ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བསྟོད་པ་ཨུདྤལའི་ཕྲེང་བ།
ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བསྟོད་པ་ཨུདྤལའི་ཕྲེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

ཨེ་མ་ཧོ། ཀུན་སྐྱབས་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། །

མཚན་དཔེ་རབ་རྫོགས་གུར་གུམ་མདོག་མ་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ལྡན། །

སྟོང་གསུམ་ཀུན་གྲགས་སྒྲ་རྒྱལ་འབྲུག་གི་ཁྲི་ལ་རོལ་བའི་འགྱིང་བག་ཅན། །

འཕྲུལ་ཆེན་ཡིག་གེ་བཞི་བཅུས་རབ་སྤྲས་བཀྲ་གསལ་ན་བཟའ་ལེགས་པར་གསོ། །

རྒྱུད་ལུང་མན་ངག་སྡེ་སྣོད་ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེལ། །

ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། །

གཡོན་པ་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བ་མཛད། །

གཡས་གཡོན་ཕྲག་གཉིས་འབར་བའི་ཉི་ཟླ་ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བརྗིད། །

གཡུ་ཡི་ཟུར་ཕུད་རིགས་ཀྱི་རྟགས་སོགས་ཞི་རྒྱན་མཛེས་པའི་རྒྱན་གྱིས་བརྒྱན། །

ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །

མཐའ་རིང་འཁོར་བའི་རྒྱ་མཚོ་འདི་ལས་ཉེ་བར་སྒྲོལ་མཛད་ཕྲིན་ལས་ཅན། །

ལུས་ངག་ཡིད་གསུམ་སྒོ་ནས་དྭངས་བས་ཁྱེད་ལ་རབ་ཏུ་ཕྱག་བགྱིས་པས། །

མི་ཕམ་རྒྱལ་མཛད་དགྱེས་པའི་ཞབས་པད་བདག་གི་སྤྱི་བོར་མྱུར་དུ་ཞོག །

དམ་པས་སྨད་པའི་ལས་རྣམས་གང་བགྱིས་སྤྱན་སྔར་བཤགས་སོ་བཟོད་པ་གསོལ། །

ཕུན་ཚོགས་ལྡན་ཀྱང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ་ལོ་ཐུགས་ཀྱིས་བཞེས། །

ཉིན་མཚན་ཀུན་ཏུ་འདུན་པ་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། །

ཅུང་ཟད་མེད་སྙམ་འོན་ཀྱང་བདག་གིས་ཉེས་པའི་སྐྱོན་གྱི་སྒྲིབ་པར་ཟད། །

རབ་འབྱམས་ཤེས་བྱའི་ཚོགས་ཀུན་ཀུན་གསལ་བློ་གྲོས་བདག་ལ་མྱུར་དུ་སྩོལ། །

བདག་ལ་མགོན་བྱེད་རེ་ས་ཁྱེད་ལས་ལྷག་པའི་གཞན་ལ་སུ་མེད་པས། །

དུས་རྣམ་ཀུན་ཏུ་མི་བྲལ་ཁྱེད་ཀྱི་ཐུགས་རྗེས་བདག་ལ་གཟུང་དུ་གསོལ། །

བདག་གིས་གཞན་ཕྱིར་བཀའ་ཡི་འཁོར་ལོ་བསྐོར་ཞིང་འགྲོ་རྣམས་མྱུར་སྒྲོལ་ཤོག

ཅེས་པའི་ཤེས་རབ་སྨྲ་བའི་སེང་གེ་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པ། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་དཔལ་ལྡན་མཁར་སྣའི་དགོན་དུ་སྦྱར་བ་དགེའོ། བཀྲ་ཤིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག