བླ་མ་སངས་རྒྱས་བོན་དང་སེམས་དཔའ་དང་།།
ཡི་དམ་མཁའ་འགྲོ་བོན་སྐྱོང་སྲུང་མའི་ཚོགས།།
དེང་འདིར་བདག་ལ་གསན་ཅིང་དགོངས་སུ་གསོལ།།
སྨོན་ལམ་བཏབ་བཞིན་འགྲུབ་པར་བྱིན་གྱིས་རློབས།།
བདག་ནི་འདིར་སྣང་འཁྲུལ་པའི་ལས་སྤྱོད་ལ།།
སྐད་ཅིག་སུན་མེད་རྟག་ཏུ་འཇུག་པའི་ཚེ།།
རྒྱལ་བའི་བཀའ་དང་འཕགས་པའི་ལུང་འགལ་གང་།།
སྙིང་ནས་སྟོབས་བཞིའི་བློ་ཡིས་བཤགས་པར་བགྱི།།
འཇིག་རྟེན་སྣང་བ་དགྲ་རུ་མི་ལྟ་ཞིང་།
གང་ཡང་བྱང་ཆུབ་སྒྲུབ་པའི་གྲོགས་འཁྱེར་བ།།
སྔོན་བྱོན་རྒྱལ་འཕགས་གོང་མའི་མཛད་སྤྱོད་ལ།།
ཚེ་རབས་ཀུན་ཏུ་བདག་ནི་རྗེས་ཡིད་རང་།།
མ་ཀི་ངན་སོང་གསུམ་གྱི་ཁྲིམས་ར་རུ།།
རང་བྱས་རང་ལ་སྨིན་པའི་སྐྱེ་བོ་ཚོའི།།
སེམས་ཀྱི་སྡུག་བསྔལ་ཚུལ་ལ་ལེགས་བསམ་ནས།།
འཁོར་བའི་ལས་སྤྱོད་འདི་ལ་ཡིད་སུན་ཤོག།
སེམས་ཚོར་གསོན་པོས་ཕྱི་ཡི་ཤ་ལྤགས་འབིགས།།
ཆགས་སྡང་རླུང་གིས་སྙིང་ཁམས་ཞི་བདེ་གཏོར།།
ཀྱི་ཧུད་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཚོས།།
སེམས་ཀྱི་ཞི་བདེ་སེམས་ཀྱིས་བཙལ་ནུས་ཤོག།
འདིར་སྣང་འཁྲུལ་པའི་གླིང་འདིར་འཚོ་བའི་ཚེ།།
བཅོས་མིན་ངེས་འབྱུང་ཟབ་མོས་རྒྱུད་བརླན་ཏེ།།
བླ་མ་སངས་རྒྱས་བོན་དང་སེམས་དཔའ་ལ།།
སྙིང་ནས་རེ་ས་སྐྱབས་གནས་བློ་གཏད་ཤོག།
དལ་བའི་རྟེན་འདིར་སྙིང་པོ་ལེན་ཕྱིར་དུ།།
ཚངས་སྤྱོད་འདུལ་བའི་སྤྱོད་པ་མས་ནས་འཛེགས།།
རང་སེམས་རང་དབང་ཁ་ལོ་བསྒྱུར་ཕྱིར་དུ།།
སྔགས་རྫོགས་ཟབ་མོའི་དོན་ལ་རབ་འཇུག་ཤོག།
ཚེ་ནི་མི་རྟག་སྐད་ཅིག་གློག་དང་འདྲ།།
སྣང་བ་མི་རྟག་སྒྱུ་མ་རྨི་ལམ་འདྲ།།
སྐྱིད་སྡུག་མི་རྟག་དབྱར་དགུན་སྟོན་དཔྱིད་འདྲ།།
རྟེན་འབྲེལ་སྣང་བས་བདེན་ཞེན་བརླག་པར་ཤོག།
འདི་དང་ཕྱི་མ་ཚེ་རབས་ཀུན་ཏུ་ཡང་།།
ཉམས་སུ་བླངས་སྤྱོད་བཞིན་དུ་དེ་བཞིན་སྐྱིད།།
འཕྲུལ་ངག་བདེན་པ་བོན་གྱི་ཆེ་བ་འདིས།།
སྐྱེ་དགུ་ཀུན་གྱི་ཡིད་དབང་འཕྲོག་པར་ཤོག།
འདུ་བའི་ནད་ཀྱིས་གདོས་པའི་ཕུང་ཁམས་དཀྲུག།
ཉོན་མོངས་ནད་ཀྱིས་སེམས་ཀྱི་བདེ་སྐྱིད་བཅོམས།།
འཇིག་སྐྲག་སྡུག་བསྔལ་དྲག་པོས་རབ་གདུང་བ།།
ཀུན་ཀྱང་བྱང་ཆུབ་སྒྲུབ་པའི་གྲོགས་སུ་ཤོག།
ཐར་མེད་འཁོར་བ་དུག་མཚོའི་རྦ་ཀློང་དུ།།
ཟིན་མེད་ལས་ལ་ཉ་བཞིན་རྟག་རྒྱུ་བའི།།
བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན།།
ཐར་པ་བདེ་བའི་ཐེམ་སྐས་མྱུར་འཛེགས་ཤོག།
རྒྱལ་བའི་བཀའ་དང་འཕགས་པ་དམ་པའི་ལུང་།།
ཇི་ལྟར་ཉན་པ་བཞིན་དུ་དེ་ལྟར་དུ།།
མ་རྟོག་ལོག་རྟོག་ཐེ་ཚོམ་ཡོངས་སེལ་ཏེ།།
སླར་ཡང་སྒྲོ་སྐུར་ལོག་ལྟ་མི་སྐྱེ་ཤོག།
ལྟ་བའི་ཁྱད་པར་རྫོགས་པ་ཆེན་པོ་དང་།།
སྤྱོད་པའི་ཁྱད་པར་སེམས་དཔའི་སྤྱོད་པ་ལ།།
ལྟ་ངན་སྐུར་འདེབས་ནམ་ཡང་མི་བྱེད་པར།།
ཚུལ་བཞིན་ཟབ་མོ་ཉམས་སུ་ལེན་ནུས་ཤོག།
བདག་ནི་རྒྱུ་འབྲས་བོན་གང་འཇུག་སྤྱོད་ཚེ།།
སེམས་བསྐྱེད་སྙིང་རྗེ་ཆེན་པོས་གཞི་བཟུང་ཞིང་།།
འགྲོ་ཀུན་བྱང་ཆུབ་ས་ལ་དཀྲི་ཕྱིར་དུ།།
ཕན་བདེ་ཇི་སྙེད་རང་གིས་བསྐྲུན་ནུས་ཤོག།
ཁྱད་པར་བཀའ་དྲིན་ཅན་གྱི་བླ་མ་ཡིས།།
དབང་ལུང་ཁྲིད་ཀྱིས་རང་རྒྱུད་ལེགས་སྨིན་ཏེ།།
ངེས་ཤེས་དགའ་སྤྲོ་ཁོང་ནས་རྒྱས་པ་དང་།
ཡུལ་ཤེས་བདེ་སྟོང་ཉམས་སུ་འཆར་བར་ཤོག།
ཟབ་ལམ་གསང་སྔགས་བསྙེན་ཅིང་བསྒྲུབ་པའི་ཚེ།།
སྔོན་བྱོན་རིགས་འཛིན་གོང་མས་བསྒྲུབ་པ་བཞིན།།
ཉམས་རྟོགས་འཕེལ་ཞིང་ལྷ་ཞལ་མཇལ་བ་དང་།།
རྣམ་བཞིའི་རིགས་འཛིན་མངོན་དུ་བཞེངས་ནུས་ཤོག།
ཚེ་འདིར་བྱང་ཆུབ་གྲོགས་བྱེད་ཕ་མ་དང་།།
དེ་བཞིན་བླ་མ་སངས་རྒྱས་སྤུན་མཆེད་གྲོགས།།
ཀུན་ལ་ཕན་བདེའི་བྱ་བ་ཅི་སྙེད་ཀྱིས།།
གསང་གསུམ་ཀུན་ལ་མཛེས་པའི་རྒྱན་གྱུར་ཤོག།
ཐོག་མའི་དུས་ནས་རང་ངོ་མ་ཤེས་ཤིང་།།
མཐའ་མ་ད་ལྟའི་རྟེན་འདི་མ་རྙེད་བར།།
རྒྱུ་བའི་རང་གཞན་མཁའ་མཉམ་འགྲོ་བ་ཀུན།།
སེམས་བསྐྱེད་སྙིང་རྗེས་རིས་མེད་བསྐྱང་ནུས་ཤོག།
གནོད་པའི་དགྲ་དང་དྲིན་ཅན་ཕ་མར་མཉམ།།
ངེས་པའི་དོན་ལ་གསེར་དང་བོང་བ་མཉམ།།
དེ་ལྟའི་བྱང་ཆུབ་སེམས་ཀྱིས་རྒྱུད་གཏམ་ཏེ།།
ཐེག་པའི་གོང་ནས་གོང་དུ་འཛེགས་ནུས་ཤོག།
ཚེ་འདིར་བསླབ་གསུམ་ཁྲིམས་ཀྱིས་རྒྱུད་བསྡམས་ཤིང་།།
ཆགས་སོགས་ཉོན་མོངས་དབང་དུ་མ་སོང་བར།།
ངེས་དོན་ཐེག་པ་ཆེན་པོའི་ལྟ་སྤྱོད་ལ།།
ངེས་ཤེས་ཡིད་ཆེས་གདེང་ཐོབ་མངོན་གྱུར་ཤོག།
ན་ན་བདེ་ཆེན་གཡུང་དྲུང་ཀློང་དུ་ཉལ།།
ཤི་ན་ཀུན་བཟང་དག་པའི་ཞིང་དུ་བགྲོད།།
འཁྲུལ་རྟོག་ཉེས་སྒྲིབ་ཕྲ་རགས་དགྲ་ཚོགས་གང་།།
ལྟ་སྤྱོད་རླབས་པོས་ཟིལ་གྱིས་གནོན་པར་ཤོག།
དེ་ཚེ་འདིར་སྣང་འཁྲུལ་པའི་སྣང་བ་ཀུན།།
རྟོག་བྲལ་ངང་དུ་ལྷོད་ཀྱིས་ཞིག་པའི་ཚེ།།
དག་དང་མ་དག་སྣང་བ་ཇི་སྙེད་པ།།
གཅིག་ཆར་གཞི་ཡི་དབྱིངས་སུ་སངས་པར་ཤོག།
ཕྱི་ཡི་སྣང་བའི་སྤྲོས་པ་ཆོད་པ་དང་།།
ནང་གི་ཞེན་འཛིན་རང་སར་གྲོལ་བ་དང་།།
གསང་སེམས་ཀུན་བཟང་དགོངས་པ་མངོན་གྱུར་ཏེ།།
རྒྱུད་ལ་སྐུ་གསུམ་དགོངས་པ་རང་ཤར་ཤོག།
དེ་ལྟར་རྒྱུ་འབྲས་ཐེག་པའི་ལམ་སྒོ་གང་།།
ཞུགས་འཇུག་སྤྱོད་དང་སྒྲུབ་པ་མཐར་ཕྱིན་བར།།
ལེ་ལོ་གཡེང་སྐྱོན་ལོག་འཁྲུལ་མི་འབྱུང་ཞིང་།།
གེགས་དང་གོལ་ས་ངང་གིས་ཆོད་པར་ཤོག།
ཐུན་མིན་ལམ་གྱི་ཡོན་ཏན་བསམ་མཐའ་ཡས།།
རྒྱུད་ལ་འཕོས་ཀྱང་ཁེངས་སེམས་མི་སྐྱེ་པར།།
ཞི་འཇམ་འདུལ་བའི་སྤྱོད་ལམ་ཇི་བཞིན་དུ།།
ཁེ་གྲགས་ང་ཆེ་ཧམ་སེམས་དབེན་པར་ཤོག།
སྟོན་པ་གཅིག་གི་རྗེས་སུ་ཞུགས་པ་དང་།།
བསྟན་པ་གཅིག་གི་བསྟན་འཛིན་སྐྱེས་བུ་རྣམས།།
ཐུགས་མཐུན་ཁྲིམས་གཙང་འདོད་ཆུང་ཆོག་ཤེས་ངང་།།
རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག།
བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་བུ་གང་།།
བསྟན་སྦྱིན་བུ་སློབ་རྣམས་ཀྱིས་ཞབས་ནས་འདེགས།།
ལྷ་སྲུང་བྱིན་མཐུ་ཅན་གྱིས་མགོན་སྐྱོབས་གྲོགས།།
ནམ་ཡང་གཡེལ་བ་མེད་པར་སྐྱོངས་མཛད་ཤོག།
བོན་གཤེན་རིག་འཛིན་གོང་མའི་སྨོན་ལམ་མཐུས།
ས་སྟེང་རྒྱལ་སྲས་སེམས་དཔའ་གྲུབ་ཐོབ་དང་།།
དཔའ་བོ་དཔའ་མོ་མང་པོ་མྱུར་འཁྲུངས་ཏེ།།
འཕྲུལ་ངག་བོན་གྱི་བསྟན་པ་འབར་བར་ཤོག།
འཇིག་རྟེན་ཁམས་འདིར་ནད་མུག་དུག་མཚོན་དང་།།
རྫས་འཕྲུལ་སྦྱོར་བས་སྣོད་བཅུད་མི་བདེ་བ།།
ཀུན་ཀྱང་འདོད་རྔམ་ནད་ཀྱིས་བརླག་པ་ཀུན།།
རྒྱལ་བའི་བསྟན་པ་འདི་ཡིས་གསོ་བར་ཤོག།
བདག་ནི་ད་ནས་བཟུང་ནས་བྱང་སྙིང་བར།།
སྐྱེ་བ་དམན་དང་རིགས་ངན་རྟེན་སྤོངས་ཤིང་།།
གཡུང་དྲུང་བོན་འདི་ཉམས་སུ་ལེན་པ་དང་།།
དཔོན་གསས་བླ་མའི་ཐུགས་བཅུད་ལོན་པར་ཤོག།
འདི་དང་ཕྱི་མ་ཚེ་རབས་རྣམ་ཀུན་དུ།།
ནད་དང་ན་ཚ་གློ་བུར་རྐྱེན་ངན་གེགས།།
ཁ་ན་སོ་ཚ་ཙམ་ཡང་མི་འབྱུང་བར།།
སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག།
ལྟ་བ་སྤྱོད་པ་དབང་དམ་འཕྲིན་ལས་སོགས།།
བླ་མེད་ཐེག་པ་ཆེ་ལ་ལོངས་སྤྱོད་ཅིང་།།
ཡུན་དུ་མི་འཐོགས་འཕྲལ་དུ་སངས་རྒྱས་ཏེ།།
འཁོར་བ་མ་སྟོངས་བར་དུ་དོན་ནུས་ཤོག།
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་།།
བསྟན་སྲུང་དམ་ཅན་རྒྱ་མཚོའི་ནུས་སྟོབས་ཀྱིས།།
ཇི་ལྟར་སྨོན་པའི་འདོད་དོན་མ་ལུས་པ།།
གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
དེ་ལྟའི་སྨོན་ཚིག་ཡིད་བཞིན་ནོར་བུ་འདི།།
སྙུ་གུ་ལག་ཏུ་བཟུང་བའི་དོན་གོ་ཡིན།།
མི་ཚེ་དོན་ཡོད་འབྱུང་བའི་སྨོན་འདུན་ཡིན།།
གཡུང་དྲུང་བོན་དང་འཕྲད་པའི་དགའ་སྤྲོ་ཡིན།།
སྒོ་གསུམ་དགེ་སྦྱོར་ཉམས་ལ་འབད་ཁུལ་གྱི།།
ལྷ་མཆོག་བྱམས་མ་བསྒྲུབ་པའི་ཐུན་མཚམས་སུ།།
ཁྱུང་འཁྱར་དྲུང་མུའི་མིང་གིས་གཟབ་ཁུལ་བྱས།།
འདི་ཡང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཤོག།
ཐ་ཚན་མུ་ཙུག་སྨར་རོ།།
2013/3/1ཉིན་ལ་དགེའོ།།