ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> ཁྱུང་མོ་སྟོབས་ལྡན་དབང་ཕྱུག
ཁྱུང་མོ་སྟོབས་ལྡན་དབང་ཕྱུག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 10-11-30] [ཀློག་གྲངས། ]

མདོ་སྨད་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་གི་དབུ་བླ་

༧ཁྱུང་མོ་སྐུ་ཕྲེང་ཉེར་གསུམ་པ་སྟོབས་ལྡན་དབང་ཕྱུག་མཆོག་གི་མཛད་རྣམ་རགས་བསྡུས།

      སྐུ་ཕྲེང་ཉེར་གསུམ་པ་ཁྱུང་མོ་སྐལ་བཟང་བསྟན་པའི་རྒྱལ་མཚན་ནམ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་ནི། གངས་ལྗོངས་འཛིན་མའི་ཡ་གྱལ་མདོ་སྨད་ཅང་ཤེས་ཆོལ་ཁའི་བྱེ་བྲག་རྒྱལ་འཕགས་ཐམས་ཅད་ཀྱི་ལུང་གིས་བསྔགས་པ། གདེངས་ཅན་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཆེན་མོ་མཚོ་སྔོན་ཁྲི་གཤོག་རྒྱལ་མོ་ཞེས་སུ་གྲགས་པ་སྙན་པའི་བ་དན་སྲིད་པའི་རྩེ་མོ་ན་ལྷང་ལྷང་དུ་གཡོ་བ། ཡོངས་གྲགས་སུ་མཚོ་སྔོན་པོ་ཞེས་པའི་ལྷོ་རྒྱུད་དུ་སྟོབས་ལྡན་གླང་ཆེན་གྱི་མཆེ་བའི་མདངས་ལ་འཁུ་བའི་ས་འཛིན་དཀར་པོའི་ཕྲེང་བ་ཚར་དུ་དངར་བའི་དཀྱིལ་འཁོར་ན། འཇིག་རྟེན་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཆེན་མོ་བློན་པོ་གསེར་ཆེན་ཞེས་པ་བརྗིད་ཉམས་ཀྱིས་འགྱིང་བ། ཤར་ན་བལ་ཝོན་དུང་རི་དཀར་པོས་སྤྲིན་དཀར་གྱི་ལ་ཐོད་དབུ་ལ་བཅིངས་པ། ནུབ་ན་དཔའ་ཐུལ་ལྕགས་རི་ནག་པོའི་ཁྲོ་ཉམས་ཀྱིས་དྲག་པོའི་གཟི་མདངས་ངོམ་པ། མདུན་དུ་རྨ་ཀླུང་གསེར་ལྡན་ཕྱུག་མོ་གཡུ་འབྲུག་སྔོན་མོ་ཇི་བཞིན་འཁྱུགས་རྩལ་གྱི་གར་ལ་མངོན་པར་རོལ་བའི་ངང་ཚུལ་ངོམ་བཞིན་པའི་ཚུལ། དབུས་ན་ཆབ་འགག་གསེར་གཞོངས་རིང་མོ་ཞེས་པ་ལྷ་ཆེན་ཚངས་པ་དང་བརྒྱ་བྱིན་གྱི་གྲོང་ཁྱེར་ཆེན་མོ། ས་འདིར་མངོན་སུམ་དུ་འཕོས་པ་དང་དབྱེར་མ་མཆིས་པའི་ཞིང་ཁམས། ཡོངས་གྲགས་སུ་ཆབ་ཆ་ཞེས་པ་གྲོང་ཁྱེར་དེ་ཡི་ཉེ་འགྲམ་དུ། ས་གནས་སྐྱིད་གདོང་དུ་འབོད་པ་བཀྲ་ཤིས་བྱིན་ཆེན་གྱི་ཚན་ཁ་རབ་ཏུ་འབར་བའི་སྡེ་ཆེན་དེ་རུ། འོད་གསལ་ལྷ་རྒྱུད་ལས་མཆེད་པའི་རྒྱུད་ཁུངས་བཙུན་ཞིང་རིགས་རུས་གཙང་མ་ཡབ་སྐྱིད་གདོང་ཚེ་བྷ་དང༌། རིགས་རྒྱུད་ཀྱི་ས་བོན་ཕུན་སུམ་ཚོགས་ཤིང་རྣམ་དཀར་གྱི་དགེ་བ་ལ་དུངས་ཞེན་ཟབ་པའི་ཡུམ་གདུགས་དཀར་སྐྱིད་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཞི་བཅུ་པ་ཟིལ་གནོན་ཞེས་པ་མེ་རྟ་ལོ་སྟེ། ཕྱི་ལོ་(༡༩༦༦)ལོ་བོད་ཟླ་བཞི་པ་ས་ག་ཟླ་བའི་དཀར་ཕྱོགས་ཚེས་པ་གཉིས་ཉིན་ཏེ། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཞོགས་པ་ཉི་ཟེར་གྱི་འཛུམ་མདངས་ཐོག་མ་དང་ལྷན་དུ་ཐུན་མོང་མ་ཡིན་པའི་ངོ་མཚར་ལྟས་བཟང་དང་བཅས་ཏེ་མཚན་དཔེའི་མེ་ཏོག་མངོན་པར་བཞད་པའི་ཚུལ་མཛད། ཐོག་མའི་མཚན་ལ་སྟོབས་ལྡན་དབང་ཕྱུག་ཅེས་གསོལ། སྤྱིར་དམ་པའི་རང་གཤིས་སུ་མངོན་པའི་སྐྱེས་བུ་ཆེན་པོ་ཁོང་ཡང་ཚེ་རབས་སྔོན་མ་ནས། ཐུགས་གོམས་སུ་སོང་བའི་མཁས་པའི་ཡོན་ཏན་གྱི་རང་འོད་ནམ་ཡང་མི་འབྲལ་བར། སྐུ་ན་གཞོན་པའི་དུས་ནས་ཐུགས་རྒྱུད་དུལ་ཞིང་བློ་རིག་རྣོ་བ། སྐྱེས་སྟོབས་ཀྱི་ཤེས་རབ་ཀུན་ནས་འབར་བས་ཡི་གེ་འབྲི་ཀློག་སོགས་ལ་རང་བཞིན་གྱིས་སྤྲོ་ཞིང་སྐུ་ཚེགས་ཆེར་མེད་པར་སྦྱངས་བྱ་ཐམས་ཅད་ངང་གིས་མཁྱེན་རྟོགས་སུ་གྱུར་བའི་མཛད་རྣམ་ཡང་མང་དུ་ཡོད། དགུང་ལོ་བདུན་བར་དུ་ཡབ་ཆེན་དང་མ་ཡུམ་གཉིས་གཙོས། གཅེན་མོ་ཚོས་བྱམས་སྐྱོང་འོག་ཐུན་མོང་གི་སྣང་ངོར་བྱིས་པའི་རྩེད་འཇོ་ལ་རོལ་བའི་མཛད་པ་བསྐྱངས།

      བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་གླང་གི་ལོ་སྟེ། ཕྱི་ལོ་(༡༩༧༣)དགུང་ལོ་བརྒྱད་ཀྱི་སྟེང་ཡབ་ཡུམ་ཟུང་གི་སློབ་སྟོན་དང་སྙོར་སྐྱོང་ཚད་མེད་འོག་ཆབ་འགག་རྒྱ་ར་བོད་ཡིག་སློབ་ཆུང་དུ་ཕེབས་ཏེ་བོད་ཡིག་གཙོས་པའི་རྒྱའི་སྐད་ཡིག་དང༌། རྩིས་རིག་སོགས་ལ་བརྩོན་པ་ལྷོད་མེད་གནང་སྟེ་སློབ་གྲྭ་དེར་སུམ་བཟང་སློབ་མའི་གྲས་སུ་བདམས་ཏེ་བཟང་རྟགས་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་བ་མ་ཟད། ནམ་རྒྱུན་སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བ། དགེ་རྒན་དང་ཕ་མ་ལ་བརྩི་བཀུར་ཆེ་ཞིང་ཉམ་ཆུང་དང་དམན་པ་ལ་བྱམས་བརྩེ་ལྡན་པ་སྐྱེས་བུ་དམ་པའི་མཚན་ཉིད་རང་བཞིན་གྱིས་གནས་པ་ཞིག་ཏུ་འཁུམས། བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་སྦྲུལ་ལོ་སྟེ། ཕྱི་ལོ་(༡༩༧༧)དགུང་ལོ་བཅུ་གཉིས་སྟེང་སློབ་ཆུང་གི་སྦྱངས་བྱ་ཡོངས་སུ་གྲུབ་སྟེ་སློབ་མཐར་ཕྱིན། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་རྟ་ལོ་སྟེ། ཕྱི་ལོ་(༡༩༧༨)དགུང་ལོ་བཅུ་གསུམ་སྟེང་ནས་ཆབ་ཆ་གྲོང་བརྡལ་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་སློབ་ཕྲུག་བསྡུ་ལེན་གྱི་སྐབས། ཁྲིམས་མཐུན་གྱི་ཡིག་ཚད་ཕུལ་ཞིང་སློབ་གྲྭ་དེར་འཛུལ་ཞུགས་གནང་སྟེ་བོད་རང་གི་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང༌། རྒྱལ་རབས་ལོ་རྒྱུས། ཚན་རིག་ས་རྒྱུས་དང་སྙན་ངག རྒྱའི་སྐད་ཡིག་དང་ལོ་རྒྱུས་རྩིས་རིག་སོགས་ལ་སྦྱངས་པ་ལྷོད་མེད་གནང༌།
      བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་བྱ་ཡི་ལོ་སྟེ། ཕྱི་ལོ་(༡༩༨༡)དགུང་ལོ་བཅུ་དྲུག་སྟེང་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་སློབ་མཐར་ཕྱིན་ཅིང་གོང་རིམ་གཞུང་གི་གོ་སྒྲིག་ལྟར་རྒྱ་ར་སློབ་ཆུང་དུ་ལོ་གཉིས་ཀྱི་རིང་དགེ་རྒན་གྱི་ཕྱག་ལས་གནང༌། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་གི་ལོ་སྟེ། ཕྱི་ལོ་(༡༩༨༣)ལོར་དགུང་ལོ་བཅོ་བརྒྱད་སྟེང་སྔོན་མའི་བག་ཆགས་བཟང་པོའི་འཕྲོ་སད་པ་དང༌། ཡབ་ཡུམ་ཟུང་གི་བཀའ་དྲིན་ཐུགས་རྗེ་ཟབ་མོའི་ཉེར་ལེན་ལ་བརྟེན་སྣང་ཞིག་དོ་འཕགས་ཚང་གི་གདན་ས་ཆེན་མོ་རྔ་བ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་འདོན་རྟ་དབྱངས་གསུམ་དང༌། གྱེར་རྔ་བརྡུང་གསུམ་སོགས་ལ་སྦྱངས་བ་གནང༌། དེ་ནས་ཟླ་ཤས་ཕྱིན་མཚམས་བྱ་འཕུར་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་དང་༧སྣང་ཞིག་རྒྱལ་ཚབ་ཆེན་མོ་རྒྱ་འོབས་ཁྱུང་མོ་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མ་མཆོག་སྲིད་པ་རྒྱལ་མོས་ལུང་བསྟན་བཞིན། ཁོང་རྣམ་གཉིས་ཀྱིས་ཁྱུང་མོ་སྐུ་ཕྲེང་ཉེར་གཉིས་པ་རྒྱ་ནག་འཕོ་ཆེན་གྲོང་འཇུག་གི་གདམས་པ་ལ་མངའ་ཐོབ་ཅིང་མངོན་མཁྱེན་ལ་ཐོགས་ཆགས་བྲལ་བའི་ཁྱུང་མོ་སྒྲོལ་པ་མཐར་ཕྱིན་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་བཀའ་ཡིག་ཕྱག་ཐམ་དང་བཅས་བསྩལ་གནང་ཐོབ།

      དེ་མུར་ཁྱུང་མོ་རྒྱ་འོབས་རིན་པོ་ཆེ་ཚང་གི་དྲུང་དུ་རབ་བྱུང་གཙང་གཙུག་གི་སྡོམ་པ་ཞུས་ཏེ་མཚན་ལ་གཡུང་དྲུང་རྒྱལ་མཚན་ཞེས་གསོལ། ད་དུང་ཁོང་གི་དྲུང་དུ་ལོ་གསུམ་སྒྲིབ་སྦྱོང་གི་དམ་བཅའ་བཞག་སྟེ་སྔོན་འགྲོ་འབུམ་དགུ་དང༌། མེ་ཏོག་བཅུད་ལེན། རྩ་རླུང་འཁྲུལ་འཁོར། ཐོད་བརྒལ་ཁྲེགས་ཆོད་སོགས་ཉམས་ལེན་མཐིལ་ཕྱིན་པར་མཛད། བོད་རབ་བྱུང་བཅུ་བདུན་པ་དབུ་ཚུགས་པ་ནས་བཟུང༌། ཕྱི་ལོ་(༡༩༨༧)ལོ་ཤས་རིང་དུས་རབས་ཀྱི་ཁ་ཕྱོགས་དང་བསྟན་པའི་དཔལ་འབྱོར་གྱི་ཆེད་དུ་དབུས་ཀྱི་ལྷ་ས་དང༌། རྒྱ་ནག་གི་ཆུ་འདུས་(ཁྲིན་ཏུའུ་)གྲོང་ཁྱེར་སོགས་སུ་ཁེ་ཚོང་གི་ཕྱག་ལས་ཀྱང་ཅུང་གཉེར་དགོས་བྱུང༌། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་འབྲུག་གི་ལོ་སྟེ། ཕྱི་ལོ་(༡༩༨༨)དགུང་ལོ་ཉེར་གསུམ་སྟེང་ནས་གདུལ་བྱ་བཀྲི་དྲངས་ཀྱི་ཐབས་ལ་དམིགས་སྟེ་ཐོག་མར་འབྲོག་རུའི་དཔོན་ཚང་གི་སྡེ་རུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་པའི་རྟེན་མཆོག་ཆེན་མོ་ཞིག་གསར་བཞེངས་མཛད་དེ་འགྲོ་བ་ཀུན་གྱི་བསོད་ནམས་གསོག་པའི་ཞིང་རྟེན་དུ་གྱུར། བོད་རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོ་སྟེ། ཕྱི་ལོ་(༡༩༨༩)དགུང་ལོ་ཉེར་བཞིའི་སྟེང་ནས་བཟུང་སྔར་ཚོང་ལས་བྱས་པའི་ཁེ་སྤོགས་རྣམས་ལས་ཕ་ཡུལ་རོང་འབྲོག་ཁུལ་གྱི་ཉམས་ཆུང་ཁྱིམ་ཚང་ཁག་ལ་འཚོ་བའི་མཐུན་རྐྱེན་ལོ་བསྟར་སྦྱར་བ་དང༌། དེ་དག་གི་སློབ་ཕྲུག་རྣམས་ལ་སློབ་ཡོན་གྱི་རམ་འདེགས་ཀྱང་ལོ་འགར་གནང་སྦྱིན་མཛད།
      བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟ་ཡི་ལོ་སྟེ། ཕྱི་ལོ་(༡༩༩༠)དགུང་གྲངས་ཉེར་ལྔ་བཞེས་སྟེང་འགྲོ་གྲོན་ཡོངས་སུ་སྐུ་སྒེར་ནས་བཏང་སྟེ་ཆབ་ཆ་གཤེན་བསྟན་སྨིན་གྲོལ་དུང་དཀར་གླིང་འདབས་སུ་ཡི་དམ་སྟག་ལའི་མཆོད་རྟེན་རྒྱ་ཆེན་ཞིག་གསར་བཞེངས་མཛད་དེ་བཀྲ་ཤིས་མངའ་དབུལ་རབ་གནས་ཀྱི་མཛད་སྒོ་ཆེན་མོ་ལ་རྔ་བ་སྣང་ཞིག་དགོན་ཆེན་ནས་༧ངེས་པ་དོན་གྱི་བདག་པོ་སྣང་ཞིག་རྒྱལ་ཚབ་ཆེན་མོ་སྐྱབས་རྗེ་རྒྱ་འོབས་ཁྱུང་མོ་སྤྲུལ་སྐུ་རིན་པོ་ཆེ་གདན་འདྲེན་མཛད་པ་དང༌། ཁོང་གིས་བཀྲ་ཤིས་བྱིན་རླབས་ཀྱི་བཀའ་དྲིན་བླ་མེད་བསྐྱངས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་མང་པོས་བསོད་ནམས་གསོག་པའི་ཞིང་སའམ་ཡིད་སེམས་སྡུག་བསྔལ་འཇོམས་པའི་རྩི་སྨན་དུ་གྱུར། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ལུག་གི་ལོ་སྟེ། ཕྱི་ལོ་(༡༩༩༡)དགུང་གྲངས་ཉེར་དྲུག་བཞེས་སྟེང་ཞང་བོད་མི་རིགས་འདིའི་ཐུན་མིན་གྱི་རིག་གཞུང་དང་ཐུན་མོང་གི་རིག་གནས་ཁག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་ཆེད་ལ་དགོངས་ཏེ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བགྱི་ཕྱོགས་དང་དུ་བླངས་ཏེ། བོད་ཀྱི་སྣ་འཛོམས་རྩོམ་རིག་དུས་དེབ་གཏེར་ལེན་ཁའི་«གངས་རྒྱན་མེ་ཏོག»དང་། གཙོས་ཀྱི་«ཟླ་ཟེར»ཟུང་གི་སྟེང་དུ་རྩོམ་ཡིག་འགྲན་བསྡུར་གྱི་ལེ་ཚན་ཞིག་བསྡུ་རྒྱུར་དགོངས་འཆར་བཏོན་ཏེ་བྱ་དགའི་མ་དངུལ་ཆ་ཚང་སྐུ་སྒེར་ནས་གནང་སྟེ་ལས་འགུལ་དེའི་མཛད་སྒོ་རྒྱ་ཆེན་སྤེལ་ཏེ་རྒྱ་ཆེའི་བོད་རིགས་ན་གཞོན་རྩོམ་པ་པོ་མང་པོས་དགའ་བསུ་བླ་ལྷག་ཐོབ། ད་དུང་ལོ་དེར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའམ་ཡོངས་གྲགས་སུ་པཎ་ཆེན་རིན་པོ་ཆེའི་སློབ་གྲྭ་ཆེན་མོ་ཞེས་སུ་འབོད་པའི་སློབ་གྲྭ་དེའི་དགེ་སློབ་ཡོངས་ལ་བོད་རང་གི་མི་རིགས་ཀྱི་ཕ་ནོར་སྟེ། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་སྒོམ་གསུམ་དང་རིག་གནས་ལོ་རྒྱུས་སོགས་ལ་སློབ་སྦྱོང་དང༌། རིག་པ་ཕྲ་མོས་ཞིབ་འཇུག་གི་དཔྱད་གཞིའི་ས་བོན་ཁོ་ནར་དམིགས་སྟེ། དེ་གའི་དཔེ་མཛོད་ཁང་ཆེན་མོ་ལ་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་བརྒྱ་ཕྲག་གཅིག་དང་བརྒྱད་ཅུ་ཙམ་གྱི་བདག་ཉིད་ཅན་ཚར་གྲངས་གཅིག་སྐུ་སྒེར་ནས་བླུ་ཡོན་ཕུལ་ཏེ་བཞག་གནང་མཛད་པར་རིས་མེད་ཀྱི་དགེ་སློབ་ཚང་མའི་ཡིད་ཀྱི་དགའ་སྟོན་དུ་གྱུར། འདི་ལོར་རྣམ་དཀར་མཛད་པས་ཐུགས་རྒྱུད་རབ་ཏུ་བརླན་པའི་མཁའ་འགྲོའི་མཚན་རྟགས་ཅན་སྐུ་ཡི་ལྕམ་གཡུ་སྒྲོན་མཚོ་ལ་རིགས་ཀྱི་མྱུ་གུ་གདུང་སྲས་ཀུན་བཟང་ཚེ་རིང་ཞེས་པ་བལྟམས།
      བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་སྤྲེལ་གྱི་ལོ་སྟེ། ཕྱི་ལོ་(༡༩༩༢)དགུང་གྲངས་ཉེར་བདུན་བཞེས་སྟེང་སྐུ་ཐོག་གོང་མའི་རིང་ནས་བོན་འབྲེལ་གསེར་ཐག་གི་དམ་ཚིག་ཟབ་མོ་ཡོད་པའི་བྱང་ཨཀྟ་རོང་སྟེ་རེ་སྐོང་གསེར་མོ་ལྗོངས་ཀྱི་ཧོར་ནག་སྟོང་ཆེ་སྡེ་བའི་དད་ལྡན་མང་ཚོགས་དུ་མའི་རེ་འདུན་བཞིན་སྡེ་དེར་ཆིབས་བསྒྱུར་གནང༌། དེ་གའི་སེར་སྐྱ་མང་ཚོགས་ཡོངས་ལ་བོན་སྦྱིན་གྱི་མཛད་པ་རྒྱ་ཆེན་བསྐྱངས། ལོ་དེར་ཧོར་ནག་སྟོང་ཆེ་སྡེ་བའི་གསས་ཁང་མཐའ་སྐོར་དུ་སྙིང་པོ་རྣམ་གསུམ་གྱི་རྟེན་གཟུངས་བྱས་པའི་ཟངས་འཁོར་སུམ་བརྒྱ་ལྷག་རྟེན་བཞག་མཛད་དེ་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར་འགྲུབ་བྱུང་། བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱ་ཡི་ལོ་སྟེ། ཕྱི་ལོ་(༡༩༩༣)དགུང་གྲངས་ཉེར་བརྒྱད་བཞེས་སྟེང་ཡང་བསྐྱར་རེབ་གོང་གི་ཧོར་ནག་སྟོང་ཆེ་དང༌། ཆབ་ཆའི་ཨ་རིག་སྟོང་སྐོར། སྟོང་ཆེ་རོང་འབྲོག་བཅས་ཀྱི་འཚོ་བའི་མཐུན་རྐྱེན་ཐད་རྒྱུས་ལོན་གནང་བར་བརྒྱུད། དུད་ཁྱིམ་འབྱོར་ཞན་ཅན་རྣམས་ལ་ཅ་དངོས་དང་ཤོག་དངུལ་གྱི་རོགས་སྐྱོར་དང༌། དུད་ཁྱིམ་དེ་དག་གི་བྱིས་པ་སློབ་གྲྭར་འགྲིམ་མཁན་དག་ལ་ཡང་སློབ་ཡོན་གྱི་གཞོགས་འདེགས་ཀྱང་མི་དམན་པར་གནང་མྱོང་གསུངས། གཞན་ད་དུང་རེ་སྐོང་ཆུ་ཁོག་གི་མག་གསར་སྡེ་བར་ཕེབས་བསྐྱོད་གནང་སྟེ། སྡེ་བ་དེའི་ལོ་ཆུང་བྱིས་པ་རྣམས་ཡིག་རྨོངས་སེལ་ཆེད་སློབ་གྲྭ་ཞིག་འཛུགས་རྒྱུའི་ཐུགས་འདུན་བྱུང་ནས་ཨ་ལགས་བོན་བརྒྱ་རིན་པོ་ཆེ་དང༌། མག་གསར་སྡེ་བའི་གཞིས་དཔོན་སོགས་ལ་གྲོས་འགོ་བཏོན་ཏེ་སྡེ་བ་དེར་སློབ་གྲྭ་ཆུང་ཆུང་ཞིག་འཛུགས་རྒྱུའི་གཏན་ཁེལ་གནང་སྟེ་ལྷག་བསམ་གཏོང་ཕོད་ཆེན་པོས་སློབ་གྲྭ་འཛུགས་བྱེད་ཀྱི་རྨིང་གཞིའི་མ་དངུལ་རྒྱ་ཆེན་གནང༌།
      བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱི་ཡི་ལོ་སྟེ། ཕྱི་ལོ་(༡༩༩༤)དགུང་གྲངས་ཉེར་དགུའི་(༥༧)སྟེང་གཞི་ནས་གོང་རིམ་གྱི་སྡེ་ཁག་ནས་ཁྱུང་མོ་དགོན་པའི་བླ་མ་ཁྱུང་མོ་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པར་ངོས་ལེན་ཚད་ལྡན་གྱི་ཆོག་མཆན་དཔང་ཡིག་གནང་བ་ལ་བརྟེན། སྟོང་ཆེ་རོང་འབྲོག་གཉིས་དང་གཞན་རེབ་གོང་ཧོར་ནག་སྟོང་ཆེ་སོགས་ནས་བོན་འབངས་སེར་སྐྱ་ཡོངས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་དོན་བཞིན། ༧སྐྱབས་རྗེ་མཆོག་ཡབ་གཞིས་ཆབ་འགག་སྐྱིད་གདོང་ནས་ཁྲི་ཀ་གསེར་ལྗོངས་སྟོང་ཆེ་རུ་ཆིབས་བསུ་བྱས་ཏེ། གཡུང་དྲུང་བོན་གྱི་བྱང་རྒྱུད་བསྟན་པའི་རྩ་ལག་ཆེན་མོ་རང་དགོན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་ངམ་ཁྱུང་མོ་བཤད་སྒྲུབ་དར་རྒྱས་གླིང་གི་བསྟན་པའི་བདག་པོ་ཁྱུང་མོ་གསེར་ཁྲི་འཛིན་པ། རྒྱ་ནག་འཕོ་བ་གྲོང་འཇུག་གི་སེང་ཆེན་གདོང་ལྔས་བཏེགས་པའི་མར་ཞི་རིན་ཆེན་དང་པོའི་ཁྲི་དབུས་སུ་ཞབས་ཟུང་པད་མོ་ཉེ་བར་བཀོད་དེ་བཀྲ་ཤིས་དགའ་སྟོན་གྱི་ཡོ་ལང་རྒྱ་ཆེན་བགྱིས། མཚན་ཡང་སྐལ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སུ་གསོལ། དེ་སྐབས་སུ་ངེས་དོན་མཁས་པའི་དབང་པོ་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ཆེད་དུ་ཆིབས་བསྒྱུར་གནང་སྟེ། བཀྲ་ཤིས་ཁྲི་བཞེངས་ཀྱི་ཆོ་ག་རྒྱས་འབུལ་སྐབས་ཐུགས་འགན་ཡོངས་སུ་བཞེས་ཏེ་བཀའ་སློབ་ཟབ་རྒྱས་ཀྱི་བཀའ་དྲིན་བླ་མེད་བསྐྱངས། ད་དུང་༧སྐྱབས་རྗེ་མཆོག་གི་དྲིན་ཆེན་རྩ་བའི་བླ་མ་ཁྱུང་མོ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོའི་ཞལ་སྔ་ནས་རྒྱལ་བ་བྲུ་ཚང་གི་ལུགས་བཟང་བཞིན་བོན་སྒོ་ཕྱི་ནང་གསང་གསུམ་གྱི་ཁྲིད་སྡོམ་དབང་ལུང་མན་ངག་ཡོངས་རྫོགས་ཀྱི་བརྒྱུད་པ་རྣམས་ནོད་པར་མཛད། དེ་ནས་བཟུང་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ་དགོན་བདག་གི་ཞལ་བཞེས་མཛད་དེ་དགོན་པའི་བཅའ་སྒྲིག་ཕྱག་སྲོལ་སོགས་སྔར་སྲོལ་བཞིན་བསྐྱངས་ཤིང༌། གཞན་ཡང་གྲྭ་ས་གོང་མའི་ལུགས་ཀྱི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་འཕྲིན་ངལ་མེད་དུ་བསྐྱངས་བར་མཛད།

 

༧ཁོང་དང་ཁྱུང་མོ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་ལྷན་བཞུགས།

      བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ཕག་གི་ལོ་སྟེ། ཕྱི་ལོ་(༡༩༩༥)དགུང་གྲངས་སུམ་ཅུའི་སྟེང་སྔར་ནས་རིས་མེད་ཀྱི་དགོན་སྡེ་ཁག་ལ་རྟེན་བཞག་དང་མཆོད་འབུལ། ཁྱད་པར་དུ་ལྷ་ལྡན་གཙུག་ལག་ཁང་དུ་ལོ་རེ་མཆོད་མེ་སྟོང་མཆོད་རེ་འཇོག་བཞིན་པ་ད་དུང་རྒྱུན་བཞག་དང༌། ཡང་རྒྱ་ནག་གི་ཆུ་འདུས་(ཁྲིན་ཏུའུ་)གྲོང་ཁྱེར་ནས་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་ཟངས་སྐུ་ཁྲི་གང་མ་བརྒྱ་ཕྲག་གཅིག་བླུས་ཏེ་རེ་སྐོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཚོགས་ཁང་དུ་རྟེན་བཞག་མཛད། དེ་མཚུངས་ཁྲི་ཀ་སེ་བརྒྱ་བོན་སྔགས་བདུད་འདུལ་མེ་རི་འཁྱིལ་གླིང་གི་ཚོགས་ཁང་དུ་ཡང་སྟོན་པ་གཤེན་རབ་མི་བོའི་ཟངས་སྐུ་སྟོང་ཕྲག་གཅིག་རྟེན་བཞག་མཛད། གཞན་ཡང་ལོ་དེ་ནས་བཟུང་རེ་སྐོང་བོན་བརྒྱ་དགོན་པའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ཟླ་ཕོགས་གནང་སྦྱིན་མཛད་པ་སོགས་བསྟན་ལ་ཕན་པའི་མཐུན་རྐྱེན་བླ་མེད་བསྒྲུབས་ཏེ་བཀའ་དྲིན་བསྐྱངས།

      བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་(༡༩༩༦)དགུང་གྲངས་སོ་གཅིག་སྟེང་ནས་བཟུང་རང་དགོན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ་ཟླ་རེའི་བཅོ་ལྔའི་དུས་བཟང་ལ་མེ་ཏོག་མཆོད་པའི་ཉིན་ཚོགས་རྒྱུན་ལྡན་དུ་བཙུགས་ཏེ་ལོ་གསུམ་རིང་ཉིན་རེར་མང་ཇ་དང་སྐུ་འགྱེད་ཆད་མེད་དུ་ཕུལ་བ་དང༌། ལོ་དང་པོར་དགེ་འདུན་པའི་ཞལ་གྲངས་བཞིན་ཤེས་རབ་སྨྲ་སེང་གི་གོས་དྲུབ་ཀྱི་ཞལ་ཐང་རེ་དང་གསོལ་ཕོར་སྤུས་བཟང་རེ་བཅས་ཕུལ། ད་དུང་ཡང་རྒྱ་ནག་ནས་གདན་དྲངས་པའི་རྒྱུ་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་སྐུ་བརྙན་སྟོང་ཕྲག་གཅིག་ཁྱུང་མོ་དགོན་པའི་ཚོགས་ཆེན་འདུ་ཁང་དུ་རྟེན་བཞག་མཛད། གཞན་སྐུ་འབུམ་ཚོང་ར་ནས་གདན་དྲངས་པའི་ཁྱུང་མོ་སྐུ་ཕྲེང་ཉེར་གཉིས་པ་རྒྱ་ནག་འཕོ་བ་གྲོང་འཇུག་གི་བླ་མ་ཁྱུང་མོ་སྒྲོལ་པ་མཐར་ཕྱིན་གྱི་སྐུ་གདུང་ཆེན་མོ་གཅིག་དང༌། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་མཆོག་གི་སྐུ་བརྙན་ཆེན་མོ་གཅིག་བཅས་ཁྱུང་མོ་བླ་བྲང་རང་ནས་བླུ་ཡོན་ཆ་ཚང་བར་ཕུལ་ཏེ་རང་དགོན་དུ་རྟེན་བཞག་མཛད་པ་སོགས་བསོད་ནམས་ཀྱི་ཚོགས་བསགས་བསམ་ཡུལ་ལས་འདས་པ་བྱུང༌།
      བོད་རབ་བྱུང་བཅུ་བདུན་པའི་མེ་མོ་གླང་གི་ལོ་སྟེ། ཕྱི་ལོ་(༡༩༩༧)དགུང་གྲངས་སོ་གཉིས་སྟེང་ནས་མཚོ་ལྷོ་གཤེན་བསྟན་སྨིན་གྲོལ་དུང་དཀར་དར་རྒྱས་གླིང་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་དང༌། བཀྲ་ཤིས་སྒོ་མང་མཆོད་རྟེན། རྣམ་པར་རྒྱལ་བའི་མཆོད་རྟེན། བདུད་འདུལ་མཆོད་རྟེན། པད་མ་བརྩེགས་པའི་མཆོད་རྟེན། མྱང་འདས་མཆོད་རྟེན། དབྱེན་བསྡུམས་མཆོད་རྟེན། ལྷ་བབས་མཆོད་རྟེན་དང་བཅས་མཆོད་པའི་རྟེན་མཆོག་བརྒྱད་ལ་འགྲོ་གྲོན་ཆ་ཚང་ཁྱུང་མོ་བླ་བྲང་སྐུ་སྒེར་ནས་ཕུལ་ཏེ་གསར་བཞེངས་མཛད་ནས་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་གསུངས་ཤིང་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་མཛད་སྒོ་ཡང་རྒྱ་ཆེན་སྤེལ་བ་བཞིན་དེ་གའི་ཡུལ་མི་སེར་སྐྱ་རྒན་དར་གཞོན་གསུམ་ཀུན་གྱིས་བསྔགས་བརྗོད་ཀྱི་གནས་སུ་གྱུར། ད་དུང་ལོ་དེར་སྟོང་ཆེ་བོད་ཡིག་སློབ་འབྲིང་གི་འགྲུབ་སྟོན་མཛད་སྒོ་ལ་ཆེད་དུ་ཨི་ཏ་ལིས་རྒྱལ་ཁབ་ནས་ཕེབས་པའི་ཆོས་རྒྱལ་ནམ་མཁའི་ནོར་བུ་ཡང་དེ་སྐབས་རང་དགོན་ལ་གདན་དྲངས་སྟེ་མཇལ་བཅར་གྱིས་བསྟན་འགྲོ་ལ་སྨན་པའི་མཛའ་བརྩེ་བཀའ་མོལ་ཟབ་རྒྱས་གནང༌།
      བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག་གི་ལོ་སྟེ། ཕྱི་ལོ་(༡༩༩༨)དགུང་གྲངས་སོ་གསུམ་སྟེང་རང་དགོན་གཡུང་དྲུང་ཕུན་ཚོགས་གླིང་དུ་སྔོན་ཟིང་འཁྲུགས་སྐབས་སུ་ཞིག་རལ་དུ་གྱུར་བའི་མཆོད་བརྒྱད་ལ་མ་དངུལ་འབོར་ཆེན་བཏང་སྟེ་བསྐྱར་བཞེངས་མཛད་གྲུབ་བྱུང་བ་དང༌། རྔ་ཡུལ་ནས་༧རྩ་བའི་བླ་མ་ཁྱུང་མོ་རྒྱ་འོབས་རིན་པོ་ཆེ་གདན་དྲངས་ཤིང་བཀྲ་ཤིས་མངའ་དབུལ་གྱི་རབ་གནས་དང་མཛད་སྒོའི་རྟེན་འབྲེལ་སོགས་ཀྱི་བཀའ་དྲིན་རྒྱ་ཆེན་བསྐྱངས། སྐབས་དེར་ཡང་ཁོང་གི་མདུན་ནས་ཁྲོ་བོ་ངོ་མཚར་རྒྱས་པ་སོགས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་གི་གདམས་པ་ཡང་མང་པོ་གསན་བཞེས་གནང༌། ད་དུང་ཡང་ལོ་དེར་ཁོང་གི་ལྷ་སྡེ་ཆེན་པོ་རེ་སྐོང་ཧོར་ནག་སྟོང་ཆེ་སྡེ་འདབས་སུ་ཡང་བཞེངས་ཡོན་ཆ་ཚང་སྐུ་སྒེར་ནས་གནང་སྟེ་བདུད་འདུལ་མཆོད་རྟེན་ཆེན་མོ་ཞིག་གསར་དུ་བཞེངས་ཏེ་དད་ལྡན་མང་ཚོགས་ཁྲི་སྟོང་གིས་བསོད་ནམས་གསོག་པའི་ཞིང་ས་དང་མཛེས་རྒྱན་དུ་གྱུར་ཏེ་དགའ་བའི་ཡོ་ལང་རྒྱ་ཆེན་སྤེལ། བར་སྐབས་སུ་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཕེབས་པ་དང་སྟབས་བསྟུན་ལྷ་སར་ཆེད་དུ་ཕེབས་བསྐྱོད་གནང་བ་བཞིན། ཁོང་དང་མཇལ་བཅར་ཞུས་ཏེ་རང་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཞིག་སླར་གསོ་གནང་རྒྱུའི་རེ་འདུན་སོགས་དགོངས་བཞེད་ཇི་ཡོད་སྙན་གསན་ཞུས་པ་ལ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་དགོངས་བཞེད་དེ་ལ་བསྟོད་བསྔགས་གནང་བཞིན། ཁོང་གིས་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་བཤད་གྲྭའི་སློབ་དཔོན་དུ་མངགས་རྒྱུའི་ཞལ་བཞེས་གནང༌། ད་དུང་ཡང་དེ་སྐབས་སུ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཔེ་ལུང་གི་གདམས་པ་ཞུས་པ་བཞིན་དུ་གནང་ཐོབ་བྱུང༌།
      བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཡོས་ཀྱི་ལོ་སྟེ། ཕྱི་ལོ་(༡༩༩༩)དགུང་གྲངས་སོ་བཞིའི་སྟེང་དམིགས་བསལ་གྱིས་གསོ་རིག་སྨན་གྱི་ཕྱག་ལེན་མན་ངག་དང་བཅས་པ་ལ་སྦྱངས་ནས། ཆེད་དུ་ཕོ་ནད་ཅན་ལ་དམིགས་ཏེ་བོད་སྨན་གྱི་གཙོ་བོ་དུ་ཏྲི་སུའི་སྒྲུབ་སྔགས་དང༌། བཙོ་ཐལ། ཨ་རུ། གླ་རྩི། གཞན་ཡང་རྟེན་རྫས་བྱིན་ཅན་མང་པོ་སོགས་ཐུན་མོང་མ་ཡིན་པའི་སྨན་སྣ་ཀུན་འདུས་ཀྱི་སྦྱོར་བ་ལས་གྲུབ་པའི་“དུ་ཏྲི་སུའི་རིལ་དཀར་ཆེན་མོ་”ཞེས་པ་ཞིག་གསར་བསྐྲུན་མཛད། ད་དུང་གློ་ནད་དང་མཁྲིས་ནད་ཅན་དག་ལ་ཡང་ཆེད་དམིགས་ཀྱིས་སྨན་སྣ་གསར་པ་སྡེབ་སྦྱོར་གནང་ཡོད། ལྷག་པར་དུ་རང་ཉིད་ཀྱི་སྐུ་ངལ་ལ་མི་འཛེམས་པར་རིན་མེད་ཀྱི་སྒོ་ནས་ནད་པ་རྣམས་ཀྱི་རྩ་ཆུ་ལ་བརྟགས་གནང་མཛད་པ་དང༌། མེ་བཙའ་འཇོག་པ། སྨན་སྦྱིན་གཏོང་གནང་བ་སོགས་འགྲོ་བ་ཀུན་ལ་ཕན་གསོས་ཆེན་པོ་གནང་བ་ཐམས་ཅད་གཞན་ཕན་གྱི་ཕྱག་ལས་ཁོ་ནས་ཀུན་གྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བགྱིས་པའི་གནས་སུ་འཁུམས།

    

སྟོང་ལོ་གསར་བར་གསར་དུ་བཞེངས་པའི་ཚོགས་ཆེན་འདུ་ཁང་ཆེན་མོ།

      བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག་གི་ལོ་སྟེ། ཕྱི་ལོ་(༢༠༠༠)ལོ་དགུང་གྲངས་སོ་ལྔའི་སྟེང་རང་དགོན་དུ་གསས་ཁང་དཀར་ནག་བཀྲ་གསལ་ལ་དཔེ་བཞག་སྟེ། དེང་རབས་ཀྱི་རིག་པའི་འཆར་འགོད་ཀྱིས་རྒྱུ་ཨར་འདམ་སོགས་ཀྱིས་བྱས་པའི་ཚོགས་ཆེན་འདུ་ཁང་གསར་པ་ཞིག་གསར་བསྐྲུན་མཛད་པའི་དབུ་འཛུགས་གནང༌། ལོ་དེར་རང་དགོན་དུ་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་གདན་དྲངས་ཏེ་སྒྲུབ་གྲྭ་བཙུགས་ནས་སློབ་ཁྲིད་དང༌། སྔོན་འགྲོ་འབུམ་དགུ། ཉམས་ལེན་སྒྲིབ་སྦྱོང་སོགས་ལོ་གསུམ་གྱི་འཆར་འགོད་གནང༌། དགེ་སློབ་གཉིས་ཀྱི་འཚོ་བའི་མཐུན་རྐྱེན་ཆ་ཚང་བ་ཁྱུང་མོ་བླ་བྲང་ནས་གནང་བ་ཐོབ། དེ་མིན་གཞན་ད་རུང་ལོ་དེ་ནས་བཟུང་རང་དགོན་དུ་རྩོམ་རིག་སྣ་འཛོམས་ལོ་དེབ་«ཁྱུང་སྐྱུགས»ཞེས་པའི་ལོ་དེབ་ཅིག་ཀྱང་ལོ་བསྟར་འདོན་སྤེལ་བྱེད་རྒྱུའི་འཆར་འགོད་གནང་སྟེ་རྩོམ་སྒྲིག་པ་རང་དགོན་གྱི་གྲྭ་གཡུང་དྲུང་ཡར་འཕེལ་དང་ཁོ་བོ་མར་ནང་གཡུང་དྲུང་བསྟན་འཛིན་གཉིས་བསྐོ་བཞག་མཛད་པ་དང༌། འདོན་ཐེངས་དང་པོ་ལ་ཁོང་སྒེར་ནས་འགྲོ་གྲོན་དཔར་ཡོན་ཆ་ཚང་བར་གནང་སྟེ་འགྲེམས་སྤེལ་བྱས།
      བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་སྦྲུལ་གྱི་ལོ་སྟེ། ཕྱི་ལོ་(༢༠༠༡)དགུང་གྲངས་སོ་དྲུག་གི་སྟེང་ཚོགས་ཆེན་འདུ་ཁང་བཞེངས་བསྐྲུན་མཛད་བཞིན་པའི་ཆེད་དུ་ལྷ་ས་དང༌། རྒྱ་ནག་ཆུ་འདུས་(ཁྲིན་ཏུའུ།) ཨ་མདོ་རྔ་བ་སོགས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕེབས་ཏེ་མཛད་འཕྲིན་བསྐྱངས་ཤིང་སྐུ་ངལ་ཚད་མེད་བསྐྱོན། བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་རྟ་ཡི་ལོ་སྟེ། ཕྱི་ལོ་(༢༠༠༢)དགུང་གྲངས་སོ་བདུན་སྟེང་རང་དགོན་དུ་གཙུག་ལག་ཁང་བཞེངས་བསྐྲུན་མཛད་བཞིན་པ་ཕྱི་ནང་གི་རྟེན་དང་བརྟེན་པ་ཐམས་ཅད་ཡོངས་སུ་ལེགས་པར་གྲུབ་ནས་འགྲུབ་སྟོན་སྒོ་འབྱེད་མཛད་སྒོ་ཆེན་མོ་ལ་རྔ་བ་ནས་༧སྐྱབས་རྗེ་གང་གི་རྩ་བའི་བླ་མ་༧ཁྱུང་མོ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ཀྱང་ཞབས་སོར་བཀོད་གནང་གིས་གཙུག་ལག་ཁང་གི་བཀོད་ལེགས་དང་ནང་རྟེན་བཞེངས་བསྐྲུན་ལ་ཐུགས་དགྱེས་བརྩེ་ཆེན་པོས་བསྔགས་བརྗོད་ལན་མང་དང་བཀྲ་ཤིས་རབ་གནས་རྒྱས་པའི་བཀའ་དྲིན་བསྩལ་གནང་མཛད། དེ་མིན་འགྲུབ་སྟོན་སྒོ་འབྱེད་མཛད་སྒོ་ལ་གནད་ཡོད་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཁྱུང་མོ་རྒྱ་འོབས་རིན་པོ་ཆེ་མཆོག་དང་། མཁས་དབང་གཉའ་བློ་གྲོས་རྒྱལ་མཚན། མང་ར་རྫོང་གི་རྫོང་དཔོན་གཞོན་པ་སྟོང་ཆེ་ཚེ་རིང་ཐར། ཁྲི་ཀ་རྫོང་སྲིད་གཞུང་གི་དཔོན་རིགས། རྒྱ་རིགས་སྦྱིན་བདག་དང་གྲོགས་པོ། གཞན་ཡང་རེ་སྐོང་ཧོར་ནག་སྟོང་ཆེ་དང་། མཚོ་སྔོན་པོའི་ཨ་རིག་སྐོར། དེ་མིན་སྟོང་ཆེའི་རོང་འབྲོག་ཀུན་ནས་འདུས་པའི་བོད་མི་སེར་སྐྱ་སྟོང་ཕྲག་ཁ་ཤས་འདུས་པ་ལ་གསོལ་སྟོན་རྒྱ་ཆེན་བཤམས།
      བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ལུག་གི་ལོ་སྟེ། ཕྱི་ལོ་(༢༠༠༣)ལོ་དགུང་གྲངས་སོ་བརྒྱད་སྟེང་རང་དགོན་དུ་ཕྱོགས་མེད་ནས་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་སོགས་བསྡུས་ཏེ། དེ་དག་གི་ཆེད་དུ་“ཁྱུང་མོ་དགེ་རྒྱས་སློབ་གླིང་”ཞེས་པའི་སློབ་གྲྭ་ཞིག་གསར་འཛུགས་གནང་རྒྱུའི་འཆར་འགོད་གནང༌སྟེ་མཁས་དབང་ཚེ་རིང་ཐར་བརྒྱུད་ཡ་ཞི་ཡ་མཐུན་སྒྲིལ་ཐེབས་རྩ་ཚོགས་པ་ལ་རོགས་སྐྱོར་གྱི་ཆེད་དུ་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་སོགས་ཀྱི་བཀོད་དབྱིབས་རི་མོ་དང་བཅས་པ་གཏན་ལ་བབས་ཏེ་བསྐུར་གནང་མཛད། སློབ་ཁྲིད་འཆར་གཞི་དང་ཁ་ཕྱོགས་སོགས་གཏན་དུ་ཁེལ་ཏེ་མཁས་དབང་ཚེ་རིང་ཐར་བརྒྱུད་དེ་སྙན་ཞུ་ཞིབ་ཕྲ་ཕུལ། 
      བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ། ཕྱི་ལོ་(༢༠༠༤)དགུང་གྲངས་སོ་དགུའི་སྟེང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་ཆིབས་ཕེབས་ཀྱིས་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་མཇལ་ཏེ་ཡི་དམ་དབལ་གསས་རྔམ་པའི་དབང་ལུང་རྒྱ་ཆེན་གསན། སྨན་རིའི་དཔོན་སློབ་སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་དྲུང་ནས་སྲིད་རྒྱལ་དྲེའུ་དམར་མའི་གཞུང་ལུང་ཞུས་པ་མ་ཟད། ༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་སྤྱིར་རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་ལས་སྙིགས་ལྔའི་རྒུད་ཚོགས་ཞི་སྟེ་འགྲོ་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་དགེས་འཚོ་བའི་སྐྱབས་འཇུག་དང༌། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རྗེས་སུ་ཡི་རངས། སྒོས་སུ་སྐབས་དོན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་གི་དགོན་པའི་འཛིན་སྐྱོང་བརྒྱུད་རིམ་དང་བཅའ་ཡིག་སྒྲིག་གཞི་སོགས་འདས་པའི་ལོ་རྒྱུས་དང་མ་འོངས་འཆར་འགོད་བཅས་སྙན་ཞུ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཞུས་པར་རྣམ་གཉིས་ནས་ཀྱང་ཐུགས་བརྩེ་ཆེན་པོས་རྒྱབ་སྐྱོར་དང་མ་འོངས་ལམ་སྟོན་སོགས་བཀའ་སློབ་ཟབ་རྒྱས་གནང༌།

༧སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཁན་བསྟན་པ་གཡུང་དྲུང་རྣམ་གཉིས་དང་མཇལ་བཅར་སྐབས།

      གཞན་བལ་ཡུལ་དཔལ་ཁྲི་བརྟན་ནོར་བུའི་རྩེ་རུ་༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་དང་མཇལ་བཅར་ཞུས་ཏེ་གོང་བཞིན་སྙན་ཞུ་ཟབ་རྒྱས་ཕུལ་བར་རྣམ་གཉིས་ནས་ཀྱང་བསྟན་དོན་ལ་སྨན་པའི་སྲི་ཞུར་དམིགས་ཏེ་རྒྱབ་སྐྱོར་གྱིས་རོགས་འདེགས་རྒྱ་ཆེན་གནང༌། ལོ་དེར་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་ཐུགས་དགོངས་གཞིར་བཟུང་འོག་རང་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཞིག་བསྐྱར་འཛུགས་གནང་སྟེ་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་ཁྱུང་མོ་དགོན་པའི་དཔོན་སློབ་དུ་བསྐོ་བཞག་མཛད་ཅིང་ཁྲི་འདོན་རྟེན་འབྲེལ་གྱི་མཛད་སྒོའི་སྟ་གོན་ཡོངས་རྫོགས་ཁྱུང་མོ་གྲྭ་ཚང་གིས་བསྒྲུབས་ཏེ་བཀྲ་ཤིས་སྐལ་བཟང་གི་ཡོ་ལང་རྒྱ་ཆེན་སྤེལ།
      བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་ཡི་ལོ་སྟེ། ཕྱི་ལོ་(༢༠༠༥)ལོ་དགུང་གྲངས་བཞི་བཅུའི་སྟེང་ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་ལོ་ཤས་སྔོན་ནས་འཆར་འགོད་བྱས་པའི“ཁྱུང་མོ་དགེ་རྒྱས་སློབ་གླིང་”ཞེས་པའི་སློབ་གྲྭ་དེ་ད་ལྟ་རང་དགོན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ་དངོས་སུ་དབུ་འཛུགས་གནང་ཐུབ་པ་བྱུང་བ་དང༌། སྒྲིག་གཞིའི་གོ་རིམ་ཡང་སློབ་རིམ་དང་པོ་ནས་དྲུག་པའི་བར་འཛིན་གྲྭ་སྡེ་ཚན་གཅིག་དང༌། གཞན་གསོ་རིག་འབུམ་བཞིའི་འཛིན་གྲྭ། དུས་རབས་ཀྱི་འགྲོས་དང་བསྟུན་རྒྱའི་སྐད་ཡིག་དང༌། ད་དུང་ཡང་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་སོགས་བཙུགས་ནས་རིམ་བཞིན་མདོ་སྨད་དུ་གཡུང་དྲུང་བོན་གྱི་སློབ་གཉེར་བྱེད་སའི་བསྟི་གནས་དང༌། རེ་བའི་མིག་འབུར་གཏོད་ས་ཞིག་ཏུ་གྱུར་པ་མ་ཟད། རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཁག་ལ་འབྲེལ་འདྲིས་དང༌། ཕན་ཚུན་གུས་བཀུར་གནང་སའི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཏེ་ཕྱོགས་ཡོངས་ནས་སློབ་གཉེར་བའི་གྲངས་ཀྱང་འདབ་སྟོང་ལ་མོས་པའི་རྐང་དྲུག་འདུ་བ་བཞིན་དུ་གྱུར།

སྟོང་ལོ་ལྔ་བར་བསྐྲུན་པའི་ཁྱུང་མོ་བཤད་སྒྲུབ་སློབ་གླིང་།

      འདི་ལོར་ཡང་བསྐྱར་བལ་ཡུལ་དུ་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་དང་མཇལ་བཅར་ཞུས་ཏེ་ཁོང་རྣམ་གཉིས་ནས་རང་དགོན་གྱི་ཁྱུང་མོ་དགེ་རྒྱས་གླིང་གི་བསླབ་པ་སློབ་གཉེར་གྱི་སྒྲོམ་གཞི་དང་གྲུབ་འབྲས་ལ་ཐུགས་དགྱེས་བརྩེ་ཆེན་པོས་བསྔགས་བརྗོད་ལན་མང་དང༌མ་འོངས་འཛིན་སྐྱོང་ཐུགས་བཀོད་དཔལ་འབྱོར་སོགས་ཀྱི་བཀའ་དྲིན་བླ་མེད་བསྐྱངས།
      གཞན་ཡང་ཁོང་གི་གསུང་རྩོམ་གྱི་སྐོར་ལ་ཡང་«བོན་དང་ཆོས་ཕན་ཚུན་བསྒྱུར་བའི་བཤད་སྒྲོས་ཀྱི་ཚུལ་ཅུང་ཟད་གླེང་བ»དང༌། «དགོན་པའི་བཅའ་སྒྲིག་དང་འབྲེལ་བའི་གཏམ»སོགས་དང༌། སྙན་རྩོམ་ཐོར་བུ་འགའ་ཞིག་བཅས་ཡོད་པ་ལྟར་རོ། །མདོར་ན་༧ཁྱུང་མོ་ཁྲི་རབས་ཉེར་གསུམ་པ་སྐལ་བཟང་བསྟན་པའི་རྒྱལ་མཚན་ནམ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང༌། བྱེ་བྲག་ཏུ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་ངམ་བཤད་སྒྲུབ་དར་རྒྱས་གླིང་གི་དགོན་བདག་གི་ཐུགས་འགན་བཞེས་ནས་མི་ལོ་ཉི་ཤུ་ལྷག་གི་རིང༌། བསྟན་པའི་ལས་དོན་ཁོ་ན་གཅེས་པར་བཟུང་ནས་སྐུ་གདུང་གསུང་རབ་རྟེན་དང་བརྟེན་པ་གསར་བཞེངས་ཀྱི་མཛད་ཁུར་ལ་རྟག་ཏུ་བྲེལ་བཞིན། སྐལ་ལྡན་སློབ་བུ་རྣམས་ལ་དབང་ལུང་གི་གདམས་པ་ཟབ་མོའི་ཟམ་མ་ཆད་པར་བསྩལ་བ་དང༌། སྒོམ་སྒྲུབ་ཉམས་ལེན་གྱི་འཁྱེར་སོ་ལས་གཡེལ་བ་མི་མངའ་བ་སོགས་ཀྱི་མཛད་འཕྲིན་རིམ་བསྐྱངས་ཀྱིས་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་མགོན་དང་དཔུང་གཉེན་དུ་མཚན་དཔེ་ཉི་མ་གཞོན་ནུའི་དཀྱིལ་འཁོར་ལྷམ་མེར་འཛུམ་བཞིན་པའི་སྐབས་སོ། །

མཛད་རྣམ་འདི་བཞིན་ཁོ་བོས་བྲིས་པའི་«ཁྱུང་མོ་དགོན་པའི་གདན་རབས»ལས་ཟུར་འདོན་ཞུས་པ་ཡིན་པས་དགོངས་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག