས། ༡༩༩༤ལོར་མཚན་ཉིད་སློབ་དཔོན་རྣམ་རྒྱལ་གཙུག་ཕུད་བཀོད་དེ་བཤད་གྲྭ་སླར་གསོའི་དབུ་བཙུགས། ༡༩༩༧ལོར་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་བཙུགས་ཤིང་འགྲོ་ལ་སྨན་གྱི་བདུད་རྩི་སྦྱིན། ༢༠༠༧ལོར་བོན་བརྒྱ་རིན་པོ་ཆེའི་གམ་ནས་དབལ་གསས་དབང་དང་ཁྲིད་ཞུས་པ་སོགས་མདོར་ན་ཕྱིས་ཀྱི་བླ་ཆེན་དུ་མའི་ཞབས་ལ་བཏུགས་ཏེ་དབང་ལུང་ཁྲིད་གསུམ་ངོམས་མེད་རོལ་བ་དང༌། སྐུ་ཚེ་ཧྲིལ་པོར་བསྟན་པའི་བྱ་བ་ཁོ་ནས་དུས་འདའ་བར་གནང་སྟེ་རྗེ་ཉིད་ཀྱི་མདུན་དུ་རབ་བྱུང་སྒྲུབ་པ་བརྒྱ་ཕྲག་དུ་མ་བྱུང་ཡོད་ལ། སྔོན་འགྲོ་དང་དབང་ལུང་སོགས་གང་ཞུས་ཚང་མ་དགྱེས་བཞིན་རྗེས་སུ་བཟུང་ནས་འོ་རྒྱལ་ལ་ཇི་མི་སྙམ་པར་བསྩལ་བ་དང༌། ལྷག་ཏུ་ཤི་གསོན་གང་གི་ཆེད་ལ་གདན་ཞུས་བྱ་སྐབས་རིགས་མཐོ་དམན་རྒྱུ་ཡོད་མེད་ཁམ་གཙང་མིན་སོགས་ཅི་ཡང་མེད་པར་དགྱེས་འཛུམ་ལྷོད་གསུམ་གྱིས་འགྲོ་དོན་གནང་བ་ནི་ཕྱིས་ཀྱི་བླ་སྤྲུལ་ཕལ་གྱིས་ཟླ་དང་བྲལ་བའོ།། དམ་པ་ཉིད་ཐུགས་ཤིན་ཏུ་སྒམ་པས་གསུང་ངག་དམ་ཕྱིར་ལྷ་མཐོང་འདྲེ་འདུལ་གྱི་ཞལ་ལུང་མང་པོ་མཐོང་བ་དཀོན་ཡང་གཤིན་པོ་བདེ་གནས་འགོད་པའི་དགོངས་རྩལ་དང༌། གསོན་པོའི་ནད་རིམས་བཟློག་པའི་ཐབས་ལམ། འབྱུང་བཞི་རང་དབང་བསྒྱུར་བའི་ནུས་མཐུ་སོགས་ཁོང་ལ་མངའ་བ་བཤད་མི་དགོས་ཏེ། དཔེར་ན་རེ་ཡ་གང་པ་ཚང་དུ་བཞུགས་གནང་སྐབས་ཟླ་གཤིས་སྐྱ་ཡག་ཚང་མ་རྒན་ཀྱི་བསྔོ་ཞུས་སླེབས་ཏེ་སང་ཉིན་ཞག་གསུམ་ཡིན་ཕྱིར་རྒྱང་འཕོ་གནང་རོགས་ཞུས་པས། ཕྱི་ཉིན་ནང་མོར་བླ་མས་གསོལ་འདེབས་དང་འཕོ་བ་མཛད་པས་ཕུང་པོ་རྩེ་དྲུག་ལ་ཁའི་བསྐོར་ལམ་དུ་བཀལ་ནས་འགྲོ་བ་དང་ཁེལ་བས་གློ་བུར་དུ་ཕུང་པོའི་མགོ་ནས་ཁྲག་དམར་ཆིལ་ལེར་སར་བབ་བྱུང་བས། རོ་དཔྱད་བྱེད་དུས་ཀ་ལིའི་སྟེང་མཛུབ་མོ་རྒྱབ་ཆོག་པའི་བུ་ག་བུག་པའི་ཀ་ལི་དེ་བླ་མ་རིན་རྒྱལ་གྱིས་ཐུགས་རྩ་གནང་སྐད། དེས་མཚུངས་གཞན་འཕོ་གནང་བས་ཀ་ལི་ཕུག་པ་དུ་མ་བགྲང་དུ་ཡོད། ཡང་རེ་ཡ་འགར་ར་ཚང་དུ་སྟག་ལ་མཚོའི་བུ་མོ་ཞྭ་མོའི་ཞེ་དགུའི་འཇུག་ཏུ་ཀུན་རིག་བྱང་བཞུས་སྐབས་མེ་སྤར་འགོར་སླེབས་པ་ན་བླ་མས་ཕྱག་ནས་གཅིག་གནང་བས་བྱང་བུ་རང་འབར་རྒྱབ་པ་སོགས་དེ་ལྟར་བྱང་ཤོག་རང་འབར་རྒྱབ་པ་དངོས་མཐོང་མང་པོ་ཡོད། ཡང་སྐབས་ཞིག་རྗེ་བླ་མ་ཉིད་རྒྱ་བོ་དཔོན་ལྷ་བསོད་ནམས་བསྟན་འཛིན་ཚེ་ལས་འདས་པའི་བྱང་བཞུས་སུ་ཕེབས་སྐབས། ཕྲན་རང་གི་ཕ་རྒན་ཤོ་ས་བསོད་ཚུལ་དགོན་ཆུ་འཁོར་འགྲམ་ནས་མར་ཡོང་བ་དང༌།རྒྱ་བོ་དཔོན་ལྷ་གསོན་པོ་ཡིན་པས་ཚོར་སྣང་ངང་མཉམ་དུ་སྐད་ཆ་བཤད་བཞིན་འགྲོགས་ཏེ་སོང་། སླེབས་རན་ཁར་ཁོས་གློ་བུར་དུ་ང་ལམ་སེང་འགྲོ་ལེ་མ་གཏོགས་སྤྲུལ་སྐུ་རིན་པོ་ཆེ་ཁྱིམ་དུ་ཕེབས་འདུག་ཟེར་ནས་གར་སོང་མེད་པར་གྱུར་སོང༌། དེའི་སྐབས་བླ་མས་འགུག་སྔགས་ལན་གྲངས་བརྩེགས་བཞིན་བཞུགས་ཤིང༌། ཕྱིས་སུ་བླ་མ་རིན་པོ་ཆེས་ངའི་ཕ་རྒན་ལ་དེ་ཉིན་རྒྱ་བོ་དཔོན་ལྷ་ཁྱེད་དང་ལྷན་དུ་གཡེངས་ནས་མར་དེའུ་ཡོངས་རོགས་མ་བྱུང་བས།བྱང་ཤོག་སྟེང་དུ་འགུགས་བསྟིམ་བྱེད་ས་དེའུ་མ་རགས་གསུངས་སྐད། ཡང་ཞབས་ཕྱི་གཙུག་གཤེན་ཡོད་པའི་སྐབས་ཤིག་ལ་གསའ་རྔུ་འཛམ་པ་ཚང་དུ་བྱོན་པས་ལམ་དུ་སེར་ཚ་འབུ་ཚབ་ནས་ཕུང་པོ་ཞིག་ཕ་འོང་གི་སྟེང་དུ་བཞག་སྟེ་བསྡད་པ་དང་འཕྲད་དེ་བླ་མ་མཐོང་ནས་ལམ་སེང་ཆིབས་ཁ་རུ་འཇུས་ཤིང་འཕོ་བ་མཛད་རོགས་རོ་ཇེ་ལྩི་ལ་སོང་ནས་ཐེག་གི་མི་འདུག་ཞུས་པས་བླ་མ་དགོངས་པ་འཚང་བ་ལྟར་མཛད་ནས་ང་ཁོམ་པ་མེད། གཙུག་གཤེན་ཁྱོད་ཀྱིས་འཕར་ཆེན་འདི་མགོ་ལ་གཅིག་ཞོག་གསུངས་པས་རྟེན་སྒམ་བཞག་པ་ན་རོ་ཡིས་དབུགས་རིང་ནར་མོ་ཞིག་བཏང་ནས་ཁྲག་དམར་ཕོན་ཆེན་ཕ་བོང་སྟེང་དུ་བཞུར་བྱུང་བས་བླ་མར་ཞུས་དུས་ཁྲག་ལངས་ཟེར་བ་དེ་རེད་གསུངས༌། དགོངས་མོར་བྱང་བཞུས་གནང༌། ཉི་མ་བློ་གྲོས་ཞབས་ཕྱིར་འབྲང་བའི་སྐབས་ཞིག་ན་གཡོ་ཤོད་ཐང་ནས་ཡར་ཕེབས་ཡོང་དུས་བྱང་སྟོད་བསྟན་པ་རྒྱལ་མཚན་མར་ཡོང་བ་དང་ཁེལ་བས་ཁོ་བོ་ཀོང་པོ་ལ་འགྲོ་ཚུལ་སོགས་ཞུས་ནས་ཕྱག་དབང་སྒུར་ཏེ་སོང་བས་བླ་མས་དེ་སུ་རེད་གསུངས། དེ་བྱང་སྟོད་བསྟན་པ་རེད་ཞུས་པས། དེ་ལ་མགོ་བོ་མི་འདུག་གདའ་གསུངས། ལོ་དེར་མགོ་བོ་བརྡབ་ནས་ཚེ་འཕོས་སོང་བ་སོགས་དེ་འདྲ་ལན་འགར་གསུངས་མྱོང་ཡོད། ༡༩༨༩ ལོར་ཤིང་རོང་དུ་ཕེབས་ཤིང་བམ་རྟིང་ཚང་གི་རིམ་གྲོ་བགྱི་བཞིན་པས་སྐབས་སུ། དུད་གྲོགས་རྔོན་རྒན་ཞིག་ཡོད་པ་དེ་ན་ནས་དབུགས་རྔུབས་འདྲེན་མེད་པར་གྱུར་ཏེ་ཤི་ཚར་སོང་ཟེར་དུས་བླ་མ་ཕེབས་ཏེ་བཀའ་བགོ་དྲག་པོ་གཅིག་གནང་ཞིང་ཞལ་མཆིལ་ངོ་ཐོག་ཏུ་གཏོར་བ་ན་དབུགས་ནར་གྱིས་བཏང་བས་ཁྲུས་དང་ཚེ་འགུགས་བྱས་རྐྱེན་སང་དྲག་ཏུ་ཕྱིན་ཏེ་ཕྱི་ཉིན་སྔ་མོར་རྔོན་རྒན་བླ་མའི་མདུན་དུ་བཅར་ནས་ངུ་བཞིན་ང་ཁ་སེང་ཁྱེད་ཀྱིས་བར་དོ་ནས་ཕྱིར་ཁྲིད་སོང༌། ད་ངས་རྔོན་གཅོད་རྒྱུ་ཡིན་ཞེས་ཞུས་སྐད། ནད་པ་རྣམས་ལ་མོ་ལུང་གིས་ཉིན་ཆད་བགོས་ཤིང་ལམ་བསྟན་བྱས་པས་དྲག་རྐྱེན་བྱུང་བ་སོགས་ནི་བཤད་མི་ལང་ངོ༌། །ད་དུང་གནམ་ཆར་འབོད་འགོག་དང་སེར་རྒོད་སྲུང་བ་སོགས་གང་དགོས་ལ་ཚད་མེད་ཞི་བས་གསུར་སྦྱིན་ཙམ་གྱིས་ཚང་མ་འགྲུབ་པས་རང་དབང་ཅན་དུ་འདུག་པ་ཀུན་གྱི་མཐོང་ཆོས་སུ་ཡིན། མདོར་ན་དགོན་འདིར་བཤད་སྒྲུབ་ཟུང་ལྡན་འདུས་སྡེ་ཁྲིམས་མཐུན་རྟེན་བཞེངས་བཟོ་བསྐྲུན་སོགས་གཤེན་བསྟན་ཟླ་ལྟར་རྒྱས་པ་འདི་དང་ཡུལ་འདིར་མི་ཡི་ཕོ་སྒོ། རྟ་ཡི་འགྲོས་ཁ། འཚོ་བའི་ལོངས་སྤྱོད། ཞིང་ཕྱུག་གི་འཕེལ་རྒྱས་སོགས་གཞན་ལས་ལྷག་པའི་དཔལ་བཟང་པོ་ཞིག་གྲུབ་པ་འདི་རྣམས་ནི་རྗེ་དམ་པ་ཁོང་ཉིད་གསང་གསུམ་གྱི་དཀྱིལ་འཁོར་དངོས་སུ་འཚོ་བཞུགས་གནང་བའི་བསོད་ནམས་ཀྱིས་གྲུབ་པ་ཉག་གཅིག་ཏུ་ཁུམས་སོ། །ཁོང་ལ་བསྟན་སྲུང་སྐྱེས་བུ་མི་ཐུང་སོགས་རྒྱུན་དུ་མི་འབྲལ་བ་འགྲོགས་ཚུལ་དང༌། འཕར་ཆེན་རྟེན་སྲུང་མི་དཀར་རྟ་དཀར་ཅན་ཞིག་གྲིབ་གཟུགས་བཞིན་དུ་འཁོར་འདུག་ཚུལ་དག་ནི་ཤིང་རོང་རྒྱལ་མཚན་རིན་ཆེན་དང་རྒྱུ་ནེ་གཡུང་དྲུང་དབང་རྒྱལ་སོགས་སྐྱེས་བུ་ཁྱད་འཕགས་རྣམས་ཀྱིས་རྒྱུན་མཐོང་ཡོང་ཚུལ་གླེང་བ་ཐོས་ལ། དེ་ལྟར་ཁོང་གི་གསང་བའི་འཕྲིན་ལས་དང་ལྷ་སྲུང་གི་སྡོང་གྲོགས་སོགས་གསང་གསུམ་གྱི་མཛད་པ་མཐའ་དག་ཚིག་རིས་འདི་ཙམ་གྱིས་བཤད་མི་ནུས་པ་མངོན་མཐོང་ཡིན་ཡང་དད་དམ་ས་བོན་གསོ་བའི་ཀུན་སློང་གིས་དམ་བཅས་ཏེ་བླ་མ་རིན་པོ་ཆེ་ཁོང་གི་རྣམ་ཐར་ཟིན་བྲིས་ལས་གཞི་བཅོལ་ཞིང་བཀའ་འདྲི་ཞུས་པ་དང༌། རྒན་རབས་རྒྱུས་ཉམས་ཅན་གཡོ་ཤོད་རྣམ་རྒྱལ་བསོད་ནམས་དང༌། གྲུ་པ་གཡུང་དྲུང་བསྟན་འཛིན། ཨ་སྲུ་ཉི་འོད། ཁེ་བ་འཆི་མེད་ཕ་བུ་གཉིས། རང་གི་ཕ་རྒན་དམ་པ། ཟླ་གཤིས་དབྲ་སྲས་མཆེད་བཞིའི་ཡོངས་འཛིན་རྨ་རིས་རིན་ཆེན་ཚེ་དབང་སོགས་ཀྱིས་ཕུགས་ལྡན་གྱི་ངག་རྒྱུན་དག་གིས་ཟུར་བརྒྱན་ཏེ་རྣམ་ཐར་རྒྱས་པའི་འབྲི་གཞིའི་ས་བོན་ཙམ་དུ་གྲུབ་པར་བྱས་སོ།།

༧ སླར་སྨྲས་པ། རྨད་བྱུང་ཚོགས་ཀྱི་རླབས་ཕྲེང་རྒོད་པ་ཡིས།། ཐར་བདེ་ལམ་གྱི་མཚོ་མོ་ཡོངས་བརྒལ་ཏེ།།

བདེ་གཤེགས་དོན་གྱི་ནོར་བུའི་དཔལ་བཟང་པོ།། མཆོག་སྤྲུལ་དད་དཔོན་ཁྱེད་ལ་ཡེ་མངའ་ཡང༌།།

སྙིགས་མའི་འཚང་ཆེན་ཕྱི་རུ་འཕོས་པའི་གཟུགས།།དུག་ལྔའི་སྤྱོད་པ་ཡ་མ་བརླ་ཡི་དཔུང༌།།

དྲུང་ནས་གཞོམ་ཕྱིར་གསང་གསུམ་འཁོར་ལོའི་དཔལ།། གླིང་འདིར་གཤེན་བསྟན་རྫོགས་པའི་འཕྲིན་ལས་ངོམས།།

གང་གི་རྣམ་ཐར་རབ་ཡངས་མཁའ་ཡི་མཐའ།། རིག་པ་འཁོས་ཆུང་འབུ་སྦྲང་ཕྲ་མོ་ཡིས།།

གཞལ་བར་མིན་ཡང་ཀུན་སློང་གཙང་མའི་འཕྲུལ།། ཤས་ཙམ་སྤྱོད་འདིར་དད་དམ་གསོ་ཕྱིར་ཡིན།།

 

       ཞེས་རྗེ་བླ་མ་གང་གི་རྣམ་པར་ཐར་པ་ཉུང་ངུར་བརྗོད་པ་དྲི་བྲལ་ཤེལ་གྱི་སྒྲོམ་བུ་ཞེས་པ་འདི་ཉིད་གང་ལ་སྒོ་གསུམ་མི་ཕྱད་པའི་གསོལ་བ་འདེབས་བཞིན་ཤོ་བཙུན་ཁྲི་གཙུག་རྒྱལ་པོས་སྤྱི་ལོ་༢༠༠༨ལོར་ཟླ་༡༢པའི་ཚེས་༣༠ནང་མོར་གྲུབ་པར་བགྱིས་པས་དཔལ་ལྡན་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག