ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་ཕྱག
མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་ཕྱག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། འ་ཞ་གསང་ཐུབ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།

བོད་སྐད་དུ། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ། །

བོན་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ལ་ཕྱག་འཚལ་ལོ། །

ན་མོ་སད་གྱེར་སྨར་ལ་སྤུངས་སོ་པ་ཏ་ཡ།

སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །

ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །སྤངས་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ཀྱང་། །འགྲོ་ལ་རྣམ་བརྩེས་གཟིགས་ཚད་ལྔ་དགོངས་ནས། །

སེམས་ཅན་འདྲེན་ཕྱིར་དམུ་རྒྱལ་ཐོད་དཀར་སྲས། །སྐྱེ་བ་བཞེས་པར་མཛད་ལ་ཕྱལ་འཚལ་ལོ། །སུམ་ཅུའི་མཚན་བཟང་བརྒྱད་ཅུའི་དཔེ་བྱད་ལྡན། །

འོད་ཟེར་མཐའ་ཡས་མངའ་བའི་ཞལ་བསྟན་ནས། །གདུལ་བྱ་དང་བོའི་འཁོར་བ་བཀྲིད་དྲངས་ནས། །བསྟན་པ་སྤལེ་བར་མཛད་ལ་ཕྱག་འཚལ་ལོ། །

སྡིག་ཅན་གཏོ་བུ་དོད་དེ་དམྱལ་བར་ལྟུང་། །སྔོན་བཤད་རྗེས་དྲན་བོན་བསྟན་སྐད་ཅིག་མ། །བྱང་ཆུབ་སེམས་དཔར་བསྒྱུར་ནས་ཐར་བར་དྲངས། །

དམྱལ་ཁམས་བདེ་བར་མཛད་ལ་ཕྱག་འཚལ་ལོ། །ཆགས་པའི་རྒྱ་མཚོར་བྱིང་བའི་འགུ་ལིང་མས། །སློབ་དཔོན་སྨད་པའི་སྐྱོན་གྱིས་མཛེ་ཡིས་གདུང་། །

ཐུགས་རྗེའི་ཉི་མས་སྡུག་བསྔལ་མཚོ་བསྐམས་ནས། །ལྷ་མོ་བསྒྱུར་བར་མཛད་ལ་ཕྱག་འཚལ་ལོ། །འགྲོ་འི་ནད་གདོན་དུག་ལྔས་གཟིར་གྱུར་བ། །

རྣམ་པར་བསལ་ནས་བདེ་ཆེན་སར་འགོད་ཕྱིར། །སྐུ་གསུང་ཐུགས་ཀྱི་འོད་ཟེར་སྲས་སྤྲུལ་ནས། །དུས་ཀུན་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །

ལོག་ཚོགས་འབྲེལ་བའི་མི་དགུ་སུམ་སྟོང་དམག །ངན་སོང་ལྟུང་ནས་སྡུག་བསྔལ་ཚ་གདུང་སེལ། །ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་རྒྱུན་ཕབ། །

བདེ་ཆེན་བསིལ་སྦྱིན་མཛད་ལ་ཕྱག་འཚལ་ལོ། །ཁྱབ་པས་བདུད་དམག་དུང་ཕྱུར་དོས་འཛུག་ཚེ། །བཟོད་པའི་གོ་གྱོན་སྙིང་རྗེ་དམག་དཔུང་བསྐྱེད། །

བདུད་གླིང་ཕམ་མཛད་ལོག་ལྟའི་གཡུལ་ངོར་བཟློག །བདེ་ཆེན་སར་འགོད་མཛད་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་མཛད་རྒྱལ་བོའི་བསམ་པ་འགྲུབ། །

དཔལ་མགོན་བྱེ་བ་དབང་བསྡུས་སྲུང་མར་བསྐོས། །འགྲོ་ཀུན་འདྲེན་ཕྱིར་བརྒྱད་ཁྲི་བཞི་སྟོང་བོན། །བསྟན་པ་རྗེས་བཞག་མཛད་ལ་ཕྱག་འཚལ་ལོ། །

རྗེས་འཇུག་བྱང་ཆུབ་བདེ་ལམ་བསྙེགས་མཛད་ཕྱིར། །འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་སྤངས་ནས། །རྣམ་དག་རང་བྱུང་མཆོད་རྟེན་བཞི་ཡི་དྲུང་། །

རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །དག་པ་དྲང་སྲོང་ཕོ་མོའི་འཁོར་སྡེ་ཡང་། །སྤངས་ནས་གཅིག་པུར་མི་དང་བྱ་སྤྲེལ་གྱིས། །

འཚོ་བ་ཆ་ཤས་ཙམ་ཡང་ལོ་དགུ་རུ། །དཀའ་བ་ཐུབ་པར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །

རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུར་ཕྱིར། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། །

དེ་ལྟར་བསྟན་པའི་བདག་པོ་གཤེན་རྒྱལ་ལ། །མཛད་པ་བཅུ་གཉིས་ཚུལ་དུ་མདོར་ཙམ་བསྟོད། །དེ་ཡི་དགེ་བས་བདག་སོགས་འགྲོ་བ་ཀུན། །

རྒྱལ་བ་ཁྱེད་དང་དབྱེར་མེད་མྱུར་ཐོབ་ཤོག །རྒྱལ་བ་གཤེན་རབ་ཁྱེད་སྐུ་ཅི་འདྲ་བ། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །

ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །

བདག་སོགས་གང་དུ་གནས་པིའ་ས་ཕྱོགས་སུ། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

ཞེས་རྣམ་མཁྱེན་རྒྱལ་བ་གཤེན་རབ་ལ་མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འ་ཞ་གསང་ཐུབ་ཀྱིས་ཕུལ་བ་རྫོགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག