༧སྣང་ཞིག་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེའི་མཛད་བསྡུས་ངོ་མཚར་ཡོངས་འདུས་ལྗོན་པའི་དགའ་ཚལ།
ན་མོ་ཅི་པར་རཊྣ་གུ་དུན་ཧྲུན།
བརྩེ་ཆེན་ཞགས་པས་འགྲོ་རྣམས་དམ་དུ་འཁྱུད། །
མཁྱེན་པའི་འོད་ཀྱིས་གཉིས་སྒྲིབ་མུན་པ་སངས། །
ནུས་པས་ལུས་ཅན་ཕན་བདེ་སྟོན་པའི་བཤེས། །
བླ་མའི་མཛད་བསྡུས་དད་པ་རྒྱ་མཚོས་སྤེལ། །
དེ་ཡང་དུས་གསུམ་འདྲེན་པ་ཀུན་གྱི་རྒྱལ་ཚབ། རིགས་གསུམ་ཀུན་འདུས་ཀྱི་ངོ་བོ། དཔལ་ལྡན་བླ་མ་རིན་པོ་ཆེ་མཆོག་ཉིད་མཐའ་ཡས་གདུལ་བྱ་རྒྱ་མཚོའི་མགོན་དུ་གང་ལ་གང་འདུལ་གྱི་སྐུ་རུ་བཞེངས་ཏེ་དཔག་མེད་བསྐལ་པ་དུ་མའི་སྔོན་རོལ་ནས་སྣ་ཚོགས་སྤྲུལ་སྐུའི་མཛད་པ་བསམ་མི་ཁྱབ་པ་ཞིག་བསྟན་པ། དཔེར་ན་མཁའ་ཟླ་གཅིག་ཉིད་ཆུ་སྣོད་བྱེ་བ་ཕྲག་བརྒྱར་ཟླ་གཟུགས་བྱེ་བ་ཕྲག་བརྒྱར་སྣང་བ་ལྟར་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་མོད་ཀྱང༌། འདིར་མཁས་དང་གྲུབ་པའི་དབང་ཕྱུག་སྙིགས་དུས་བསྟན་འགྲོའི་དཔུང་གཉེན་ཆེན་པོ་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེ་ཀུན་དགའ་བསོད་ནམས་རིན་ཆེན་ལགས་ལ་འབྲོག་བཙུན་བསླབ་གསུམ་དབང་ཕྱུག་གིས་ཞུས་ངོར་ཕུལ་བའི་༧རྗེ་བཙུན་བླ་མ་གཡུང་དྲུང་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གི་གསོལ་འདེབས་མཁའ་འགྲོའི་བརྡ་ལུང་ཞེས་བྱ་བ་ལྟར་ཞུ་ན། འདི་ལྟ་སྟེ།
ཨེ་མ་ཧོ། སྐུ་གསུམ་ལྷུན་གྲུབ་འོག་མིན་སྟུག་བཀོད་ལས། །
དག་དང་མ་དག་རབ་འབྱམས་རྒྱ་མཚོའི་ཞིང༌། །
གང་འདུལ་དེར་སྟོན་ཆུ་སྣོད་ཟླ་གཟུགས་བཞིན། །
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
བོན་སྐུ་ཀུན་བཟང་རྫོགས་སྐུ་རྒྱལ་བ་ཟུང༌། །
སྤྲུལ་སྐུ་གསང་འདུས་རིམ་དང་ཆིག་ཆར་དུ། །
དབང་ཕྱུག་བརྒྱད་བརྙེས་མགོན་པོ་ཀླུ་གྲུབ་ཞབས། །
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
བདུད་བཞིའི་གཡུལ་རྒྱལ་དམུ་ཚ་གྱེར་མེད་དང༌། །
ལྔ་བརྒྱའི་སྐྱེ་སྲིད་དྲན་པ་ནམ་མཁའི་ཞབས། །
མ་ངེས་སྐུར་སྟོན་ལུས་ཅན་འདྲེན་པའི་དཔལ། །
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
འཕོ་གྲོངས་དབང་འབྱོར་དེ་ཕུ་གསང་སྔགས་གདུང༌། །
མཁའ་སྤྱོད་དངོས་གཤེགས་ཕམ་ཐང་ལོ་དོང་བ། །
གྲུབ་བརྒྱའི་གཙུག་ནོར་གཡུང་སྟོན་ཁྲོ་རྒྱལ་མཆོག །
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
དམུ་སླས་ཞག་འཚོར་འོད་ཟེར་དཔལ་བའི་ཞབས། །
དྲག་པོས་འགྲོ་འདུལ་མི་དབང་ཐེམ་ཆེན་པ། །
སྤྲུལ་བའི་གཏེར་སྟོན་མགར་སྟོན་ཁྲོ་རྒྱལ་མཆོག།
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
སྙན་རྒྱུད་མཛོད་འཆང་ཁྲོ་གཉེར་རྒྱལ་མཚན་ཞབས། །
འཕོ་གྲོངས་རྗེ་བཙུན་ཆེན་པོ་སྟོང་སྐོར་བ། །
རྒྱ་ནག་སྐུ་ལ་འཕོ་གྲོངས་འཇུག་མཛད་པ། །
རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
རིས་མེད་བསྟན་འགྲོའི་གཙུག་ནོར་སྤྲུལ་བའི་སྐུ། །
ལྔ་བདོའི་གཤེན་བསྟན་རྫོགས་ལྡན་དཔལ་རོལ་བ། །
མཁའ་མཉམ་སྐྱེ་རྒུའི་སྐྱབས་མགོན་རྗེ་བླ་མ། །
བསྟན་འཛིན་དབང་གི་རྒྱལ་པོར་གསོལ་བ་འདེབས། །
རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང༌། །
བསྟན་པའི་སྙིང་པོ་རྒྱལ་དབང་སྨན་རི་བའི། །
རྣམ་དཀར་འཕྲིན་ལས་ནམ་མཁའི་མཐར་ཁྱབ་སྟེ། །
གཡོ་མེད་བསྐལ་བའི་བར་དུ་རྟག་བརྟན་ཤོག །
ཅེས་གསུངས་པ་ལྟར། བོན་སྐུ་ཀུན་ཏུ་བཟང་པོ་དང༌། རྫོགས་སྐུ་རྒྱལ་བ་ཀུན་འདུས། སྤྲུལ་སྐུ་གསང་བ་འདུས་པ། དབང་ཕྱུག་བརྒྱད་བརྙེས་མགོན་པོ་ཀླུ་སྒྲུབ། བདུད་བཞིའི་གཡུལ་རྒྱལ་དམུ་ཚ་གྱེར་མེད། ལྔ་བརྒྱའི་སྐྱེ་སྲིད་དྲན་པ་ནམ་མཁའ། འཕོ་གྲོངས་དབང་འབྱོར་དེ་ཕུ་གསང་སྔགས། མཁའ་སྤྱོད་དངོས་གཤེགས་ཕམ་ཐང་ལོ་དོང་བ། གྲུབ་བརྒྱའི་གཙུག་ནོར་གཡུང་སྟོན་ཁྲོ་རྒྱལ། དམུ་སླས་ཞག་འཚོར་འོད་ཟེར་དཔལ་བ། དྲག་པོས་འགྲོ་འདུལ་མི་དབང་ཐེམ་ཆེན་པ། སྤྲུལ་བའི་གཏེར་སྟོན་མགར་སྟོན་ཁྲོ་རྒྱལ། སྙན་རྒྱུད་མཛོད་འཆང་ཁྲོ་གཉེར་རྒྱལ་མཚན། འཕོ་གྲོངས་རྗེ་བཙུན་ཆེན་པོ་སྟོང་སྐོར་བ། རྒྱ་ནག་འཕོ་བ་གྲོངས་འཇུག་སོགས་ད་ལྟའི་རིས་མེད་བསྟན་འགྲོའི་གཙུག་ནོར་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་རིན་པོ་འདི་ཉིད་སྐྱེས་ཆེན་དུ་མའི་རྣམ་སྤྲུལ་དུ་ངོས་འཛིན་མཛད་པ་ཤིན་ཏུ་མང་ངོ༌།།
དེ་ལྟར་རྗེ་བླ་མ་རིན་པོ་ཆེའི་སྐྱེ་བའི་ཕྲེང་བ་བཅུ་དྲུག་པ་བསླབ་གསུམ་ངུར་སྨྲིག་གི་རྣམ་པར་རོལ་བ་ཁོང་ཉིད། མདོ་སྨད་གཡང་གི་ར་བ་རྔ་ལྗོངས་ས་ཡི་ཐིག་ལེ་རུ་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་རྩིས༼༡༩༢༧༽ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་རྣམ་དཀར་དགེ་ལ་འདུན་བློ་བཅོས་མིན་དུ་མངའ་བ་ཡབ་བཀྲ་ཤིས་རབ་བརྟན་དང༌། ཡུམ་རིགས་བཟང་ལྷ་སྨན་སྐྱིད་གཉིས་ཀྱི་སྲས་སུ་མཚན་དཔེ་ལྷུན་རྫོགས་ཀྱི་གཟུགས་སྐུའི་བཀོད་པ་འགྲོ་བ་མི་ཡི་ཚུལ་དུ་བཀྲ་ཤིས་དགེ་མཚན་གྱི་ལྟས་དུ་མ་དང་བཅས་སྐུ་བལྟམས།
སྐུ་ཆུང་ངུའི་དུས་ནས་རྒྱུད་དུལ་ལ་བློ་རིག་གསལ་ཞིང༌། བསམ་གཞིགས་ཀྱི་མཁྱེན་རྩལ་ངང་གིས་རྫོགས་ཏེ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ་བ་དང༌། ཁྱད་པར་དུ་བསྟན་དང་འགྲོ་བའི་མགོན་པོ་རྒྱ་འོབས་བསྟན་པ་རབ་རྒྱས་དང༌། རྒྱལ་བ་གཉིས་པ་དངོས་བྱོན་སྐྱབས་རྗེ་སྣང་ཞིག་ནམ་མཁའ་བློ་གྲོས་རིན་པོ་ཆེ་ཟུང་གིས་འགྲོ་འདྲེན་གྱི་སྐྱེས་བུ་གཅིག་པུར་བསྔགས་པར་མ་ཟད། སྐྱབས་རྗེ་སྣང་སྟོན་ཆེན་པོས། མཚན་ལྡན་གྱི་སྐྱེས་བུ་འདི་ཉིད། བྱང་ཕྱོགས་ཆུག་ཡུལ་མ་ཧཱ་ཁྱུང་མོ་རྒྱ་ནག་འཕོ་བ་གྲོངས་འཇུག་གི་ཡང་སྲིད་ཞིང་འདིར་བསམ་བཞིན་སྐུ་སྐྱེ་བ་བཞེས་པ་ལགས་པས། འདིས་བསྟན་འགྲོའི་དོན་རླབས་ཆེན་འགྲུབ་པ་དང་འབྲེལ་ཚད་ཐར་ལམ་དུ་བཀོད་ནུས་པ་ཡིན་ཞེས་མ་འོངས་ལུང་གིས་བསྔགས་ཤིང་བོན་སྐྱོང་རྒྱ་མཚོའི་སྡེ་ཚོགས་ལ་སྐུ་ཚེའི་བར་ཆད་སེལ་ཕྱིར་འཕྲིན་ལས་བཅོལ་ཞིང༌། ཚེ་དབང་བསྐུར་ཏེ་མཚན་ལ་གཡུང་དྲུང་བསྟན་འཛིན་ཞེས་གསོལ། དགུང་གྲངས་བདུན་གྱི་ཐོག་མཚན་ལྡན་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་བྲིས་ཀློག་འདོན་དབྱངས་སོགས་ཀྱིས་མཚོན་པའི་རིག་པའི་གནས་ལ་སློབ་ཙམ་མཛད་ཚེ་ཚེགས་མེད་དུ་མཁྱེན། དགུང་གྲངས་བཅུ་གཅིག་ཐོག་རྒྱལ་བ་སྣང་སྟོན་ཆེན་པོའི་མདུན་དུ་སྐྱབས་འགྲོའི་སྡོམ་པ་ནས་བཟུང་འདུལ་བའི་ཆོ་ག་དང་མཐུན་པའི་སྒོ་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས་ཏེ་མཚན་ལ་ཡང་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་ཞེས་གསོལ།
དགུང་གྲངས་བཅུ་དྲུག་བཞེས་སྐབས་བསླབ་གསུམ་ཁྲིམས་ཀྱིས་བཙུན་ཞིང་ལུང་རྟོགས་ཡོན་བྱེ་བའི་མཛོད་འཆང་བཀའ་དྲིན་སུམ་ལྡན་གྱི་བླ་མ་སྐྱབས་མཆོག་སྣང་སྟོན་ནམ་མཁའ་བློ་གྲོས་རིན་པོ་ཆེའི་མདུན་དུ་སྒྲུབ་བརྒྱུད་བསྟན་འཛིན་ཆེན་པོ་བ་རྣམས་ཀྱིས་བཞེད་གཞུང་ལྟར། རྒྱུད་སྡེ་སོ་སོའི་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པ་དང༌།
སྒོམ་དང་སྒྲུབ་པའི་ཉམས་ལེན་གནད་དུ་ཐིངས་པ་མཛད་ཅིང༌། འཁོར་བ་དོང་སྤྲུགས་ཀྱི་མདོ། རྫོགས་ཆེན་མངོན་རྟོགས་ལྟ་བའི་རྒྱལ་པོ། ཕུར་བའི་སྲུང་བཟློག་སྟོང་ཐུན་དང་བཅས་གྱེར་བོན་སྐོར། རྫོགས་ཆེན་ཐིག་ལེ་ཀུན་འདུས། དྲན་པའི་ལུང་བསྟན་ཆེ་ཆུང་གསུམ། ཀུན་བཟང་རྒྱལ་འདུས་ཀྱི་སྒྲུབ་སྐོར། ལུང་སེང་གེ་སྒྲ་གྲགས། ཞི་ཁྲོ་དབལ་ཕུར་གསུམ་གྱི་ཡང་ཞུན། བྱམས་སེམས་ནམ་མཁའི་དམིགས་དོན་འགྲེལ། ཐིག་ལེ་ཉི་མའི་སྙིང་པོ། རིན་ཆེན་སྒྲོལ་མ། གདུགས་དཀར། ཚེ་སྒྲུབ། བོན་སྐྱོང་སྐོར། ཞི་ཁྲོ། སྟག་ལ། རྣམ་རྒྱལ་སྟོང་མཆོད། ཆོ་ག་བཅུ་གཉིས། ཁྲོ་བོ་རྒྱུད་དྲུག གསས་མཁར་མཆོག་ལྔ། འབུམ་ལྔ། སེམས་སྨད་སྡེ་དགུ། བསྒྲགས་པ་གླིང་གྲགས། བྱང་སེམས་གབ་པ་དགུ་སྐོར། འཕྲུལ་སྒྲོན་རྣམ་ལྔ། བཀའ་རྟེན་སྡེ་ལྔ་སོགས་ཀྱི་སྐོར་གསན་བཞེས་ཡང་དག་གནང་བ་དང༌། གཞན་ཡང་མང་ཐོས་མཁས་གྲུབ་འདུས་པའི་ཁྱུ་མཆོག་དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་ཁུ་བོ་སངས་རྒྱས་བསྟན་འཛིན་གྱི་མདུན་ནས། ཨ་རྫོགས་སྙན་གསུམ་དང་སྤྱི་སྤུངས་སྐོར་གསུམ། སངས་རྒྱས་རྒྱུད་གསུམ་སོགས་བོན་ཕྱི་ནང་གསང་གསུམ་མ་ལུས་པའི་གཞུང་རྣམས་གྱི་དབང་ལུང་མན་ངག་གི་བརྒྱུད་ཁ་ཡང་དག་པར་མནོས་ཤིང་དེ་དག་ལ་བསྙེན་སྒྲུབ་ལས་གསུམ་མཛད་དེ་གྲུབ་པའི་རྟགས་ཐོན་ཅིང་རྟོགས་པའི་གདེངས་བརྙེས་ཏེ་ཡི་དམ་ལྷ་ཡི་ཞལ་གཟིགས་ཤིང༌། མ་དང་མཁའ་འགྲོའི་དངོས་གྲུབ་ནོད་པ་སོགས་ཀྱི་ཐུན་མིན་ཆེ་བའི་ཡོན་ཏན་མཐའ་དག་ནི་ཚུར་མཐོང་བདག་ལྟ་བུའི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའོ།། གཞན་དཔོན་སློབ་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་པོའི་མདུན་ནས། སྡུད་རྟགས་ཚད་གསུམ་དང༌། གབ་མཛོད་ས་གསུམ་སོགས་ལ་གསན་བཞེས་རྒྱ་ཆེན་མཛད་དེ་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་མཁྱེན་པ་ཀློང་དུ་བརྡོལ་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་གཞུང་ལུགས་ཐ་དག་ཐོགས་མེད་དུ་མཁྱེན།
དགུང་གྲངས་བཅོ་བརྒྱད་བཞེས་ཚེ་སྣང་ཞིག་སྐྱབས་མགོན་མཐོང་བ་དོན་ལྡན་རྗེ་བཙུན་བསྟན་པ་རབ་རྒྱས་དཔལ་བཟང་པོ་དང་ལྷན་དུ་རྣམ་འདྲེན་བརྒྱད་པའི་གདོང་སོབ་རྒྱལ་བ་གཉིས་པའི་རྣམ་རོལ་སྣང་སྟོན་ནམ་མཁའ་བློ་གྲོས་མཆོག་དང༌། ཡོངས་འཛིན་ཚུལ་ཁྲིམས་བློ་གསལ་སོགས་མཁན་སློབ་དཔང་པོ་ལོ་ཙཱ་བཞི་སྦྲག་གི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུའི་བསྙེན་རྫོགས་ཀྱི་སྡོམ་པ་ནོད་ནས་བཟུང་དྲང་སྲོང་གི་ཁྲིམས་རྣམས་མིག་གི་འབྲས་བུ་བཞིན་དུ་སྲུང་བ་དང༌། བསྲུང་བྱ་རྩ་བ་བཞི་དང་སྤང་བདུན་ཆ་མཐུན་དང་བཅས་པ་བསྲུང་བར་གཡར་དམ་གནང་ཞིང༌། ཐེག་ཆེན་བསྙེན་གནས་དུས་ཁྲིམས་གསོ་སྦྱོང་བཅས་དུས་རྟག་ཏུ་ཆགས་མེད་མཛད་པའི་དམ་བཅའ་བཞེས།
དགུང་གྲངས་ཉེར་གཅིག་བཞེས་སྐབས་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་གི་ཚོགས་ཆེན་ཁྲི་རིན་པོ་ཆེའི་མཚན་རྟགས་སྤྱི་བོར་བབས་པ་ལ་བརྟེན་ནས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ་མཛད།
དགུང་གྲངས་ཉེར་དྲུག་བཞེས་ཚེ་དུས་གསུམ་གྱི་བོན་ཐམས་ཅད་སྒྲིབ་གཡོགས་མེད་པར་གཟིགས་པའི་སྐྱབས་རྗེ་སྣང་ཞིག་བསྟན་པ་རབ་རྒྱས་ཀྱིས་བཀའ་ལྟར་སྣང་ཞིག་ཚང་གི་རྒྱལ་ཚབ་ཏུ་བསྐོས་བཞག་མཛད།
དགུང་ལོ་སོ་གཅིག་ནས་སོ་བདུན་བར་དུས་འགྱུར་གྱི་མནར་གཅོད་འོག་དམ་པ་ཁོང་གིས་དཀའ་སྤྱད་ཀྱི་འཚོ་བའི་ཉམས་མྱོང་མང་དུ་བརྒྱུད་ཅིང༌། མ་ཉེས་ཁ་ཡོག་གི་གཅར་རྡུང་ཡང་གྲངས་མང་ཐེབས་ནའང༌། དེ་དག་ལ་བཟོད་པའི་གོ་ཆ་གྱོན་ཏེ་བསམ་ངན་སྦྱོར་བ་སྤངས་ཤིང་རང་བས་གཞན་གཅེས་ཀྱི་སྤྱོད་པས་ཕན་ཐོག་ཅི་ནུས་བྱས་པ་དང༌། ལྷག་པར་དུ་དེ་རིགས་ལ་བརྩེ་བའི་སེམས་ཀྱིས་བསྐྱངས་ཏེ་ཞལ་གྱི་འཛུམ་མདངས་བསྟན་པ་སོགས་ཀྱིས་འགྲོ་ཀུན་གྱི་རྒྱུད་ལ་མི་ཕྱེད་པའི་དད་པ་རབ་ཏུ་འཕེལ་བར་གྱུར།
དགུང་ལོ་ང་གཉིས་དང་ང་གསུམ་ཐོག་སྔོན་བྱོན་གྲུབ་ཆེན་གོང་མས་ལུང་དུ་བསྟན་པ་ལྟར་རྒྱལ་བསྟན་ཕྱི་དར་གྱི་དུས་ལ་བབས་པར་གཟིགས་ཤིང༌། གོང་རིམ་ནས་ཀྱང་ཆོས་ལུགས་དད་པ་རང་མོས་ཀྱི་བྱེད་སྒོ་ལག་ལེན་དུ་བསྟར་ཆོག་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ཁོང་ཉིད་ཕྱི་དར་བསྟན་པའི་གཉེར་དཔོན་དུ་བཞེངས་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་བའི་མཛད་འཕྲིན་གྱི་དབུ་བརྩམས་ཏེ་དཀར་ཕྱོགས་ཟླ་བའི་ཚེས་ཕྱོགས་དང༌། གསེར་མདོག་ཉི་མའི་འཁོར་ཕྱོགས་དང་འགྲོགས་ཏེ་ཁོང་གིས་དགོན་པ་བསྐྱར་གསོའི་ཐད་ལ་དཀའ་སྤྱད་འབད་བརྩོན་སྣ་ཚོགས་བདག་གིར་བཞེས་ནས། ཐོག་མར་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་གི་སྔོན་ཆད་ཞིག་རལ་དུ་སོང་བའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཆེན་མོ་ཉམས་པ་སླར་གསོ་བྱས་ཤིང༌། དེ་བཞིན་དུ་འདུ་ཁང་ཆུང་བ་ཡང་བསྐྱར་བཞེངས་ལེགས་གྲུབ་བྱས་ཏེ་ནང་རྟེན་སྐུ་གསུང་ཐུགས་གསུམ་སོགས་ཤིན་ཏུ་འཛོམས་པོ་བྱུང༌།
དགུང་ལོ་ང་བཞིའི་སྐབས་ཁོང་ཉིད་སྣང་ཞིག་དགོན་པའི་ཀྲུའུ་རེན་དུ་འདེམས་བསྐོས་བྱས་ཏེ་དགོན་པའི་བོན་སྲིད་གཉིས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་ནས་སྔོན་སྨོན་གཅིག་ཏུ་བསྡུས་པའི་ཉེར་ལེན་དང༌། བླ་སློབ་དམ་ཚིག་ཟབ་མོའི་ཉག་ཐག་གིས་འབྲེལ་བའི་བུ་སློབ་སེར་སྐྱ་ཡོངས་ལ་ལས་རྒྱུ་འབྲས་སྐྱོང་ཚུལ་དང་རྣམ་དཀར་དགེ་སྒྲུབ་ལ་འབད་ན་འདི་ཕྱིའི་བདེ་སྐྱིད་ལྡན་ཚུལ་གྱི་བཀའ་སློབ་ཉལ་འགྲོའི་རྒྱུན་བཞིན་བསྩལ།
དགུང་གྲངས་ང་ལྔའི་ཐོག་ཏང་གིས་ཆོག་མཆན་ཡང་དག་གནང་བའི་འོག ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྡེ་རྣམས་དགོན་པར་འཚོགས་ཆོག་པའི་བསྐལ་བཟང་གི་ཉི་མ་མངོན་དུ་ཤར་བའི་ཚེ། སྣང་ཞིག་མ་དགོན་ནམ་རྒྱལ་བསྟན་ཕུན་ཚོགས་བླ་བྲང་དུ་གཤེན་གྱི་བླ་གྲྭ་མང་པོའི་དགྱེས་ཞལ་མཉམ་དུ་བསྡུས་ཏེ། དལ་ རྟེན་ཆུད་མི་ཟ་བའི་ལམ་སྣེ་དྲངས་ཤིང་སྔོན་མའི་ལུགས་སྲོལ་ལྟར་སྐྱ་སེར་ཕོ་མོ་རྣམས་ལ་ལམ་རིམ་དང་སྔོན་འགྲོའི་ཁྲིད་ལུང་སོགས་གནང་བ་དང༌། རབ་བྱུང་འདུལ་བའི་སྡེ་རྣམས་ལྷན་དུ་འཛོམས་ཐོག་དཔལ་རྒྱལ་བ་བྲུ་ཡི་རང་ལུགས་བཙོ་མ་གསེར་གྱི་ཡང་ཞུན་གྱི་ཁྱད་བོན་བླ་ན་མེད་པའི་རྒྱུན་བསྐྱངས།
དགུང་ལོ་ང་དྲུག་སྐབས་སྐྱབས་མགོན་བསྟན་པ་རབ་རྒྱས་ཀྱིས་སྣང་ཞིག་ཚང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་དགོན་པའི་ཕྱི་ནང་གི་བྱ་བཞག་ཆེ་ཕྲ་ཀུན་ལ་གཟིགས་རྟོག་གནང་སྟེ་རླབས་ཆེན་མཛད་པའི་འཕྲིན་ལས་འོག ཡུལ་དུས་གནས་སྐབས་ཀྱི་རྒྱུ་རྐྱེན་འདྲ་མིན་བསགས་ཏེ་རྒྱལ་བསྟན་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ། ལོ་དེར་པཎ་ཆེན་རིན་པོ་ཆེ་དགོན་འདིར་ཕེབས་ཏེ་སྐྱབས་རྗེ་རྣམ་གཉིས་ཐུགས་དམ་གོང་བུ་གཅིག་འདུས་ཀྱི་ཚུལ་དུ་ཞལ་མཇལ་གསུང་གི་བདུད་རྩི་ཕངས་མེད་དུ་སྩོལ་བའི་སྐལ་བ་ཤར། དེ་དུས་པཎ་ཆེན་རིན་པོ་ཆེའི་ཞལ་ནས། གཡུང་དྲུང་བོན་གྱི་གྲུབ་མཐའ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐམས་ཅད་ཀྱི་སྔ་ཤོས་སམ་ཐོག་མ་ཡིན་པས་འདི་ཉིད་གཅེས་སྐྱོང་བྱས་ཏེ་དར་སྤེལ་དུ་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་དེ་ནི་ཁྱེད་ཅག་ལ་རག་ལས་ཡོད་ཅེས་བསྟན་དོན་ལ་དགོངས་པ་ཆེར་བཞེས་ཀྱི་སྒོ་ནས་བཀའ་ཆབ་ལྷུག་པོར་གནང་བ་དང༌། ཁྱད་པར་དུ་སྔ་ཕྱིར་བླ་མ་ལྷ་དང་བཅས་པའི་ལུང་གིས་ཡང་ཡང་བསྔགས་པ་ནང་བཞིན་དེ་དུས་པཎ་ཆེན་མཆོག་གི་ཞལ་ནས་ཀྱང་གདན་ས་འདིར་མཁའ་མཉམ་སྐྱེ་རྒུའི་སྐྱབས་མགོན་དུ་བཀུར་འོས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་རོལ་ཅིག་འཁྲུངས་པའི་ལུང་བསྟན་དྲི་མ་མེད་པ་དང༌།དཀར་གསུམ་ཟས་ཀྱིས་བཀང་བའི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད། སྲིད་ན་རིང་བའི་ལྷ་དར་པོ་ཡུག་གཅིག་བཅས་གནང་སྟེ་རྟེན་འབྲེལ་སྨོན་ལམ་གྱིས་མཚམས་སྦྱོར་བྱས་པ་ལྟར། རྗེས་སུ་ད་ལྟའི་རིས་མེད་འགྲོ་བའི་སྐྱབས་མགོན་རྗེ་ཚུལ་ཁྲིམས་༧བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེའི་མཚན་དཔེའི་བཀོད་པ་མཁའ་མཉམ་འགྲོ་བ་ཡོངས་ཀྱི་མགོན་དུ་མངོན་པར་ཤར།
དགུང་གྲངས་ང་བརྒྱད་ཐོག་དགེ་ལྡན་བསྟན་པའི་བསྟི་གནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་སྐྱབས་མགོན་ཀིརྟི་རིན་པོ་ཆེ་དང་ཕྱོགས་བཞི་ཨ་ལགས་སོགས་སྐུ་འཁོར་ལྷན་རྒྱས་སྣང་ཞིག་དགོན་དུ་ཕེབས་ཏེ། རྒྱལ་ཚབ་རིན་པོ་ཆེ་དང་མཇལ་འཕྲད་གནང་ཞིང༌། སྣང་ཞིག་ཀིརྟི་གཉིས་ཀྱི་ལུགས་གཉིས་ཀྱི་འབྲེལ་བ་ནམ་ཡང་བརྟན་པོ་བྱེད་དགོས་པའི་བཀའ་གྲོས་གཅིག་ཏུ་མཛད།
དགུང་ལོ་ང་དགུའི་ཐོག་བླ་གྲྭ་སེར་སྐྱ་དམངས་འདུས་ཀྱི་རེ་བ་ལྟར་འཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་དགོས་མཁོའི་ཡོ་བྱད་ཚང་མར་ཐུགས་འགན་བཞེས་ཏེ་གཙུག་ལག་ཁང་གི་ཕྱི་ནང་གི་བཟོ་དབྱིབས་རྣམས་རྒྱལ་བའི་ལུང་དང་བསྟུན་པའི་སྒོ་ནས་བཞེངས་པའི་བཀའ་དྲིན་ཚད་མེད་གནང༌།
དགུང་ལོ་རེ་གཅིག་སྐབས་སྐྱབས་རྗེ་སྣང་ཞིག་བླ་རབས་སོ་དགུ་བ་༧རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་ཐོག་མར་འཁོད་པའི་རྟེན་འབྲེལ་ཁྲི་བཞེངས་དང༌། སྣང་དགོན་གཙུག་ལག་ཆེན་པོ་ལེགས་གྲུབ་དགའ་སྟོན་གཉིས་འཛོམས་ཐོག གཤེན་གྱི་བླ་སྤྲུལ་སྟོང་ཕྲག་གཉིས་ལྷག་ལ་ཆིབས་སུ་སྣེ་ལེན་གྱི་འགོ་འདྲེན་བརྩེ་གཟིགས་གནང་ཞིང༌། བཞུགས་གནས་གསོལ་ཟས་སོགས་ཀྱི་བཀའ་དྲིན་ཚད་མེད་བསྐྱངས། ལོ་དེར་པཎ་ཆེན་རིན་པོ་ཆེས་གདན་འདྲེན་ཞུས་པ་ལྟར་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་མཆོག་དང་ལྷན་དུ་གསེར་སྡོང་སྲིད་གསུམ་རྣམ་རྒྱལ་ལ་རབ་གནས་དང་བྱིན་བརླབས་གནང༌།
དགུང་ལོ་རེ་གཉིས་ཐོག ༧གོང་ས་སྣང་ཞིག་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་དང༌། རྒྱ་འོབས་ལྷས་སྦྱིན་གྲགས་པ་བསྟན་འཛིན་སོགས་བླ་སྤྲུལ་ཆེ་ཁག་མང་པོར་ཨ་བསྙེན་རྫོགས་གསུམ་སོགས་ཀྱི་ཁྲིད་ལུང་ཟབ་རྒྱས་སུ་གནང་པ་དང༌། ལོ་དེར་དགེ་ལྡན་བསྟན་པའི་གཙུག་རྒྱན་གུང་ཐང་བསྟན་པའི་དབང་ཕྱུག་རིན་པོ་ཆེ་མཆོག་དགོན་འདིར་ཕེབས་ཏེ། རྗེ་བླ་མ་མཆོག་དང་མཇལ་འཕྲད་གནང་བ་དང༌། བླ་བྲང་བཀྲ་ཤིས་འཁྱིལ་དང་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་གཉིས་ལ་སྔོན་ནས་འབྲེལ་པ་དམ་པོ་ཡོད་པ་ནང་བཞིན་ཕྱིན་ཆད་ཀྱང་མཐུན་སྒྲིལ་དང་འབྲེལ་འདྲེས་རྒྱུན་མི་ཆད་པར་གནང་དགོས་པའི་ཞལ་བརྡ་སྣ་ཚོགས་མཛད།
དགུང་གྲངས་རེ་གསུམ་ཐོག་མཚོ་སྔོན་ཀོས་ནན་རྫོང་གི་ཕྱོགས་སུ་ཆར་མ་བབས་པར་ལོ་ཏོག་ཐམས་ཅད་སྐམ་ལ་ཉེ་ཚེ། ཁོང་ཉིད་ཆེད་དུ་གདན་འདྲེན་ཞུས་པ་ལྟར་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་འགྲོ་དོན་དུ་དགོངས་ཏེ། ཀླུ་འོ་མའི་རྒྱ་མཚོ་དང༌། ཆར་འབེབ་བདུད་རྩི་འཁྱིལ་བ་སོགས་བསྒྲུབས་ཏེ་ཆར་ཕབ་པས། མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཅིང་སྐལ་ལྡན་འགྲོ་བ་ཐ་དག་གི་རྒྱུད་ལ་དད་པ་དང་མོས་འདུན་བླ་ལྷག་ཏུ་འཕེལ་བར་གྱུར།
དགུང་གྲངས་རེ་དྲུག་ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གི་རྒྱལ་ཚབ་སློབ་དཔོན་ཀུན་བཟང་བློ་གྲོས་རིན་པོ་ཆེ་མཆོག་དགོན་འདིར་ཕེབས་སྐབས་དབང་ལུང་མན་ངག་གི་གདམས་བཟང་བུམ་པ་གང་བྱོས་ཚུལ་དུ་ཕུལ་རེས་བྱས་པ་དང༌། གཞན་ཡང་སྔ་ཕྱིར་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་བོན་འབངས་འགྲོ་བའི་སྐྱབས་མགོན་ཆེན་པོ་རྗེ་སྨན་རི་བ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང༌།སྨྲ་བ་མི་ཡི་སེང་གེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ། མཁས་གྲུབ་བྱེ་བའི་གཙུག་རྒྱན་སྨྲ་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་སྐྱོང་སྤྲུལ་དྲི་མེད་འོད་ཟེར་སོགས་བསྟན་འགྲོའི་གཙུག་རྒྱན་གངས་ཅན་མཁས་གྲུབ་དུ་མར་ལན་གྲངས་འགར་དགོན་འདིར་ཕེབས་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། སྒོས་སུ་དུང་མདོག་ཞྭ་དཀར་བོན་གྱི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང༌། བསྟན་དང་འགྲོ་བའི་བདེ་སྐྱིད་མི་ཉམས་གོང་སྤེལ་དང༌། ཉམས་པ་སླར་གསོའི་ཕྱོགས་ལ་མ་བགྲོས་གཅིག་མཐུན་གྱི་བཀའ་མོལ་གནད་དུ་ཐིངས་པ་མཛད། བསྐལ་པ་རྟའི་ལོ་སྟེ་སྤྱི་ལོ་༼༢༠༠༡༽ལོར་སྣང་ཞིག་སྐྱབས་མགོན་མཐོང་བ་དོན་ལྡན་རྗེ་༧ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང༌། ཁོང་རིན་པོ་ཆེ་ཟུང་གིས་བསྟན་པའི་གཞི་མ་འཆད་ཉན་ལ་རག་ལས་འདུག་པར་དགོངས་ཏེ། སྣང་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ཞེས་པའི་སློབ་གླིང་ཞིག་གསར་དུ་བཙུགས་ནས། དགེ་རྒན་དང༌། རྩིས་པ། གཉེར་བ། དགེ་བསྐོས་རྣམས་གསར་དུ་བསྐོས་བཞག་མཛད་དེ། ད་ལྟ་དགེ་སློབ་ཉིས་བརྒྱ་ལྷག་གིས་འཆད་རྩོད་རྩོམ་གསུམ་དང༌། ཐོས་གསམ་སྒོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་གི་ལས་ལ་དུས་རྟག་ཏུ་འགྲུས་བཞིན་པའི་སྐབས་ལགས་སོ།།
དགུང་གྲངས་དོན་བརྒྱད་ཐོག རི་བོ་གྲུ་འཛིན་དང༌། ཧྲང་ཧེ། ཧྭང་ཀྲིག་སོགས་ལ་ཕེབས་པ་དང༌། སྔ་ཕྱིར་པེ་ཅིང་གྲོང་ཁྱེར་སོགས་མི་རིགས་དང་སྐད་ཡིག་མི་གཅིག་པའི་ཡུལ་གྲུ་དུ་མ་དང༌། ཁྱད་པར་རྒྱལ་བ་གཤེན་གྱི་གདན་ས་ཆེན་པོ་གཙང་སྨན་རི་དགོན་པ་དང༌། རབ་ལེགས་གཡུང་དྲུང་གླིང༌། དཔལ་ལྡན་མཁར་སྣ་དགོན། གཤེན་ཚང༌། ཀོང་པོའི་བོན་རི། བྲག་དཀར་ཤེལ་རྫོང༌། མཚོ་སྔོན་པོ་སོགས་དགོན་སྡེ་དང་གནས་རི་མང་པོར་ཞབས་ཀྱིས་བསྐྱོད་དེ་མཐོང་ཐོས་དྲན་རེག་གི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་བླ་ན་མེད་པར་བསྐྲུན་ཏེ་བོན་འཁོར་རྒྱ་ཆེན་བསྐོར།
དེ་ལྟར་གང་ལ་གང་འདུལ་གྱི་མཛད་པའི་རོལ་གར་ཅིར་ཡང་བསྒྱུར་བའི་ལྔ་ཕྲག་སྙིགས་མའི་འདྲེན་སྟོན་ཆེན་པོ་གང་ཉིད་སྣང་དགོན་བསྟན་པ་ཕྱི་དར་གྱི་སྐབས་ནས་ད་ལྟའི་བར་སྐུ་གསུང་ཐུགས་གསུམ་གྱི་རྟེན་བཞེངས་ཆེ་ཆུང༌། ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་སྲོལ་བཙུགས། དབང་ལུང་མན་ངག་གི་ཞལ་གསུང་བཀའ་དྲིན། རྒྱུ་འབྱོར་བས་གནང་སྦྱིན་གྲངས་མང༌། ཐུགས་མཁྱེན་སྟོབས་ཀྱིས་སྣེ་འདྲེན་དབུ་ཁྲིད་སོགས་མཛད་དེ་རྒྱལ་བ་གོང་མའི་རྒྱལ་ཚབ་དང༌། བླ་མ་གོང་མའི་གདོང་སོབ་ཀྱི་བཀའ་དྲིན་ཚད་མེད་བསྐྱངས་པའི་འོག དགེ་འདུན་འདུས་པའི་སྡེ་རྣམས་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་དུ་ཁྲིད་ནས་སྔ་འགྱུར་རྒྱལ་བ་གཤེན་གྱི་བཤད་སྒྲུབ་བསྟན་པའི་གདུགས་དཀར་མཐོངས་ཆེན་ནམ་མཁའི་དབྱིངས་སུ་བསྒྲེངས་ཤིང༌། བོན་འབངས་ལྷ་སྡེ་མི་སྡེའི་བློ་ཁ་བོན་ལ་བསྒྱུར་ཏེ་ཆེ་བའི་ཉམས་སྦས་ཤིང་དམན་པའི་ཚུལ་བཞེས་ནས། ངོ་བོ་རྒྱལ་བ་དང་མཚུངས་ཤིང༌། བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་སྒོ་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་སྐལ་ལྡན་འདུལ་བྱའི་མོས་བློ་བསྐངས་དང་སྐོང་བཞིན་པའི་བཀའ་དྲིན་ནི་ནམ་མཁའ་རྒྱ་མཚོས་མི་དཔོག་ཀྱང༌། རྒྱུ་སྐར་གྲངས་ཀྱིས་མི་མཚོན་པ་ནི་བཤད་ཀྱང་མ་དགོས་སོ།།
མདོར་ན་དམ་པ་ཁོང་ཉིད་ལྷ་མཐོང་འདྲེ་མཐོང་གི་ཟོལ་གཏམ་སྨྲ་ཞིང༌། ཆེ་ཆེ་མདོག་མདོག་གི་ཉམས་ཀྱིས་འགྱིང་བའི་བླ་སྤྲུལ་རེ་འགའ་དང་གཏན་ནས་མི་འདྲ་བར། ཆུང་ནས་བཟུང་ཟས་སྐྱ་གོས་ཧྲུལ་གྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་བྱ་བྲལ་ཉམ་ཆུང་དང༌། འདོད་ཆུང་ཆོག་ཤེས་ཀྱི་ཚུལ་ལས་གཡོས་པ་མེད་པར། ནམ་ཡང་མངའ་ཐང་ཆེ་གྲགས་དང༌། རྙེད་དང་བཀུར་བསྟི་སོགས་ཀྱི་སྤྲོས་པ་བསྐྱུངས་ཏེ། སྐྱེས་བུ་དམ་པའི་རྣམ་ཐར་ལྷུར་བཞེས་ཀྱི་ངང་ནས། བླ་མ་དང་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་དབང་ལུང་མན་ངག་གི་གདམས་ཟབ་དྲི་མ་མེད་པ་ཐོབ་ཅིང༌། དེ་དག་སྐལ་བ་དང་ལྡན་པའི་གདུལ་བྱ་རྒྱ་མཚོའི་ཚོགས་ལ་གང་ལ་གང་འཚམ་གྱི་སྒོ་ནས་བསྩལ་བ་དང༌། ཡང་སྒོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མཛད་བཟང་བསྐྱངས་པ་དང༌། ལྷག་པར་དུ་སྐལ་ལྡན་གྱི་འགྲོ་བ་སྤྱི་དང༌། ཁས་ཞན་དབང་ཆུང་གི་རིགས་སུ་གཏོགས་པ་དབུལ་བོ་ཉམ་ཆུང་དང༌། ནད་པ་རྡུག་ཐུག ཞ་བོ་དང༌། འོན་པ། ལོང་བ་དང༌།མགོན་མེད་སྐྱབས་མེད་ཀྱི་རིགས་ལ་ཐུགས་བརྩེ་བས་རྟག་ཏུ་གཟིགས་ཏེ་ཉིན་དང་མཚན་མེད་པར། སྔ་དྲོ་དང་ཕྱི་དྲོ་མེད་པར་ཡོན་བདག་སུ་ཞིག་གིས་རེ་བ་གང་ཞིག་ཞུས་ཚེ་དེ་དག་གི་འདོད་བློ་ཡིད་ཚིམས་པ་ཞིག་བསྐངས་པའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྐུ་དྲིན་ཅན་ཞིག་ཡིན་ཕྱིར། རྔ་བའི་མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་ཆེ་བའི་མི་སྣ་རུ་བདམས་ཐོན་ཀྱང་བྱུང་ཡོད་དེ། རྫོང་བོད་ཡིག་སློབ་འབྲིང་གི་༢༠༠༠ལོའི་དེབ་?གངས་ཆབ།?ཏུ། རྒྱལ་བསྟན་སྤྱི་དང་མི་དམངས་ཀྱི་བདེ་སྡུག་ལ་དངོས་སུ་ཐུགས་ཁུར་མཛད་མཁན་སྣང་ཞིག་རྒྱ་འོབས་མཆོག་སྤྲུལ་བསྟན་འཛིན་དབང་རྒྱལ་ཚང་ནི་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་གི་ཁྲི་བ་ཆེན་པོ་ཡིན་ལ། འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་ཅིང༌། ལྷག་པར་དུ་རྫོགས་པ་ཆེན་པོ་དང་དབང་ལུང་ཁྲིད་གསུམ་སོགས་ལ་མཁས་པའི་གྲལ་མགོར་བྱོན་ཡོད། ཁོང་ནི་སྤྱིར་བཏང་གི་བླ་སྤྲུལ་ལྟར་འགྲོ་བྱེད་འཇེབ་འཁོར་དང་བཞུགས་ས་འབོལ་ཁྲི་སོགས་མིན་པར།
ཁོང་ལ་དད་པ་ཡོད་པའི་ཁྱིམ་ཚང་ཞིག་ལ་མི་འདོད་པའི་རྐྱེན་ཞིག་བྱུང་བ་ཐོས་ཚེ་གདན་འདྲེན་ཞུ་མཁན་མ་ཡོང་གོང་ནས་ཞབས་ཐང་དུ་ཐག་ཉེ་རིང་གང་ཡིན་ཡང་སྙིང་རྗེ་ཆོས་སྦྱིན་དུ་ཕེབས་སྲིད་ལ།གནས་དེར་སོས་དལ་བག་ཕེབས་སུ་བཞུགས་ཏེ་འཚོ་བར་རྒྱུས་ལོན་དང་སེམས་གསོ་སློབ་སྟོན་སོགས་བྱས་ཏེ་ཁྱིམ་ཚང་དབུལ་བོ་རྣམས་ལ་ཁོང་ཉིད་ནས་ཕར་རོགས་དངུལ་གྱི་ཚུལ་དུ་དངོས་པོ་སོགས་གནང་སྲོལ་ཡོད། ས་དེ་ཀའི་མི་རྣམས་ཀྱིས་ཀྱང་ཨ་ལགས་ཚང་གིས་མཆོད་ཡོན་ལེན་སྟངས་ནི་རབ་ལ་ལེན་པ་དང༌། འབྲིང་ལ་མི་ལེན། དམན་ལ་ཕར་རོགས་དངུལ་སོགས་སྟེར་བ་རེད།ཅེས་ཟེར།
དེ་མ་ཟད་ཁོང་ལ་ཆོས་ལུགས་ཀྱི་གྲུབ་མཐའི་ཆགས་སྡང་བྲལ་བས་གཟུ་བལྟར་མིག་སྔར་སྤྱི་ཚོགས་རྙིང་བ་ནས་བརྒྱུད་འོངས་པའི་དགོན་སྡེ་ཁག་དང༌། རུ་སྡེ་ཁག་བར་གྱི་འགལ་བ་མང་པོ་ཞིག་དག་སེལ་བྱས་རྐྱེན་མི་རིགས་མཐུན་སྒྲིལ་ལ་བྱས་རྗེས་བླ་ལྷག་ཏུ་ཆེའོ།།ཞེས་སོགས་ངོ་བོའི་གནས་ཚོད་དང་བསྟུན་པའི་གཏམ་མང་དུ་བཤད་ཡོད་པ་ལྟར། ཁོང་ལ་གྲུབ་མཐའ་བན་བོན་གྱི་དབྱེ་འབྱེད་མེད་ཅིང༌།
མཐོ་དམན་ཕྱུག་དབུལ་གྱི་ངོ་སོ་མི་དམིགས་པར་རང་བས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོང་བཞིན་བསྟན་འགྲོ་ཁོ་ནའི་དོན་ལ་གཟིགས་པ་མ་གཏོགས་གཉེན་དང་ཉེ་དུ་སྐྱོང་བའི་རྣམ་ཐར་མེད་ལ།
འཁོར་དང་ལོངས་སྤྱོད་བསྡུ་བའི་ཞེན་ཆགས་ཀྱང་ཡེ་ནས་མི་མངའ། ཁོང་རིན་པོ་ཆེ་གང་དུ་འགྲོ་དོན་ལ་ཕེབས་ཚེ་དེ་གར་ཡར་མཆོད་མར་སྦྱིན་གྱི་སྲོལ་ཕྱེས་ཤིང༌། གང་ནས་ཉམ་ཐག་མཐོང་ཚེ་དེ་ལ་གཅེས་གཅེས་དུང་དུང་གིས་བརྩེ་གཟིགས་མཛད་ཚུལ་སོགས་ཡོད་པ་ནི་བླ་མ་ཁོང་གི་ཐུན་མོང་མ་ཡིན་པའི་གཤིས་སུ་གྲུབ།
ཁྱད་པར་དུ་སྔ་ཕྱིར་དགོན་སྡེ་ཁག་གི་བཤེས་གཉེན་བླ་སྤྲུལ་མང་པོར་བསྟན་དམ་གོང་བུ་གཅིག་ཏུ་གྱུར་བའི་མཆོད་འབྲེལ་བཀུར་བསྟི་སོགས་ཀྱི་འབྲེལ་བ་བཙུགས་ཤིང༌། ཡུལ་ཕྱོགས་གང་དུ་ཕེབས་ཚེ་དེ་གའི་དམངས་ཚོགས་ལ་ཆོས་ལུགས་གྲུབ་མཐའི་འགལ་བ་དང་ས་རྩོད་ཆུ་རྩོད་སོགས་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་ངན་དེ་དག་སྒྲུབ་མི་རུང་བའི་བཀའ་སློབ་དང་འབྲེལ་ནམ་ཡང་སློབ་གསོ་གཙིགས་ཆེན་དུ་འཛིན་དགོས་པ་དང༌། མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་མི་རིགས་དང་སྤྱི་ཚོགས་ཀྱི་སྤུས་ཚད་ཇེ་མཐོ་དང་ཇེ་ལེགས་སུ་གཏོང་དགོས་པའི་བཀའ་མོལ་གནང་དང་གནང་མུས་ཡིན།
ད་ལྟ་དགུང་ལོ་བརྒྱད་ཅུ་ཡིན་ལ། ཁོང་ཉིད་ཀྱིས་སྐུ་ན་ཆུང་དུས་ནས་བཟུང་འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ་གྱི་རྩལ་སྦྱངས་ཏེ་མཁས་པ་དང་གྲུབ་པའི་ཁྲི་འཕང་མཐོན་པོར་ངང་གིས་བཞེངས་ཤིང་མཁས་བཙུན་བཟང་གསུམ་གྱི་སྙན་པ་ཡང་གངས་ལྗོངས་འཛིན་མའི་ཁྱོན་ལས་བརྒལ་ཏེ་རྗེས་འཇུག་སྐལ་ལྡན་གྱི་སློབ་བུ་རྣམས་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་བཞིན་ཡོད། ཡོངས་གྲགས་སུ་ཁོང་གི་མཚན་ལ་རྒྱ་འོབས་བླ་མ་ཞེས་འབོད་བཞིན་ཡོད་པ་འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྣང་ཞིག་རྒྱལ་ཚབ་རྗེ་བླ་མ་༧ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་ཁོང་ཉིད་ཀྱིས་ཡེ་གདོད་མའི་དུས་ནས་ས་ལམ་གྱི་བགྲོད་པ་མ་ལུས་མཐའ་རུ་ཕྱིན་ཏེ་འགྱུར་མེད་གཡུང་དྲུང་གི་རྒྱལ་སའི་གོ་འཕང་མཐོན་པོར་བརྙེས་ཟིན་ནའང༌།
ད་ལྟའི་བསྟན་འགྲོ་གཉིས་ལ་ཆེད་དུ་དགོངས་ཏེ་བསམ་བཞིན་གཟུགས་སྐུའི་བཀོད་པ་མི་ཡི་རྣམ་པར་བཞེངས་ནས་རིས་མེད་གདུལ་བྱ་རྒྱ་མཚོར་གཟིགས་པའི་རྣམ་དཀར་ལེགས་བྱས་ཀྱི་མཛད་པ་རྒྱ་མཚོ་ལྟར་གཏིང་ཟབ་པ།
རི་དབང་ལྟར་དཔངས་མཐོ་བ། རྒྱུ་སྐར་ལྟར་གྲངས་ལས་འདས་པ་ཞིག་ཏུ་ཡོད་པ་ལས། འདི་ནི་རྒྱ་མཚོ་ལས་ནི་ཆུ་ཐིགས་ཀྱི་དཔེ་རུ་སོང་གཤིས། ཁོང་གི་མཛད་རྣམ་རྒྱས་པ་གཞན་དུ་བཞུགས་ཡོད་པར་དེར་བལྟ་བར་བྱའོ།། དེ་ལྟར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མི་རུ་བཞེངས་པ་ངེས་དོན་རིགས་ཀུན་ཁྱབ་བདག་གསང་གསུམ་ཐུགས་རྗེའི་གཏེར་འཆང་རྗེ་བླ་མ་མཆོག་ཉིད་ཀྱིས་དུས་ནམ་ཡང་ཆེན་པོའི་མཚན་གྱི་ཅོ་པཎ་གཞན་ལ་ངོམ་སྟེ་བསྟོད་བཀུར་སྙན་གྲགས་སོགས་ལ་དགྱེས་པའི་སྤྱན་ཞགས་འཕེན་པ་མེད་པར་ཟླ་མེད་ཀྱི་ལྷག་བསམ་དང༌། ཞུམ་མེད་ཀྱི་ཐུགས་སྟོབས་ལ་བརྟེན་ནས་བསྟན་འགྲོར་སྨན་པའི་མཛད་བཟང་གི་བོན་འཁོར་རྟག་ཏུ་སྐོར་བཞིན་ད་ལྟ་མཚན་དཔེ་ཡིད་བཞིན་དབང་གི་རྒྱལ་པོའི་བཀོད་པ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པའི་སྐབས་ལགས་སོ།། ཞེས་དཔལ་ལྡན་དྲིན་ཅན་བླ་མའི་མཛད་བསྡུས་ངོ་མཚར་ཡོངས་འདུས་ལྗོན་པའི་དགའ་ཚལ་ཞེས་བྱ་བ་འདི་ཉིད་བྲིས་པ་ལ་ཉེས་འགལ་གང་མཆིས་སྐྱབས་ཡུལ་ཚོགས་ལ་བཤགས་ཤིང་དགེ་བས་དྲིན་ཅན་བླ་མའི་ཞབས་པད་གཡོ་མེད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་ཤིས་སྨོན་བཅས།
གང་གི་གུས་སློབ་བྱེ་བའི་གྲལ་མཐའ་བ་གདོང་བཙུན་རྒྱ་ཐར་གྱིས་མདོ་སྨད་ཀྱི་དགོན་སྡེ་ཆེན་པོ་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་དུ་སྒོ་གསུམ་གུས་པ་ཆེན་པོས་སྦྱར་བ་དགེ་གྱུར་ཅིག ། དགེའོ།། བཀྲ་ཤིས་སོ།།