རྟོགས་ལྡན་ཚུལ་ཆེན་སྐུ་ཕྲེང་གཉིས་པ་ཡི།།
ཡང་སྤྲུལ་ཐེག་མཆོག་བསྟན་པའི་ཉི་མ་ཡིན།།
དེ་ཡི་རྣམ་ཐར་བསྡུས་པ་ཟུར་ཙམ་བཤད།།
འདི་ཉིད་མ་འོངས་ལུང་གིས་ཟིན་ཚུལ་ནི།།
དྲན་པ་ནམ་མཁའི་རྣམ་ཐར་བཀའ་ཐང་ལས།།
གུ་རུའི་སྤྲུལ་པ་ཨ་མདོ་ཚུལ་ཁྲིམས་མཚནཿ
དེ་ཡི་རྒྱུད་པ་འཛིན་པ་གྲངས་མེད་འོངཿ
ཞེས་དང་སླར་ཡང་རྣམ་ཐར་དེ་ཉིད་ལས།།
ཚུལ་ཁྲིམས་མིང་ཅན་འདུལ་ཁྲིམས་སྒོ་རུ་ཞུགསཿ
ཚུལ་ལ་གནས་ཤིང་ཁྲིམས་ཀྱི་དོན་ལ་བཙུནཿ
འདུལ་བའི་རྒྱུད་འཛིན་བསྟན་བའི་གཞི་མ་བཟུངཿ
དེ་རྗེས་རྫ་ཡུལ་ཨ་ཏིའི་མཚན་གྲགས་པསཿ
ཟབ་གཏེར་སྙན་རྒྱུད་ཀུན་བཟང་རྒྱུད་སྡེ་དངཿ
ཚེ་སྒྲུབ་གསང་འདུས་དབང་ཆེན་ཡང་གསང་སྐོརཿ
ནོར་སྒྲུབ་སྲིད་པའི་ཕན་བདེ་སྒྲུབ་ལ་དབངཿ
ཞེས་དང་སྲིད་རྒྱུད་ཁ་བྱང་ཆེན་མོ་ལས།།
ཉི་མའི་མིང་ཅན་སྔགས་སེམས་དོན་ལ་མཁསཿ
སྒོམ་སྒྲུབ་ལྷུར་ལེན་གསང་བའི་གྲུབ་པ་ཐོབཿ
རྣམ་གྲོལ་བསྟན་པའི་སྲོག་ཤིང་འཛུགས་པར་འགྱུརཿ
ཞེས་དང་གྲུབ་ཆེན་རྡོ་རྗེ་དགྲ་འདུལ་ལ།།
ཚུལ་ཆེན་མཆོག་སྤྲུལ་གར་འཁྲུངས་ལུང་བསྟན་ཞུས།།
གྲུབ་ཆེན་ཁོང་ལ་མཁའ་འགྲོའི་བརྡ་ཡིག་བབས།།
ལྷོ་གཡུ་འབྲུག་སྤྲིན་ཆར་འདྲེས་མའི་ཀློང་།།
དཔལ་དགེ་ཐང་པདྨ་རྒྱས་པའི་ཚལ།།
མགོན་རྗེ་བཙུན་ཟླ་བའི་ཟུར་ཕུད་ཅན།།
ཐབས་ཤེས་རབ་ཨ་ད་ཀ་ཡི་རིགས།།
སྲས་མྱུ་གུ་བ་དེ་གླང་ལོ་བ།།
ལྷ་དབང་ཕྱུག་ཆེན་པོས་སྡོང་གྲོགས་བྱེད།།
ཐབས་ལྡན་པའི་ལྕགས་ཀྱུས་འགུགས་སྲིད་ན།།
དགེ་མཚན་དང་བཀྲ་ཤིས་གཡང་དུ་འཁྱིལ།།
ཞེས་པའི་མ་འོངས་ལུང་གིས་བསྟན་པ་བཞིན།།
ཤར་རྫའི་ཞིང་དུ་རྒྱལ་ཚབ་བཞུགས་པའི་མདུན།།
ཏིང་ནང་ཞེས་བྱ་ཁྱིམ་བདག་སྟོབས་འབྱོར་ཅན།།
ཡབ་ནི་རིགས་རུས་ཕུན་ཚོགས་ཨ་འབུམ་དང་།།
ཡུམ་ནི་མཚན་ལྡན་འོད་དཀར་ལྷ་མོ་ཡིན།།
སྲས་ནི་མེ་གླང་ལོ་རུ་སྐུ་འཁྲུངས་སོ།།
ཡབ་ཡུམ་རྨི་ལམ་ལེགས་དང་དྲི་བཟང་གིས།།
ཕྱི་ནང་ཁྱབ་དང་ངོ་མཚར་ལྟས་བཟང་བྱུང་།།
བླ་མ་མང་པོས་བུ་འདི་སྤྲུལ་བའི་སྐུ།།
ཡིན་ངེས་བདག་རྐྱེན་ལེཊ་པར་གཟབ་དགོས་གསུངས།།
སྔ་ཕྱིར་ལུང་བསྟན་མང་པོ་ཀུན་ནས་མཐུན།།
རྟོགས་ལྡན་དགོན་ནས་བླ་གྲྭ་དཔོན་གཡོག་གསུམ།།
རྫ་ཡུལ་ཕྱོགས་སུ་སྤྲུལ་སྐུ་བཙལ་དུ་ཕྱིན།།
ཤར་རྫའི་རྒྱལ་ཚབ་མདུན་ཕྱིན་ལུང་བསྟན་ཞུས།།
རྒྱལ་ཚབ་ཐུགས་དགྱེས་ལུང་བསྟན་ལེགས་ཚུལ་གསུངས།།
གཟའ་སྐར་ལེགས་ཉིན་སྤྲུལ་སྐུར་མཇལ་དུ་སོང་།།
ཁྱིམ་བདག་མཆོད་ཁང་ནང་སླེབས་གདན་ལ་བཞུགས།།
བླ་མའི་གཡས་ཕྱོགས་ཡིག་བརྩེག་ནང་ནས་ནི།།
རླུང་གིས་སྤུར་ནས་ཡི་གེ་མདུན་དུ་བབས།།
འཕྲིན་ལས་རྒྱ་མཚོས་གཟིགས་ནས་འདིར་འཚོཊ་གསོན།།
ཡི་གེ་འདི་ནི་རྒྱལ་བུ་ཀུན་དགའ་འོད།།
རྒྱ་མཚོར་བྱོན་ནས་ནོར་བུ་བཙལ་བ་དང་།།
བཙལ་ནས་རྙེད་དང་སྨོན་ལམ་བཏབ་པ་གསུམ།།
ལྷ་དང་སྲུང་མས་བདག་ལ་གནང་བ་ཡིན།།
རྟེན་འབྲེལ་ལེགས་ཚུལ་དེར་འདུས་ཀུན་ལ་བསྒྲགས།།
གྲྭ་སློབ་འདུས་པ་མང་ཚོགས་ཐམས་ཅད་དད།།
ཞལ་མཇལ་སངས་རྒྱས་མངོན་མཐོང་དགའ་སྤྲོ་འཕེལ།།
དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས།།
འཆི་མེད་ཐེག་མཆོག་བསྟན་པའི་ཉི་མ་ཞེས།།
མཚན་དང་ཞབས་བརྟན་གསོལ་འདེབས་གནང་བ་ཡིན།།
དེ་བཞིན་བློ་གྲོས་རྒྱ་མཚོས་གསོལ་འདེབས་ཕུལ།།
དེ་ནས་འབྲུག་ལོའི་ཟླ་༼༡༽ཚེས་༼༣༽བཟང་བོ་ལ།།
གོང་མའི་གསེར་ཁྲིར་རྟེན་འབྲེལ་མངའ་གསོལ་སྐབས།།
དགོན་པ་གོང་འོག་ལྷ་སྡེ་སོ་སོ་ཡིས།།
ཆིབས་བསུ་ཇ་ཐབ་རྟེན་འབྲེལ་ལེགས་པར་བསྒྲིགས།།
ལྷ་ཀླུ་དགའ་བས་འབྲུག་ལྡིར་མེ་ཏོག་གི།
ཆར་བབས་འདུས་པ་ཀུན་གྱིས་ངོ་མཚར་གླེང་།།
མཚན་སྙན་དགེ་བའི་འོད་ཀྱིས་ཕྱོགས་ཀུན་ཁྱབ།།
ཕྱི་རབས་འགྲོ་ལ་རྒྱལ་བསྟན་རིམ་འཇུག་གི།
ཚུལ་བསྟན་ཡོངས་འཛིན་བཤེས་གཉེན་བསྟེན་ཚུལ་ནི།།
ཐོས་གྲོལ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་དང་།།
མཁས་མཆོག་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན་གཉིས།།
འབྲལ་མེད་བསྟེན་ཅིང་ཅི་གསུངས་བཀའ་བཞིན་བསྒྲུབས།།
ཡིག་རིགས་བྲི་ཀློག་རིག་གནས་ཐམས་ཅད་ནི།།
དཀའ་ཚེགས་མ་དགོས་མཁྱེན་རབ་རྩལ་ཤུགས་རྫོགས།།
ཀུན་གྲོལ་རྒྱལ་སྲས་བསྟན་འཛིན་བཟང་བོ་ནས།།
སྐྱབས་འགྲོ་རབ་བྱུང་བྱང་སེམས་སྡོམ་པ་གནང་།།
ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་ཡིས།།
བསྙེན་རྫོགས་བསྒྲུབས་ཤིང་བསླབ་བྱ་ཟབ་ཁྲིད་གནང་།།
འཁར་སིལ་ལྷུང་བཟེད་ཕུལ་ཞིང་བསྟན་པ་གཏད།།
མངྒ་ཝེར་ཞིའི་གསུང་འབུམ་ཡོངས་རྫོགས་ཀྱི།།
ལྗགས་ལུང་བསྩལ་ཅིང་བདེར་འདུས་དབང་བཞི་གནང་།།
སྔ་ཕྱི་དབང་ལུང་ཁྲིད་གསུམ་མང་བོ་ཞུས།།
ཉག་ཡུལ་དཔྲ་སྟོན་བསྐལ་བཟང་བསྟན་རྒྱལ་མདུན།།
ལུང་རིགས་མཛོད་དང་དབུ་ཚད་རིག་གནས་གསན།།
བྱ་བཏང་ཚེ་དབང་འགྱུར་མེད་མདུན་དྲུང་ནས།།
རྫོགས་ཆེན་ཀུན་བཟང་ཡང་ཏིག་ཁྲིད་ལུང་དང་།།
ཟབ་གཏེར་སྙན་རྒྱུད་བདེར་གཤེགས་སྟོང་དབང་དང་།།
སྐུ་གསུམ་དྲག་ཕུར་ཞིང་སྒྲུབ་བསམ་ལྷུན་སོགས།།
བཀའ་གཏེར་ཡོངས་རྫོགས་དབང་ལུང་ཁྲིད་གསུམ་ཐོབ།།
ཁྱད་པར་བྱང་ཆུབ་རིག་རྩལ་གླིང་བ་ཡིས།།
རྒྱུད་འཛིན་ཉེར་ལྔའི་ནང་ཚན་ཡིན་གསུངས་ནས།།
ཞྭ་དཀར་ཕུལ་ནས་རྒྱལ་ཐེབས་མངའ་གསོལ་མཛད།།
ཡང་སྟོན་ཆེན་པོ་བསྟན་འཛིན་རྒྱལ་མཚན་ནས།།
རྒྱུད་རྒྱལ་དྲི་མེད་གཟི་བརྗིད་དབང་ལུང་གནང་།།
ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གླིང་བ་ནས།།
ཀུན་གྲོལ་བཀའ་གཏེར་དབང་ལུང་མང་པོ་གནང།།
གཞན་ཡང་སྐྱེས་བུ་དམ་པ་དུ་མ་བསྟེན།།
དབང་ལུང་གདམས་པ་བྲེ་གསོག་ཕུལ་གསོག་བྱས།།
མཛུབ་ཚུགས་ཨ་ཁྲིད་མ་རྒྱུད་སྔོན་འགྲོ་རྣམས།།
འབུམ་དགུ་རེ་རེ་གཡོ་ཟོལ་མེད་པར་སྦྱངས།།
གསང་མཛོད་རྫོགས་ཆེན་སྙན་རྒྱུད་རྩ་རླུང་རྣམས།།
རིམ་བཞིན་སྦྱངས་ཤིང་རླུང་རས་ཆུ་རས་དང་།།
རྒྱབ་ཐུར་མུན་མཚམས་བཅུད་ལེན་ཟེར་སྦྱང་དང་།།
ཐབས་ལམ་དྲུག་གི་ཉམས་ལེན་ལ་སོགས་པ།།
ཤར་རྫའི་ཕྱག་ལེན་ཇི་བཞིན་མཐར་ཕྱིན་བསྐྱངས།།
དགུང་ལོ་བཅུ་གསུམ་བཞེས་སྐབས་རྣམ་རྒྱལ་གྱི།།
གཡང་སྒྲུབ་ཆོ་ག་བར་དོའི་ངོ་སྤྲོད་དང་།།
ལྷ་མོའི་གསང་སྒྲུབ་ཕྱག་བཞེས་ཚེ་འགུགས་སོགས།།
ལྗགས་རྩོམ་གནང་བས་མཁས་པས་སྙན་གྲགས་ཐོབ།།
ལོ་རེ་བཞིན་དུ་སྔོན་འགྲོ་ལམ་རིམ་དང་།།
ཞིང་སྒྲུབ་སྡོམ་གསུམ་སྡེ་སྣོད་མཛོད་ཆེན་སོགས།།
རྒྱུན་དུ་གསུངས་ཤིང་དངོས་གཞི་རྩ་རླུང་རྣམས།།
གང་ལ་གང་དགོས་དེ་ལ་དེ་བཞིན་གསུངས།།
ཕྱོགས་ཀྱི་སློབ་མ་བརྒྱ་སྟོང་ཁྲི་འབུམ་ལ།།
བོན་དང་ནོར་གྱིས་རེ་འདོད་མ་ལུས་བསྐང་།།
རྒྱལ་བསྟན་གཞི་མ་བཤད་སྒྲུབ་བྱ་བ་ཡིན།།
དེ་ཕྱིར་འཆད་ཉན་དུས་ཀུན་གཙོ་བོར་མཛད།།
གསར་རྙིང་རིས་མེད་དབང་ལུང་ཁྲིད་གསུམ་གྱིས།།
རྗེས་འཇུག་བུ་སློབ་སྨིན་གྲོལ་ལམ་ལ་བཀོད།།
ལོངས་སྤྱོད་གང་ཡོད་མཆོད་སྦྱིན་ཚོགས་བསགས་བརྩོན།།
འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་བསྐྲུན།།
ཟངས་གསེར་ལས་གྲུབ་རྣམ་རྒྱལ་ཐོག་བརྩེགས་དང་།།
སངས་རྒྱས་སྟོང་སྐུ་མཎྟལ་མཆོད་རྐོང་སོགས།།
མཆོད་རྫས་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེངས།།
གཞན་ཡང་སྔར་མེད་བསྟན་རྣམས་ཞིག་གསོ་བྱས།།
པར་ཤིང་ཁ་གསབ་དཔེ་དཀོན་ཕྱག་བྲིས་མཛད།།
སྡེ་སྣོད་མཛོད་རྩ་སྡོམ་གསུམ་རྩ་བ་དང་།།
ལྷ་གཉེན་ཤེལ་སྒོང་སྨོན་ལམ་རྣམ་གསུམ་གྱི།།
པར་ཤིང་གསར་བསྐྲུན་བྱས་ཏེ་རྗེས་བཞག་མཛད།།
གྲྭ་ཚང་དབྱར་གནས་འཚོགས་རྟེན་སྤྱི་རྒྱུ་བཞག།
གཞི་གསུམ་ཉམས་ལེན་འདུལ་བའི་སྒྲིག་ལམ་བཀོད།།
སྤྱི་ཡི་ཀུན་སྤྱོད་འདུལ་བའི་སྲོལ་དང་མཐུན།།
ཚོགས་བསགས་སྒྲིབ་སྦྱོང་སྦྱིན་པ་ཆ་བཞིར་འབད།།
བསྒོམ་པ་གསང་ཆེན་སྙིང་བོ་སྔགས་དང་འབྲེལ།།
གཞི་ཡི་གནས་ལུགས་རིམ་གཉིས་ཟུང་འཇུག་བསྒོམ།།
ལྟ་བ་ཀ་དག་ཁྲེགས་ཆོད་གཏན་ལ་ཕབས།།
ཐོད་རྒལ་སྣང་བཞིའི་འཆར་སྒོའི་རྟགས་ཚད་རྫོགས།།
སྔོན་གོམས་སྐྱེས་སྦྱང་ཤེས་རབ་གཞན་ལས་འཕགས།།
ཟབ་གསལ་མྱུར་བའི་ཤེས་རབ་མཆོག་ཐོབ་པས།།
བཅུ་ཕྲག་རིག་པའི་གནས་ལ་མཁྱེན་རྩལ་རྫོགས།།
དེ་ཕྱིར་མིང་དང་དོན་མཚུངས་ཀུན་གྱིས་བསྔགས།།
སྐྱེ་གནས་རྗེས་དྲན་མ་འོངས་ད་ལྟ་མཁྱེན།།
སེམས་ཅན་འཆི་འཕོ་བདེ་སྡུག་ཅི་མྱོང་དང་།།
ཚེ་སྲོག་ཅི་གནས་ཚེ་ཟད་འཆི་བ་རྣམས།།
མཐོང་ཐོས་དྲན་རེག་སྒྲོལ་བ་ཐེ་ཚོམ་མེད།།
ཡི་དམ་བསྒྲུབ་པས་སྒྲུབ་ཁང་འོད་ཀྱིས་ཁེངས།།
བུམ་ཆུ་ཁོལ་དང་གཏོར་མར་ཟིལ་ཐིགས་བབས།།
ས་ལམ་རྟོགས་པ་བརྙེས་པས་གྲུབ་རྩལ་རྫོགས།།
དེ་སོགས་ཡོན་ཏན་གྲངས་འདས་བརྗོད་མི་ཟིན།།
དགུང་གྲངས་ཉེར་གཅིག་ས་ཕོ་ཁྱི་ཡི་ལོར།།
བཅོས་བསྒྱུར་བྱས་ནས་ཁྲིམས་སྒོར་ཕབས་ན་ཡང་།།
སྐྱོན་གྱིས་མ་གོས་གཟི་བརྗིད་མདངས་དང་ལྡན།།
རྒྱ་བོད་གཉིས་ཀྱིས་གཙུག་གི་རྒྱན་དུ་བཀུར།།
ཕྱི་ནང་སྣོད་བཅུད་མ་དག་ལྕགས་ཀྱི་ཁམས།།
རིམ་གཉིས་རྩི་བསྒྱུར་ལྷ་དང་གཞལ་ཡས་ཤར།།
སྐྱིད་སྡུག་བཟང་ངན་བསྟོད་སྨད་ཅི་བྱུང་ཡང་།།
རང་ཤར་རང་གྲོལ་རོ་གཅིག་ཟངས་ཐལ་རྟོགས།།
སྐྱོན་ཡོན་མི་ཤེས་མ་རུང་སྐྱེ་བོ་འགས།།
གནོད་པའི་ཚིག་མཚོན་ལན་བརྒྱར་འཕང་ནའང་།།
རྒྱལ་སྲས་ཕྱིན་དྲུག་སྤྱོད་པའི་འབྲས་བུ་སྨིན།།
སྐྱེས་མཆོག་དམ་པ་རྡུལ་ཁྲོད་གཟིམས་གྱུར་ཀྱང་།།
དམ་པའི་ཡོན་ཏན་རང་འོད་མཁའ་ལ་གསལ།།
གསང་གསུམ་མཛད་བཟང་ག་བུར་ལྟར་སྦས་ཀྱང་།།
སྙན་གྲགས་དྲི་བསུང་ཕྱོགས་ཀྱི་ཕ་མཐར་ཁྱབ།།
དེ་ལྟར་རྟོགས་བརྗོད་མེ་ལོང་དྭངས་བའི་ངོགས།།
རྣམ་ཐར་གཟུགས་བརྙན་འབུམ་ཕྲག་ཤར་བ་དང་།།
མ་འདྲེས་ལྟ་བའི་མིག་དཀྱུས་རིང་བོའི་མཐའ།།
དད་གུས་བརྟན་པོས་ཡིད་ཆེས་རྙེད་པར་མཛོད།།
ཞལ་སློབ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ནས།