སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་ཐེག་པ་ཡངས་རྩེའི་སྒོ་ནས་འདུན་པ་དད་གསུམ་རོལ་མཚོའི་རླབས་ཕྲེང་།།
དཔལ་ཚོགས་བྱེ་བས་ལེགས་བསྐྲུན་པའི།།བདེར་གཤེགས་གསུང་གི་ངོ་བོ་ཉིད།།
ཕྱ་སྲས་ལྷག་པའི་ལྷ་མཆོག་ཉིད།།སེམས་དང་དབྱེར་མེད་སྙིང་དུ་བསྲེལ།།
གང་གི་དགོངས་རྒྱུད་བདུད་རྩིའི་རྒྱུན།།དད་མོས་སྐྱེ་བ་ལྔ་པའི་གསོས།།
ཡང་ཡང་གཞིབ་པའི་མཐུ་དཔལ་གྱིས།།ངག་རིག་ལང་ཚོ་མཛེས་གྱུར་ཅིག།།
ཚངས་སྤྱོད་དཔལ་གྱིས་རབ་མཛེས་པའི།།ཡོངས་འཛིན་སྨྲ་བའི་ཟླ་གཞོན་གྱི།།
ཞབས་ཟུང་དབང་སྒྱུར་འཁོར་ལོའི་རྡུལ།།གཙུག་གི་རྒྱན་དུ་རབ་བཀོད་དོ།།
མཆོག་གི་གསང་གསུམ་འཕྲིན་ལས་ཚུལ།།རོལ་མཚོའི་འཇིངས་བཞིན་ཟབ་པས་ན།།
ཇི་བཞིན་བརྗོད་ན་དབྱངས་ཅན་མགྲིན།།ངལ་ན་བྱིས་བློས་ཅི་ཞིག་མཚོན།།
དེ་ལྟར་ནའང་ཐུན་མོང་ངོར།།ཇི་ལྟར་སྣང་བའི་ཚིག་གི་ཕྲེང།།
དད་མོས་གདུང་བའི་མགུལ་རྒྱན་དུ།།བསྟར་ལ་ཕྱོགས་པའི་གདུང་བ་འཕེལ།།
ཐུགས་དགོངས་མཁྱེན་དང་བརྩེ་བས་གཏམས།།གསུང་ལ་དྲང་ངེས་བོན་གྱི་གཏེར།།
མཚན་དཔེའི་དཔལ་གྱི་བྱིན་ཆགས་པ།།བསྡུ་བཞིའི་འཕྲིན་ལས་འཆང་ལ་གུས།།
གང་གི་སྐུ་གསུང་ཐུགས་ཀྱི་ཆ།།དཔལ་ཡོན་འབུམ་གྱིས་ལེགས་བརྒྱན་པའི།།
མཐོང་བའི་མིག་དབང་ཐོབ་པ་འདིས།།སྐལ་པ་བཟང་པོའི་དཔལ་ལ་བཀོད།།
རྒྱལ་བ་མཉམ་མེད་བླ་མ་ཡི།།མཛད་བཟང་གསེར་གྱི་འཁོར་ལོ་ཆེ།།
གདུལ་བྱའི་ཁམས་ལ་དབང་སྒྱུར་བའི།།དྲན་དབང་དམ་པ་ཁྱེད་ལ་འདུད།།
འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་པོ།།བདག་གིར་བགྱི་བ་ལྷུར་བླང་བ།།
འཁོར་ལོ་གསུམ་གྱི་བྱ་ཐབས་ཀྱིས།།ཐུགས་ཀྱི་དམ་བཅའ་སྒྲུབ་ལ་བསྟོད།།
བསྟན་ལ་བྱ་བ་བྱེད་པའི་ཚུལ།།དེ་ཉིད་གཟུགས་སུ་གྲུབ་སྲིད་ན།།
འོག་གཞི་རླུང་འདིས་མི་ཐེག་མོད།།ད་དུང་དུབ་པ་མེད་ལ་མོས།།
དབུ་ལྗོན་ཞོ་གསར་མདངས་ཀྱི་གོས།།བགྲེས་པའི་ཉམས་ཀྱི་དུད་ནའང།།
མཉམ་མེད་བླ་མའི་བསྟན་དོན་ཕྱིར།།རྣམ་དཔྱོད་བགྲེས་རྒུད་མེད་ལ་དད།།
ཀུན་གཞི་ཀ་དག་ཆེན་མོ་ལས།།རང་རིག་རང་ལ་ཤར་བའི་མཐུས།།
སྒྲིབ་ཚོགས་དྲུང་ནས་འབྱིན་པའི་ཚུལ།།ཁྱེད་ཀྱི་གསུང་གི་ཁུ་བྱུག་ཉིད།།
གནད་འདི་དཀར་ནག་རྒྱ་ལུགས་ལས།།རིང་དུ་འགངས་བའི་ཚུལ་མང་བས།།
གངས་རིའི་རིག་པ་ཡིན་པའི་ཚུལ།།གསལ་བར་སྟོན་ལ་སྟོན་ཟླ་བཞིན།།
དེང་སང་སྐྲ་སེར་སྤྲེལ་བུའི་ཁྲོད།།མི་ཡི་རྔ་མ་བྲེག་པའི་ཚུལ།།
གཏམ་རྒྱུད་མགོ་རྔ་མེད་པའི་འུར།།རྒྱལ་ཁམས་ཀུ་ཅོས་བསྐང་འདི་ཅི།།
མིང་གི་གཡུ་འབྲུག་བསྒྲགས་པ་ཆེ།།དོན་གྱིས་སྟོང་བའི་ཚུལ་མཐོང་ཚེ།།
ཁྱེད་ཞལ་ཡུད་ཙམ་འགྲིམ་པའི་དགེ།།བསོད་ནམས་བྱེ་བའི་དཔལ་གྱིས་བསམ།།
ཉོན་མོངས་བསྒྱེལ་བར་མི་ནུས་ཞིང།།སླར་ཡང་ང་རྒྱལ་རབ་འཕེལ་བ།།
སྲིད་རྩེའི་ལམ་དུ་ཉེར་ཞུགས་པ།།ཡང་ན་བརྗོད་དུ་མེད་པའི་བདག།
འདི་ཚུལ་ཁྱེད་ཀྱི་མན་ངག་གི།།གསལ་བའི་དམིགས་བུ་ཐོག་པ་ལ།།
མ་འདྲེས་ཡིན་གྱི་གཞན་ལ་ནི།།གཡང་སའི་གནས་ལ་སུ་ཡིས་མགོན།།
ཧ་ཏི་གླང་པོ་རིན་པོ་ཆེ།།རང་གི་རང་ཉིད་མ་སློང་ན།།
སྐྱེས་ཕྲན་བརྒྱ་ཡིས་མི་སློང་བ།།དཔེ་འདི་རིག་པའི་ཁམས་ལས་གསུངས།།
དོན་འདི་ཁྱེད་ཀྱིས་ལེགས་འདོམས་པ།།རང་གིས་རང་ཉིད་མཐོང་བའི་ཚུལ།།
སྟོང་པས་སྟོང་པ་མྱོང་བའི་དོན།གསུང་འདི་ལྷུན་པོ་སྟོང་གི་ལྗིད།།
དེའི་ཚེ་རྟོག་གེ་བྱིས་པའི་ཚོགས།།སྟོང་ལ་མྱོང་བྱེད་མི་རུང་ཞིང།།
མྱོང་ལ་སྟོང་པ་མི་འཐད་པ།།འགལ་འདུས་བྱིན་པ་རབ་ཏུ་འདར།།
ངོ་བོ་ཀ་ནས་དག་བཞིན་དུ།།བློ་བུར་དྲི་མ་འགག་མེད་སྟོན།།
བྱས་ལ་ལྷུན་གྱིས་གྲུབ་པ་འགལ།།ཁྱེད་ཀྱི་གསུང་གི་གསང་བ་ཉིད།།
ངོ་བོའི་རང་བཞིན་སྟོང་སང་ངེ།།དམིག་པ་འཛིན་སྟོང་ལྷོད་ཀྱིས་ཞིག།།
སྣང་བའི་དེ་ཉིད་གྲིམ་ཆུག་གེ།།བྱིང་རྒོད་མཐའ་ལས་རྣམ་པར་རྒྱལ།།
སྣང་བ་འདི་དང་ཉོན་མོངས་ལ།།གནོད་མེད་སླར་ལ་འཕེལ་ཆེ་བ།།
དེང་སང་རྫོགས་ཆེན་ཟོལ་གྱི་རྒྱུ།།འདི་ལ་ད་ནི་ཅི་ཞིག་བྱ།།
མཐོང་བ་ཙམ་གྱི་ངོ་མཚར་བ།།ཞིབ་ཏུ་དཔྱད་ན་ཤ་ཚ་བ།།
ལེགས་པར་ལྟ་བའི་སྤྱན་འགྲིབ་པ།།འདི་ཚོགས་ད་ནི་ལྷག་པར་མོད།།
འཇུང་གེགས་ཚུལ་འཆལ་ཁ་བའི་རྡུལ།།སེམས་དབྱིངས་རྒྱ་མཚོར་ཉེར་ཞི་བ།།
འདི་རང་བླ་མེད་ཕྱིན་ཡུམ་གྱི།།ལྷ་ཞལ་གཟིགས་པའི་ཚུལ་འདི་ལ།།
ཕྱོགས་བཅུའི་རིག་པ་འཛིན་པའི་སྡེས།།དེ་དེ་རང་གིས་མངོན་བསྟོད་པའི།།
མཆོད་ཚིག་མེ་ཏོག་སིལ་མའི་ཚོགས།།ཁ་བའི་འདབས་མའི་ཟོལ་གྱིས་འཐོར།།
སྟོང་ལ་རྩལ་ཤར་མི་འགག་པ།།ཤར་ཡང་ངོ་བོ་ཉིད་དུ་གྲོལ།།
འདི་ལ་སེམས་ཉིད་སྟོང་པ་ཅེས།།རྟགས་འདི་ཁྱེད་ཀྱི་ཀུན་ལ་སྟོན།།
འཛིན་པ་སྟོང་པར་གྲོལ་བས་ན།།དེ་ལ་ལྟོས་པའི་སྣང་བ་ཀུན།།
རས་གཞི་ཞིག་པའི་རི་མོ་བཞིན།།དོན་དུ་བོན་ཉིད་སྟོང་པ་སྟོན།།
འདི་ནས་རྫོགས་སངས་རྒྱས་ཀྱི་སར།།ཐེར་ཟུག་ཐ་སྙད་ཚད་གྲུབ་ཅིག།།
ཡོད་ན་མཐར་ཐུག་ཟད་པའི་ཚུལ།།ཀུན་བཟང་རྫུན་དུ་ཨི་ཐལ་ལགས།།
འདི་ལྟར་སྣང་བའི་དངོས་པོ་ཀུན།།མཐའ་བཞིའི་རྒྱ་ལས་གྲོལ་གསུངས་པ།།
ཐ་སྙད་འཕྲུལ་ལ་ཆེས་ཞེན་པའི།།སྤྲེལ་བུའི་ཚོགས་ཀྱི་འདི་སྐད་གླེང།།
ལྕུག་ཕྲན་ལག་གིས་བཟུང་བ་དང།།ཤིང་འབྲས་ཟོས་པས་འགྲང་བའི་ཚུལ།།
འདི་བཞིན་ཡོད་མེད་ལས་འདས་ན།།མངོན་གསུམ་གནས་ལ་སྨྱོན་པར་སྨྲ།།
དེ་ཚེ་ཐུགས་ཀྱི་དཔལ་བེའུ་ནས།།ཀུན་བཟང་གཅེར་གྲོལ་ཅན་གྱི་སྐུ།།
མངོན་དུ་སྣང་བའི་བཀའ་ལན་ནི།།འདི་སྐད་འཁོར་གྱི་ཚོགས་ལ་གསུངས།།
ཡིན་ལུགས་འདི་ནི་གནས་ལུགས་ངོར།།ངེས་པར་སྟོན་པ་ཉིད་ཡིན་ཕྱིར།།
ཐ་སྙད་སྤུ་ཡིས་ཡོངས་གང་བའི།།རྣ་བ་ཅན་ལ་ནམ་ཡང་མིན།།
ལྕུག་ཕྲན་ཤིང་འབྲས་སྣང་ཚོད་གང།།གནས་སྐབས་བདེན་པ་ཙམ་དུ་གསུངས།།
བདེན་ན་མཐར་ཐུག་དགོས་ལས་མིན།།གལ་ཏེ་སྟོང་འདི་མིན་པ་ན།།
ཀུན་སྣང་བ་སྤུའི་ཁུང་བུ་ལ།།སྟོང་གསུམ་ཆགས་གནས་ཇི་ལྟར་ཡོང།།
རིལ་མའི་སྲུབ་ལ་ཇི་ལྟར་བཞུགས།།འདི་ཉིད་ད་དུང་ཚད་གྲུབ་ན།།
རིག་པའི་ལམ་ལ་འགལ་བ་དང།།བདེར་གཤེགས་གསུང་ལས་ལོག་པས་ན།།
རྣམ་པ་ཀུན་ཏུ་རུང་མ་ཡིན།།ཁྱོད་ཀྱི་ངོ་ལ་ཡོད་པས་ན།།
ཡོད་པའི་སྤྲོས་པ་མ་བྲལ་ཚེ།།སྤྲོས་པ་འདི་ཡིས་དབེན་པ་ཞིག།།
སྲིད་འདིར་རི་བོང་རྭ་ཙམ་ཟད།།འདི་ལྟར་འགྱུར་མེད་རྟག་པའི་མཐའ།།
མཐའ་བྲལ་སྟོང་པའི་ཡུལ་དུ་གྲོལ།།གོ་མྱོང་རིག་མེད་སྟོང་ཕྱལ་བ།།
ས་ལེ་ལྷང་ངེས་ཆད་མཐའ་བཅོམ།།སྣང་འདི་ཁྲམ་པ་མཐར་ཐུག་སྟེ།།
གང་ལྟར་བཏགས་པ་དེ་ལྟར་དང།།མཐོང་སྟོང་མི་མཐུན་དུ་མའི་ཕྱིར།།
ཆ་བཞག་གང་ཡང་མེད་པར་གསུངས།།དེ་ལྟར་ཡིན་པའི་གནད་ཀ་ནི།།
སྟོང་པ་རིན་པོ་ཆེ་འདི་ཡིས།།ཀུན་གྱི་བདག་ཉིད་བྱས་ཕྱིར་ལས།།
གཞན་ན་ཐེར་གཟུག་ཅིས་མི་འགྱུར།།སྟོང་པ་བདག་ཉིད་བྱས་པའི་དྲིན།།
འཁོར་བ་ཤར་ལ་མྱང་འདས་རུང།།རྟག་པར་སྣང་ལ་མི་རྟག་ཤར།།
གང་ཡང་ཤར་བ་ལྷུན་གྲུབ་ཕྱིར།།དེས་ན་ཀུན་གྱི་དངོས་གཞིར་གསུངས།།
དཔེར་ན་རིན་ཆེན་དང་པོ་དེ།།མགར་བའི་རྐྱེན་ལས་ལྷ་སྐུ་དང།།
ལྷ་བཟོའི་པིར་ལས་གསེར་ཐང་དུ།།འབྱུང་ལ་རག་གན་སེར་པོས་མིན།།
དེ་ཕྱིར་སྟོང་འདིའི་ཡོན་ཏན་ནི།།གསང་བ་བསམ་ལས་འདས་པས་ན།།
ཚིག་གི་སྨྲིག་རྒྱུའི་རྗེས་སྙེགས་པས།།སྐོམ་པའི་གདུང་བ་མི་སེལ་གསུང།།
བྲུ་ཞུའི་སྐྱེས་ཆེན་ཚོགས་རྣམས་ཀྱིས།།ཚུལ་འདི་དཀའ་གནད་དུ་གསུངས་པས།།
འོལ་ཚོད་ཙམ་གྱི་མ་ཡིན་པར།།ཡང་ཡང་དཔྱོད་ཅེས་གདམ་པ་བསྩལ།།
དེ་ལྟར་ནའང་དེང་སོང་འགས།།མགོ་མཐོང་ཙམ་གྱིས་ལུས་འཇལ་བ།།
སེམས་འདི་ཐོག་རེག་གིས་སྟོང་པས།།སྟོང་པ་རྩིས་པོ་ཆེ་རུ་ཞེན།།
འདི་ཉིད་སྡུག་བཙིར་སྒོམ་པ་ལས།།རྟོགས་དཔྱོད་ཤེས་རབ་མི་དགོས་སྐད།།
འདི་ཡི་སེམས་ཕུགས་དེ་ཤེད་ན།།ཤེས་རིག་སྐྱེས་བུ་བཞུག་འདུག་སྙམ།།
འོན་ཀྱང་དེང་གི་སྤྱི་ཚོགས་ཁྲོད།།ཡ་མ་ཟུང་གི་ཚུལ་ལུགས་འགའ།།
སྙན་ཚིག་འབབ་སྟེག་མི་རུང་སྟེ།།གཟུར་གནས་རྣ་བ་དཀོན་ཕྱིར་རོ།།
དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ།།སྤང་སྒྱུར་གྲོལ་བའི་ལང་ཚོ་ལ།།
རིག་གནས་རྒྱན་གྱིས་མཛེས་བཞིན་དུ།།མི་ལོ་ཉེར་ལྔའི་དགུང་གྲངས་བསུ།།
འཛམ་གླིང་བླ་མ་ཆེན་མོའི་གསུང་།།ཡང་ཡང་དྲན་པའི་གདུང་བ་ཡིས།།
རྒྱང་ཞགས་ཆུ་ཡིས་འཁོར་བཞིན་དུ།།སྨྲ་དབང་རིག་པའི་གཏེར་འཛིན་པས།།
བཀྲ་ཤིས་རྟེན་འབྱུང་མཚོན་ཕྱིར་དུ།།དད་མོས་གདུང་བའི་རྟེན་དོད་བཅས།།
ཁྲིན་ཏུ་གྲོང་གི་སྨན་ཁང་ནས།།སོར་བཅུ་སྤྱི་བོར་བཞག་སྟེ་བཏེགས།།