ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> རྩེ་དྲུག་བསྟན་འཛིན་འོད་ཟེར།
རྩེ་དྲུག་བསྟན་འཛིན་འོད་ཟེར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་བསྟན་འཛིན།] [ཟླ་ཚེས། 11-01-28] [ཀློག་གྲངས། ]

དམ་པ་ཁོང་ནི་ཁྱུང་པོ་རི་བོ་རྩེ་དྲུག་གི་འདབས་ཞོལ། གྱང་སྔོན་ཞེས་པའི་ས་དེར་ཡབ་ཁྱུང་སེར་གར་དབང་རྣམ་རྒྱལ་གྲགས་པ་དང་། ཡུམ་རྟ་མགྲིན་ལྷ་མོ་གཉིས་ཀྱི་སྲས་སུ་༡༩༧༡ ལོར་སྐུ་འཁྲུངས། དགུང་ལོ་བདུན་ནས་བཟུང་ཆབ་མདོའི་སློབ་གྲྭར་འགྲིམས་ཤིང་། སྦྱང་ཚན་ཁག་རྣམས་དེར་ཡོད་སློབ་མ་ཡོངས་ནས་མཁྱེན་རྩལ་མངོན་པར་འཕགས་པར་གྱུར། དགུང་ལོ་བཅུ་ལོར་རྩེ་བླ་༧གཤེན་བསྟན་མཛོད་འཛིན་རིན་ཆེན་རྒྱལ་མཚན་མཆོག་གིས་སུམ་པ་མུ་སྤུངས་གསལ་སྟང་གི་རྣམ་རོལ་དུ་ངོས་འཛིན་མཛད། དགུང་ལོ་བཅུ་གསུམ་ཐོག་༧གོང་ས་པཎ་ཆེན་རིན་པོ་ཆེ་ཆབ་མདོར་ཕེབས་སྐབས། དམ་པ་ཁོང་ལ་ཁྱེད་ཉིད་རྩེ་དགོན་དུ་ཕེབས་ཏེ་མ་འོངས་བོན་གྱི་བསྟན་པ་བསྐྱང་རྒྱུའི་འགན་ཁྱེད་ལ་ཡོད་ཅེས་བྱིན་མདུད་དང་བཀའ་མངགས་གནང་། དགུང་ལོ་བཅུ་དྲུག་ཐོག་རྩེ་བླ་༧གོང་དེའི་མདུན་ནས་ཁྱིམ་སྤང་རབ་བྱུང་གི་སྡོམ་ཁྲིམས་བཞེས་ཤིང་། སྒྲུབ་མཁན་གཙུག་ཕུད་ཚུལ་ཁྲིམས་དྲུང་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། སྐུ་གསུམ་རང་ཤར་དངོས་གཞི་ཡང་ཏིག་སོགས་མཛོད་ལྔའི་ཁྲིད་ལུང་གསན་བཞེས་དང་བསགས་སྦྱང་གནད་ལ་ཁེལ་བར་མཛད། ༡༩༨༦ ལོར་༧ཡོངས་འཛིན་སྨྲ་བའི་སེང་གེ་རང་དགོན་དུ་གདན་དྲངས་སྐབས་ཁོང་མདུན་ནས་ལམ་རིམ་སུམ་བརྒྱ་པ་དང་། ཡེ་ཁྲི་བཤད་གཞི་འཆོང་། ཚད་མ་རྣམ་འབྱེད་འཕྲུལ་སྒྲོན་བཅས་ཀྱི་ཁྲིད་ལུང་ནོས། ༡༩༨༨ ལོར་རང་དགོན་དུ་སློབ་དཔོན་༧དྲང་སྲོང་གཡུང་དྲུང་མདུན་ནས་བློ་རྟགས་བསྡུས་གསུམ་དང་། ཐེག་རིམ། ཕར་ཕྱིན་སྐབས་བརྒྱད། མཛོད་འདུལ་དབུ་མ་བཅས་པར་འཆད་ཉན་དང་རྩོད་སྦྱངས་ལེགས་པར་མཛད། ཁ་འོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་དྲུང་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ལུང་རྒྱུད་ཀྱང་མནོས་པར་མཛད། ༧སྐྱབས་རྗེ་སྨན་རི་བ་མཆོག་གངས་ལྗོངས་སུ་ཐེངས་གཉིས་པར་ཆིབས་ཞལ་བསྒྱུར་བ་དང་བསྟུན་ཁོང་གི་མདུན་ནས་དག་པ་དྲང་སྲོང་གི་བསྙེན་པ་རྫོགས་པར་ཞུས། ༡༩༩༣ རང་དགོན་གྱི་ཁྲི་འཛིན་དང་ཀྲུའུ་རིན་གཞོན་པའི་ཐུགས་འགན་བཞེས། ༡༩༩༧ ལོར་ཀྲུང་དབྱང་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་རིས་མེད་གྲུབ་མཐའ་ཁག་གི་རིག་གཞུང་དང་ལོ་རྒྱུས་སོགས་གསན་བསམ་མཛད། ཞོར་དུ་རྒྱ་བོད་ཀྱི་མཁས་དབང་དུ་མ་མཇལ་བཅར་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་གཞི་ལམ་འབྲས་བུའི་སྐོར་དང་། ལོ་རྒྱུས་ཁག་རྣམས་ཕན་ཚུན་གོ་རྟོགས་སྤེལ་རེས་མཛད་པ་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྒྱུད་འཛམ་གླིང་ཁྱོན་དུ་བདེན་དོན་གསལ་བསྒྲགས་གང་ལེགས་མཛད། སྔ་གཞུག་དུ་ཡི་དམ་དུ་མར་བསྙེན་སྒྲུབ་ཀྱི་བཅད་རྒྱར་བཞུགས། ༢༠༠༨ ལོར་སྐུ་འཁོར་འགའ་བཅས་གདན་ས་ཆེན་མོ་གཡུང་གླིང་དུ་ཕེབས་ཏེ་༧དགེ་སློང་ཤེས་རབ་བསྟན་འཛིན་དྲུང་ནས་བློ་ལྡན་བོན་སྐོར་གཙོས་པའི་ཡི་དམ་བཅོ་ལྔའི་བཀའ་དབང་ཟབ་རྒྱས་སུ་ནོས་པ་དང་ཁྲི་བཞེངས་ཀྱང་མཛད། དམ་པ་ཁོང་ནི་ད་ལྟ་ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་ཁྲི་འཛིན་གཙོ་བོ་ཡིན་ལ། སྐྱབས་འོག་དུ་པེ་ཅིང་། ཧྲང་ཧེ། ཤང་ཀང་། གང་གྲོག། ཡུན་ནན། ཟི་ཁྲོན། ཐན་ཅིན། སུག་ཀྲུ། བོད་ལྗོངས། ཀྲུ་ཧེ། ཧེ་ལུང་ཅ། ཅང་སོག ཧྲང་ཤིན། ཨ་ཧུས། ནང་སོག ཧུ་པེ། ཧུ་ན། ཧུ་ན་དོ། སྲིང་གྲིང་བཅས་ཞིང་ཆེན་དང་ས་ཁུལ་ཆེས་མང་བ་ཞིག་ནས་དམ་པ་ཁོང་གི་རྨད་བྱུང་གི་མཛད་པ་ལ་ཡིད་རངས་ཤིང་། ཟབ་གདམས་ལེགས་བཤད་ཀྱི་དཔལ་ལ་སྤྲོ་བ་བརྟས་པའི་བོན་འབྲེལ་གྱི་སློབ་མ་ཡར་ཟླའི་དཔལ་ལ་འགྲན་བཞིན་མཆིས། གོང་གི་གདན་སར་ཕྱི་ལྷ་ཁང་གཞལ་ཡས་ཀྱི་བཀོད་པ། བར་སྐུ་གསུང་ཐུགས་རྟེན་གྱི་མཛེས་སྡུག ནང་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེའི་འཕེལ་ཁ་དང་འཐུས་སྒོ་ཕུན་སུམ་ཚོགས་པ་འདི་ནི། བླ་ན་འཕགས་པའི་དམ་པ་ཁོང་གི་གཟི་བརྗིད་དང་བྱིན་མཐུ་ཡིན་ཞེས་ཅུང་སྤོབས་སེམས་དང་བཅས་གླེང་ཆོག་ལ། གསོན་གཤིན་གྱི་འབྲེལ་བའི་དད་རྫས་རྣམས་ཁོང་ཉིད་གནས་སྐབས་སྤྲོ་ཉམས་དང་། ཚུལ་འཆོས་ཀྱི་རྫིག་རྔམ་སྟོན་བྱེད་དུ་མི་མོས་པར་དམིག་ཐོག་འབེན་ལ་བསྣུན་པའི་ཉག་ཕྲན་ཏེ། གང་ཡོད་མིའི་རིགས་ཀྱི་སློབ་གྲྭ་དང་། འཁོས་ཞན་གྱི་མི་སེར། སློབ་གཉེར་གྱི་བསྟན་རྩ། ལྟོས་བཅས་ཀྱི་དགོན་ཁག་སོགས་བསྟན་དང་འགྲོ་བའི་དོན་དུ་གཏོང་ཕོད་ཀྱི་ཐུགས་གཤིས་བརྟེན་པ་སོགས་རྨད་དུ་བྱུང་བའི་མཛད་ཕྲིན་མདོར་བསྡུས་སུ།། གུས་པ་ལྗང་ཤེར་བསྟན་པས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག