རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ལས་འཕྲོས་ཏེ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་མཛད་རྣམ་སྐོར་ཟུར་ཙམ་གླེང་བ།
རྒྱལ་གཤེན་ཡ་ངལ་ལམ་ཡང་སྟོན་ཆེན་པོའི་གདུང་རྒྱུད་ཀྱི་གྲོལ་ཕུགས་ནི་ཐོག་མར་འོད་གསལ་ལྷ་ལས་མཆེད་ཅིང༌། དེ་ཡང་སྟོན་པ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་གོང་ནས་ཡོད་པར་ངེས་པ་༼མཛད་མདོ་དྲི་མེད་གཟི་བརྗིད་༽ལས། རི་རབ་ཀྱི་ཁ་ཁྱེར་རྩུབ་འགྱུར་དྲེགས་པའི་ཚལ་དུ་སྟོན་པས་འཇིག་རྟེན་དྲེགས་པ་ཅན་རྣམས་དབང་དུ་བསྡུ་བའི་ཕྱིར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གར་གྱི་དབང་ཕྱུག་དུ་སྤྲུལ་བའི་དུས་སུ་ས་གཡེན་ཆེ་བ་བཅུ་གཅིག་གི་གྲལ་ནས་སྲིན་བོན་ཡ་ངལ་སྲིན་ཁམས་དང་བཅས་པ་སྟོན་པའི་དྲུང་དུ་འཁོད་དོ། ཞེས་གསལ་ཞིང༌། དེ་རྗེས་བོད་དུ་བོད་རྗེ་གཉའ་ཁྲི་བཙན་པོའི་སྐུ་དུས་སུའང་ཡ་ངལ་མཚེ་གཅོ་གསུམ་གྱིས་ཉམས་སྒྲིབ་སེལ་ཆེད་ཕ་བ་ཡ་ངལ་སྤྱན་དྲངས་ནས་སེལ་དང་བསང་བྱས། གཤེན་ལ་སྔ་བ་ཡ་ངལ་མཚེ་གཅོ་གསུམ། བོན་ལ་སྔ་བ་སྤྱི་སྤུངས་གསང་བའི་སྐོར། ཞེས་སོགས་རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་གོ་ཐོབ་ཡོད་པའི་གདུང་རྒྱུད་རྩ་ཆེན་ཞིག་ཡིན་ལ། གདུང་རྒྱུད་རིམ་པས་བོད་རྒྱལ་རིམ་བྱོན་གྱི་སྐུ་གཤེན་དང་བློན་པོ་གནང་མྱོང་བར་མ་ཟད་གསོ་རིག་ལ་མཁས་པའི་གྲུབ་པ་ཐོབ་པ། ཡང་སྟོན་སྨན་ཚེ་ཞུ་བ་བཅས་རིག་གཞུང་ལ་བྱས་རྗེས་ཆེ་བའི་མཁས་པའང་མང་དུ་འཁྲུངས། ཕྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ནང་བོད་རྒྱལ་གྲི་གུམ་བཙན་པོས་གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་རྐྱེན་མཛད་སྐབས། སྐུ་གཤེན་ཡ་ངལ་ཆེན་པོའང་ཐུགས་ཆད་དེ་སྤུ་ལྡེ་གུང་རྒྱལ་དང་ལྷན་རྐོང་ཡུལ་དུ་གཤེགས་ནས་བོན་རི་དམུ་རི་སྨུག་པོར་༼ཡང་དགོན་མཐོང་གྲོལ་གླིང༌།༽ཕྱག་བཏབ་ནས་དེར་བཞུགས་མཛད། བོད་རྒྱལ་སྲོང་བཙན་སྒམ་པོར་མཛངས་བློན་མི་བདུན་བྱུང་བའི་ལྔ་པ་སྙགས་ཀྱི་ཕྲི་བཟང་ཡ་ངལ་ཞུ་བའང་རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ཡིན་ལ། རྒྱལ་པོ་ཁྲི་རལ་སྐབས་ཀྱི་སྐུ་གཤེན་ཡ་ངལ་གསས་རྒྱལ་ཞུ་བ་དང༌། གྲུབ་ཆེན་མུ་ལ་རས་པའི་ཡུམ་ཡ་ངལ་བཟའ་བསམ་གཏན་སྒྲོན་མ་བྱ་བའང་རྒྱལ་གཤེན་ཡ་ངལ་གྱི་སྲས་རྒྱུད་ཡིན། ཐོག་མར་རྒྱལ་པོ་གཉའ་ཁྲིའི་སྐུ་གཤེན་ཡ་ངལ་མཚེ་གཅོ་ཞུ་བ་ཡར་ལུང་སོག་ཁར་བཞུགས་པའི་སྐབས་ཤིག་ལ་ཞང་ཞུང་སྙན་རྒྱུད་ཀྱི་སྲུང་མ་གཙོ་བོ་རྒྱལ་པོ་ཉི་པང་སད་གཙོས་ལྷ་སྲུང་དམ་ཅན་རྒྱ་མཚོར་བཀའ་བགོས་དམ་བདར་མཛད་སྐབས་ནམ་མཁའ་ནས་བྱ་ཞིག་འཕུར་བ་གཟིགས་ཤིང༌། བྱ་དེ་གཙང་སྟོད་སྟག་རྩེ་ལ་བབས་པ་བརྡ་རྟགས་རྟེན་འབྲེལ་དུ་དགོངས་ནས་སྐུ་གཤེན་གྱིས་གཙང་སྟོད་དུ་ཡུལ་བཟུང་བའི་རྒྱུ་མཚན་ལ་བརྟེན་ཕྱིས་སུ་སྟག་རྩེ་བྱ་རི་ཞེས་ད་ལྟའང་འབོད། བྱ་དེ་སླར་ཡང་བོད་ཀྱི་ལྷོ་ངོས་ཏེ། ནེ་པལ་བྱང་རྒྱུད་དུ་འཕུར་བས་སྐུ་གཤེན་གྱི་ཐུགས་ལ་ཕྱིས་སུ་ཡ་ངལ་བའི་སྲས་རྒྱུད་ཀྱི་བསྟན་པ་གློ་དོལ་པོའི་ཕྱོགས་སུ་ཚུགས་པའི་ལྷ་བླའི་ལུང་བསྟན་བྱུང་བ་བཞིན་ད་ལྟའི་བར་ཡ་ངལ་གྱི་གདུང་རྒྱུད་ཟམ་མ་ཆད་པར་བྱོན། དེའི་ནང་ནས་ཀྱང་༼ཕྱི་ལོ་༡༠༧༧མེ་སྦྲུལ་༽ལོར་ཁྱད་དུ་འཕགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་༧ཡ་ངལ་སྟོན་པ་ཤེས་རབ་རྒྱལ་མཚན་ནམ་བླ་མ་ཡང་སྟོན་ཆེན་པོ་༼སྐབས་དེ་ནས་བཟུང་ཡ་ངལ་གྱི་སྟོན་པ་རིམ་བྱོན་ལ་ཡང་སྟོན་ཞེས་གྲགས་པར་སེམས༽ཞེས་ཡོངས་སུ་གྲགས་པ་དེ་འཁྲུངས་ནས་ཁོང་གིས་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱི་མདུན་དུ་ཕྱི་མཚན་ཉིད་སྡེ་ལྔའི་བོན་ལ་སྒྲོ་འདོགས་བཅད། རྗེ་ཀུན་འདུལ་དང༌། རྟོག་མེད་ཞིག་པོའི་མདུན་དུ་ནང་གསང་སྔགས་ཀྱི་རིམ་པ་བླ་མེད་རྫོགས་པ་ཆེན་པོར་ཉམས་ལེན་ཕུལ་དུ་ཕྱིན་པར་མཛད་ནས་ཉམས་ཁྲིད་རྒྱས་བསྡུས་ཀྱི་གདམས་ངག་རྣམས་ཕྱོགས་གཅིག་ཏུ་དྲིལ་ཏེ་ཡི་གེར་ཐོག་མར་བཀོད་པ་སོགས་བསྟན་དོན་ལ་ཆེས་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཡང་སྟོན་ཆེན་པོའི་སྐུ་ཚེའི་སྟོད་ལ་གསང་ཡུམ་བཞེས་ནས་སྲས་སུ་དམ་པ་འབུམ་རྗེ་དང་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་སོགས་འཁྲུངས་ཤིང༌། དམ་པ་འབུམ་རྗེ་ནི་རྫོགས་པ་ཆེན་པོར་གྲུབ་པ་མངའ་བརྙེས་པས་བཀའ་རྒྱུད་རིག་འཛིན་དགུ་ཡྀ་གྲལ་དུ་འཁོད། གཅུང་བཀྲ་ཤིས་རྒྱལ་མཚན་ནམ་འགྲོ་མགོན་ཀླུ་བྲག་པ་ནི་གློ་དོལ་པོའི་ཡུལ་དུ་ཕེབས་ནས་སྐུ་ཚེའི་སྟོད་ལ་གསང་ཡུམ་བཞེས་ཤིང་ཡ་ངལ་གྱི་སྲས་རྒྱུད་སྤེལ། སྐུ་སྲས་ཡང་སྟོན་སྔགས་པ་ཞུ་བས་དོལ་པོའི་ཕྱོགས་སུ་ཡང་སྟོན་གྱི་གདུང་རྒྱུད་སྤེལ་ཀྱང་སྲས་དྲང་སྲོང་བྷ་སུ་ནས་དོལ་པོའི་ཕྱོགས་སུ་ཡང་སྟོན་གྱི་གདུང་རྒྱུད་ཆད་པར་བརྟེན། སྔ་མའི་ཡབ་མེས་འབྱོན་ཡུལ་གཙང་སྟོད་སྟག་རྩེ་བྱ་རི་ནས་ཡང་སྟོན་རྒྱལ་མཚན་རིན་ཆེན་གདན་ཞུས་གནང་ནས་ཡང་དགོན་༼བདེ་ལྡན་བསམ་གཏན་གླིང་༽ཕྱག་བཏབ་མཛད་ཅིང་ཡང་སྟོན་གྱི་གདུང་རྒྱུད་འཛིན་པའི་སྐྱེས་བུ་རིམ་གྱིས་འཕེལ་རྒྱས་སུ་གྱུར། ཡང་སྟོན་གྱི་དགོན་སྡེ་མང་དུ་མཆིས་པའི་ནང་ནས་ཐོག་མར་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼ཀླུ་བྲག་ཉི་ཞབས་དགོན་༽དང༌། ཡང་སྟོན་རྒྱལ་མཚན་རིན་ཆེན་གྱིས་ཕྱག་བཏབ་པའི་༼བདེ་ལྡན་བསམ་གཏན་གླིང༌།༽ ཡང་སྟོན་གཙུག་ཕུད་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼སྟར་རྫོང་ཕུན་ཚོགས་གླིང༌།༽ ཡང་སྟོན་དཔལ་ལྡན་བཟང་པོས་ཕྱག་བཏབ་པའི་༼ཚྭ་དགའ་གཡུང་དྲུང་ཉི་ཤར་དགོན།༽ ཡང་སྟོན་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་༽བཅས་སྔགས་དགོན་དང་འདུལ་དགོན་མང་དུ་འཕེལ། རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ཟམ་མ་ཆད་པར་རིམ་པར་བྱོན་པའི་ནང་ནས་ད་ལྟ་སྐུ་དངོས་སུ་བཞུགས་པ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནི་བལ་པོའི་བྱང་ནུབ་སྟེ་དོལ་ཕྱོགས་གྲུ་བཞི་ལས་བན་ཚང་ཚོ་གསུམ་གྱི་ནང་ཚན་ཚྭ་དགའ་བྱ་བར་ཡབ་ཡང་སྟོན་བསྟན་འཛིན་བསམ་འགྲུབ་དང༌། ཡུམ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་༼ཕྱི་ལོ་༡༩༦༣།༡།༡༥ཉིན་༽ལོར་སྐུ་འཁྲུངས། ཕྱི་ལོ་༼༡༩༧༥༽ནས་གཅེན་པོ་བཀྲ་ཤིས་རྒྱལ་མཚན་གྱི་མདུན་ནས་ཡི་གཻ་འབྲི་ཀློག་དང་ཡིག་གཟུགས་སྦྱོང་བརྡར་སོགས་ཡུན་རིང་མ་འགོར་བར་ཚེགས་མེད་དུ་མཁྱེན། དེ་ནས་ལོ་གསུམ་རིང་༼ཡང་དགོན་སྟར་རྫོང་ཕུན་ཚོགས་གླིང་༽དུ་ཡི་དམ་གསས་མཁར་མཆོག་ལྔ་གཙོས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་བསྙེན་བསྒྲུབ་ལ་བཞུགས་གནང་བ་སོགས་བོན་ཕྱོགས་ཀྱི་ཆོག་ཁྲིག་ཀུན་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད། ཕྱི་ལོ་༼༡༩༧༩༽ལོར་གཅེན་པོ་བཀྲ་ཤིས་རྒྱལ་མཚན་དང་ལྷན་རྒྱ་གར་དུ་ཕེབས་ནས་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། ༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་མཚན་དུ་འཕྲི༵ན་ལ༵ས་ཉི༵་མ༵་ཞེས་བསྩལ། ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་སྟེ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་གཙོས་བཅུ་ཕྲག་རིག་པའི་གནས་ཀུན་ལ་གསན་བསམ་རྒྱ་ཆེར་གནང་བར་མ་ཟད། དགེ་བཤེས་གཡུང་དྲུང་རྣམ་རྒྱལ་༼དགེ་བཤེས་བརྩོན་འགྲུས་དགོངས་འཕེལ་༽གྱི་མདུན་ནས་ཀྱང་བོན་གྱི་གཞུང་ལུགས་ཁག་གི་ཟུར་རྒྱན་དུ་གཞན་སྡེའི་དབུ་ཚད་སོགས་ལ་ཐུགས་བཞེས་ཡང་དག་གནང་བས་རང་གཞན་ཀུན་གྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་རྩེར་སོན་དུ་གྱུར། ཕྱི་ལོ་༼༡༩༨༩།༢།༢༡༽ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་བཀའ་པོད་རྒྱ་མཚོའི་གཞུང་ལ་དམ་བཅའི་ངག་རྒྱུགས་དང་རྩོད་རྒྱུགས་སྔ་རྗེས་སུ་གནང་རྗེས་བཀྲ་ཤིས་དམ་འཇོག་གནང་མཛད་ཅིང༌། མཐར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཟང་ལྷ་ཡི་ཅོད་པཎ་སྤྱི་བོར་བཞེས། དེ་ནས་བཟུང་ལོ་གསུམ་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཚན་ཉིད་རྒན་ལགས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་༼༡༩༩༢༽ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་༧ཡོངས་འཛིན་དཔོན་སློབ་རྣམ་གཉིས་ཀྱིས་༧སྨན་རིའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་བབ་དམ་ཚིག་ཟབ་མོའི་འབྲེལ་བ་དབུ་ཐོག་ཏུ་ཕབ་པར་བརྟེན་ལོ་དེའི་བོད་ཟླ་བ་དང་པོའི་ཚེས་ལྔ་སྟེ་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་བསྟུན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བོན་འབངས་སེར་སྐྱ་ལྷན་རྒྱས་ཀྱིས༧སྨན་རིའི་དཔོན་སློབ་ཀྱི་བཞུགས་ཁྲིར་མངའ་གསོལ་ཞུས། དེ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཛད་འགན་ཆ་ཚང་བཞེས་ཏེ། མདོ་སྔགས་སེམས་གསུམ་གྱི་གཞུང་ཁྲིད་རྒྱ་ཆེར་གནང་ཞིང་སློབ་མཐར་སོན་པའི་དགེ་འདུན་པ་བཅུ་གྲངས་གསུམ་ལྷག་ལ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བརྟག་གནང་བར་མ་ཟད། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རིགས་ལ་དབྱེ་འབྱེད་དང་དབུལ་ཕྱུག་བར་གཟིགས་ཕྱོགས་གང་ཡང་མ་མཛད་པར་ཐུགས་སྤྲོ་སྤྲོའི་ངང་ནས་བོན་གྱི་དབང་ལུང་གི་གདམས་པ་ཟབ་མོས་གདུལ་བྱའི་སེམས་རྒྱུད་ཡོངས་སུ་ཚིམས་པར་བྱས། ༧རིན་པོ་ཆེ་མཆོག་གིས་སྔ་ཕྱིར་ཕྱིའི་སྐད་ཡིག་ལའང་ཐུགས་གཙིགས་གང་དྲགས་གནང་བར་བརྟེན་༼༡༩༩༤༽ལོར་རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་པ་༼Donatella Rossi༽ལགས་དང་ལྷན་བསྒྲགས་པ་སྐོར་གསུམ་གྱི་ནང་ནས་༼ལྟ་བ་སེང་གེ་སྒྲ་སྒྲོགས་དང་ལྟ་བ་ལ་ཤན་སྒྲོན་མེ།༽ཡང་རྩེ་ཀློང་ཆེན་གྱི་ནང་ནས་༼ངེས་དོན་ལྟ་བའི་སྐོར་དང་རྒྱུད་བུ་ཆུང་བཅུ་གཉིས་༽བཅས་དབྱིན་སྐད་དུ་༼THE PHILOSOPHICAL VIEW OF THE GREAT PERFECTION IN THE TIBETAN BON RELIGION༽ཐོག་མར་བསྒྱུར། ཕྱི་ལོ་ ༼༡༩༩༥༽ལོར་ཡབ་གཞིས་སུ་ཞབས་སོར་བཀོད་ནས་ལས་ལྡན་སྐྱེ་བོ་དུ་མར་དབང་ལུང་ཁྲིད་གདམས་ཀྱི་མན་ངག་བཀའ་དྲིན་བསྩལ་རྗེས་བལ་ཡུལ་ནས་མཁའ་ལམ་བརྒྱུད་རྒྱ་གར་དུ་འབྱོར་ཅིང་ཐོབ་རྒྱལ་གསར་པར་སྐྱ་སེར་ཀུན་གྱིས་ཕེབས་བསུ་རྒྱ་ཆེར་ཞུས། ལོ་དེའི་ཟླ་བ་བཅུ་གཅིག་པའི་ནང་ཆོས་ཚོགས་ཐེངས་ལྔ་པར་གཡུང་དྲུང་བོན་གྱི་བླ་ཆེན་གྱི་སྐུ་ཚབ་གནང་སྟེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་བསྟན་དོན་ལ་སྨན་པའི་བཀའ་བགྲོས་ཐེངས་དུ་མར་མཛད། ཕྱི་ལོ་༼༡༩༩༦༽ལོར་གླིང་ཚང་གཞིས་ཆགས་སུ་ཡོད་པའི་༼རྫ་སྨོན་རྒྱལ་གཡུང་དྲུང་གླིང༌།༽གི་གཙུག་ལག་ཁང་ཆེན་མོ་དབུ་འཛུགས་ཆེད་ལྷ་སྡེ་ཡོངས་ཀྱིས་གསོལ་བ་བཏབ་པའི་རེ་འབྲས་སུ་ལྡེ་ར་ལྡུན་དུ་ཕེབས་ནས་ཐུན་མིན་བོན་གྱི་གཞུང་དོན་དང་བསྟུན། ས་འདུལ་དང་ས་དཔྱད་སོགས་ཆོ་གའི་རིམ་པ་རྣམས་ལེགས་པར་བསྐྱངས་ཤིང་༧རིན་པོ་མཆོག་གི་ཐུགས་བསྐྱེད་ཟབ་མོའི་བཀའ་དྲིན་དང་བྱིན་མཐུ་ལ་བརྟེན་༼༢༠༠༠༽ལོར་ལེགས་གྲུབ་བྱུང༌། དགུང་གྲངས་སོ་ལྔ་ཕྱི་ལོ་༼༡༩༩༧༽ལོར་ཕྱི་རྒྱལ་དུ་ཡོད་པའི་ཆོས་ཚོགས་ཀརྨ་གླིང་ནས་གདན་ཞུས་གནང་དོན་ལྟར་༼France༽ལ་ཕེབས་ཏེ་༼ཏ་པི་ཧྲི་ཙའི་སློབ་གཉེར་ཁང་༽ གསར་འཛུགས་གནང༌། དེ་སྐབས་༼གནའ་བོའི་འཛམ་གླིང་གི་ཆོས་ལུགས་ཚོགས་ཆེན་༽ཐོག་མི་མང་སྟོང་ཕྲག་བརྒྱད་ལྷག་ལ་བོན་གྱི་ཆོས་དང་རིག་གཞུང་སྐོར་ངོ་སྤྲོད་ཟབ་ཅིང་རྒྱས་པ་མཛད། སྐབས་དེར་ཚོགས་འདུར་དངོས་སུ་ཞུགས་པའི་ཁྲོད་བོད་རིགས་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རིན་པོ་ཆེ་རྣམ་གཉིས་ལས་གཞན་མེད། ཕྱི་ལོ་༼༡༩༩༨༽ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་༼Henk Blezer༽ ལགས་དང་ལྷན་ཤར་རྫའི་སྐུ་གསུམ་རང་ཤར་ལས་༼ཐོད་རྒལ་སྣང་བཞྀའི་ཉམས་ལེན་ངོ་མཚར་སྣང་བའི་ལྟད་མོ་༽ཞེས་བྱ་བ་དབྱིན་སྐད་དུ་བསྒྱུར། ཕྱི་ལོ་༼༢༠༠༠༽ལོར་ཨ་རིར་ཡོད་པའི་བོན་གྱི་ཆོས་ཚོགས་ལིག་མིན་རྐྱའི་དགེ་ལས་ཐུན་མོང་ནས་གསོལ་བ་བཏབ་དོན་ལྟར་ཨ་རིར་ཕེབས་ཤིང་ཨ་རིའི་བོད་སྐད་རྒྱང་བསྒྲགས་ལས་ཁང་དུ་བོན་གྱི་ཆོས་རིག་སྐོར་གསལ་བསྒྲགས་གནང་བ་སོགས་གྲོང་ཁྱེར་འདྲ་མིན་དུ་ཕེབས་ནས་བོན་སྤྱོད་སྙིང་པོ་རྣམ་གསུམ་གཙོས་བོན་སྤྱོད་འཕགས་པའི་ཡན་ལག་སྐོར་ཞལ་གདམས་སྣ་ཚོགས་མཛད། ལོ་དེའི་ཟླ་བ་བདུན་པའི་ནང་དོལ་པོ་སྐྱིད་སྡུག་ཚོགས་པས་གདན་ཞུའི་གསུང་འཕྲིན་ཕུལ་བ་གཞི་བཟུང་གིས་༼ཤེལ་གྱི་རི་བོ་འབྲུག་སྒྲའི་༽གནས་སྟོན་དང་བསྟུན། བལ་བོད་མི་མང་ཆིག་ཁྲི་ལྷག་ལ་ཚེ་དབང་བྱ་རི་མའི་དབང་ལུང་གནང་ཞིང་གནས་སྐོར་གྱི་བཤད་པ་དང་འབྲེལ་བླང་དོར་ལམ་སྟོན་གྱི་ཞལ་གདམས་ལྷུག་པར་མཛད། དེར་ཡོད་རྙིང་མའི་དགོན་སྡེ། གནས་གསར་དགོན་སོགས་ཀྱིས་གདན་ཞུས་གནང་ནས་མཎྡྲལ་སྐུ་གསུང་ཐུགས་གསུམ་གྱི་བརྟན་བཞུགས་ཕུལ་བ་དང༌། ཡང་དགོན་བསམ་གཏན་གླིང་དང༌། པད་མོ་དགོན། སྲིབ་ཕྱོགས་དགོན། ཀླུ་བྲག་དགོན། མཐའ་སྲུང་དགོན། ཏ་པི་ཧྲི་ཙའི་སློབ་གྲྭ། གངས་ཅན་སྨན་ཁང་སོགས་ཚོགས་སྡེ་བཅུ་གྲངས་ལྷག་གིས་ཕེབས་བསུ་ཞུས་པར་མ་ཟད་བཀའ་བརྟེན་འགྱུར་གྱི་དཀར་ཆག་གང་དུའང་མ་གསལ་བའི་བོན་གྱི་ཡིག་རྙིང་དཔེར་ན་༼མེ་སྟོན་གྱིས་མཛད་པ་བྱང་སེམས་གབ་པའི་འགྲེལ་པ།༽སོགས་ཡྀག་རྙིང་ཐོར་བུ་དུ་མ་ཞིག་གནའ་བོའི་དགོན་རྙིང་ཁག་གི་ཐལ་རྡུལ་ཁྲོད་ནས་རྙེད་སོན་བྱུང༌། ཉིན་ཤས་རྗེས་༧རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་འཛོམས་གསུམ་བརྒྱུད་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་མང་གིས་ཕེབས་བསུའི་སེར་ཕྲེང་གི་སྣེ་བསྒྲིགས་ནས་གཟིམ་ཆུང་དུ་གདན་ཞུས་གནང༌། ཕྱི་ལོ་༼༢༠༠༡༽ལོར་ཨ་རིར་ཡོད་པའི་མཐོ་སློབ་༼Mary Hurst University༽དང་༼Portland State University༽གཉིས་ནས་གདན་ཞུའི་འཕྲིན་ཡིག་ཕུལ་དོན་ལྟར་མཐོ་སློབ་ཏུ་ཕེབས་ནས་དབྱིན་ཇིའི་སྐད་ཡིག་ལ་སྐྱར་སྦྱོང་མཛད་ཅིང་མཐོ་རིམ་སློབ་གྲྭའི་ཕྱག་འཁྱེར་གཟེངས་རྟགས་བཞེས། དམིགས་བསལ་བདུན་རེའི་ནང་མཐོ་སློབ་ཁང་གཉིས་ཀྱི་དགེ་སློབ་ཐུན་མོང་ལ་བོན་གྱི་ཆོས་དང་བོད་ཀྱི་རིག་གཞུང་སྐོར་སློབ་ཁྲིད་བསྐྱངས་ཤིང༌། སྐབས་དེར་མཁས་དབང་ནམ་མཁའི་ནོར་བུ་དང་ལྷན་བདུན་ཕྲག་གཅིག་རིང་བོན་གྱི་སྐོར་བགྲོ་གླེང་བསྟུད་མར་མཛད། སླར་ཡང་ཕྱི་ལོ་༼༢༠༠༢༽ལོར་ཨ་རིར་ཕེབས་ནས་༼Rice University༽མཐོ་སློབ་ཁང་སོགས་ཚོགས་སྡེ་བཅུ་ཕྲག་ཁ་ཤས་ལ་འབྱུང་བའི་སྐོར་གཙོས་ཞལ་གདམས་ཁྲིད་ལུང་གནང་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད། ལོ་དེའི་ཟླ་བ་དང་པོའི་ནང་སླར་ཡང་ཝཱ་ར་ན་སིར་ཆོས་རྒྱུད་ཆེན་པོ་ལྔའི་ཚོགས་ཆེན་ཐོག་གཡུང་དྲུང་བོན་གྱི་༧བླ་ཆེན་གྱི་སྐུ་ཚབ་གནང་རྗེས་བཞུགས་གནས་སུ་ཞབས་བཅགས་ནས་རྒྱུན་ལྡན་ལྟར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་འདུས་སྡེ་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་སློབ་གཉེར་ཡོངས་ལ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཟབ་མོའི་ཉིང་བཅུད་དང་ཐུན་མོང་རིག་གནས་བཅས་ཞལ་ཁྲིད་གནང་བཞིན་པར་མ་ཟད། སྐུ་ངལ་ལ་འཛེམ་ཟོན་གང་ཡང་མེད་པའི་ཐོག་བཀའ་བརྟེན་འགྱུར་གྱི་དབང་ལུང་ཟམ་མ་ཆད་པར་སྩོལ་བཞིན་པ་བཅས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་བཀའ་དྲིན་ཟབ་མོའི་ཆ་ཤས་ཙམ་རྩོམ་སྒྲིག་ཚོགས་ཆུང་ནས་དད་པས་འཕྲལ་དུ་བཀོད་པའོ། །