མི་རྟག་རྒྱུ་འབྲས་དྲན་གསོ་དགེ་སྡིག་འབྲས་བུའི་རྣམ་དབྱེ་བཞུགས།།
བསླུ་མེད་སྐྱབས་མཆོག་གནས་བཞི། །གསོལ་བ་སྙིང་ནས་འདེབས་སོ། །
ཐུགས་རྗེ་གཏང་འབྲལ་མེད་པར། །དུས་ཀུན་འདོར་མེད་གཟིགས་ཤིག །
དུས་མཐའི་ལས་ངན་སེམས་ཅན། །དགེ་ཚོགས་བློ་ཡི་མུན་རུག །
སྡིག་ཚོགས་སེམས་ཀྱི་ནམ་ལོངས། །རང་ཉིད་གཅིག་པུར་གང་ཡོང༌། །
མི་ཤེས་འོད་དགའ་མེར་མཆོང༌། །ད་རུང་ཤེས་མདོག་ཁ་མོ། །
བླུན་གྲུང་དབྱེ་བ་མི་ཤེས། །མིན་པ་ཡིན་སྣང་བྱེད་མཁན། །
དཀར་ནག་ཕན་གནོད་མི་དྲན། །དགེ་སྡིག་རང་བྱས་རང་སྨིན། །
བདེ་སྡུག་རྩ་བ་གོ་ལྡོག །མི་ཤེས་ཤེས་མདོག་བྱེད་མཁན། །
གང་ཡང་ཅི་ཆ་མི་ཆོད། །རང་མགོ་རང་གི་བསྐོར་ཏེ། །
སྡུག་གསང་སྔལ་རང་ཐོག་ལེན་ཞིང༌། །བདེ་བ་རྩ་སྟོར་བཏང་མཁན། །
མི་ཚེ་ཆུ་ཟོས་གོ་མེད། །མི་ཚོར་རྣམ་དབྱིངས་འཁྲུལ་པ། །
ཡུད་རིང་སྡོད་བརྩིས་གདའ་སྟེ། །འདུག་དབང་མེད་པར་ཐག་ཆོད ། །
མི་ཚེ་མགྲོན་པོ་ཕར་འགྲོ། །འཆི་བདག་དགྲ་དམག་ཚུར་ཡོང༌། །
ལམ་ཕྲང་མྱུར་དུ་ཐུག་འགྲོ། །སྐྱེ་རྒས་ན་འཆིའི་དགྲ་ཞབས། །
སྐྱེ་འགྲོ་གཅིག་ཀྱང་མི་ཐར། །ཐམས་ཅད་འགྲོ་རྒྱུ་ཐག་ཆོད། །
ལུས་འདི་རང་བདག་མི་ཐུབ། །བྱ་ཁྱི་གཅན་ཟན་འབུ་རིགས། །
ཁ་ཟས་ཧབ་ཐོབ་བྱེད་དེ། །སྡིག་པའི་འཁོར་ལོ་བསྐོར་ཞིང༌། །
དམྱལ་བའི་རྒྱ་དེ་གང་ཆེ། །ངན་སོང་གཏིང་པ་གང་ཟབ། །
སྡུག་སྔལ་ཡུན་ཚད་ཇེ་རིང༌། །སྡིག་བསགས་རང་བྱས་རང་ཁུར། །
རླབས་ཆེན་སྡིག་པ་བཤགས་མེད། །སྐྱབས་གནས་དགྲ་ཡ་བཟུང་ཏེ། །
ལས་ངན་ལུས་ངན་མི་དེ། །སྔ་བསམ་ཕྱི་བློ་བཏང་ནས། །
རང་སྲོག་རང་གཅོད་ཁྱད་མེད། །ལས་ངན་ཁྱོད་ཀྱིས་ཨི་ཚོར། །
ལུས་ངན་ཁྱོད་ཀྱིས་ཨེ་ཤེས། །རང་ལུས་ཚེར་སོ་མི་བཟོད། །
བཟོད་ལྟ་རྦད་དུ་འཆོར་ན། །སྡར་སྐད་ཨ་ཚ་ཨ་ན ། །
སྐད་ངན་ཧུ་ཤུ་འདོན་འདུག །རང་དཔེ་གཞན་ལ་མི་ལེན། །
སྙིང་རྗེ་སྤུ་ཙམ་མེད་པའི། །བདུད་སྲིན་ངོ་མ་དངོས་རྒྱུག །
གནོད་འཚེ་གཏིལ་ཙམ་མེད་པའི། །ཉམས་ཆུང་སྲོག་ཆགས་སེམས་ཅན། །
བྲོས་ཏེ་གབ་པས་མི་ཕན། །སྐྲག་འདར་སྔངས་གཡེང་ངང་ནས། །
སེམས་སྡུག་མུན་ནག་འཁྲིགས་ཏེ། །ན་ཚ་བཟོད་བླག་མི་ཚུག །
དབང་མེད་ལུས་སེམས་ཕྲལ་ཏེ། །གསོད་རྒྱབ་གཏུབ་གསུམ་ཧབ་ཕོབ། །
ལས་ངན་སྡིག་ཅན་སྙིང་རྗེ། །ས་ཞབས་དམྱལ་བ་འགྲོ་འདོད། །
དང་ལེན་ཚང་ཁ་ཤིག་ཤིག །སྡིག་པ་མ་ཟད་བར་དུ། །
ནམ་ཡང་ཐར་པའི་དུས་མེད། །སྦྱང་ཚད་བསྐལ་བ་གྲངས་མེད། །
སྡུག་སྔལ་མནར་སྦྱང་ཚད་མེད། །ཚ་བ་དམྱལ་བའི་ཚ་རེག །
སྲ་བརྟན་ལྕགས་ཀྱི་ཐུ་ལུམ། །སྐད་ཅིག་མར་ལྟར་ཞུ་འགྲོ། །
གྲང་ལྷག་དམྱལ་བའི་གྲང་ངད། །རིན་ཆེན་གསེར་གྱི་ཐུ་ལུམ། །
སྐད་ཅིག་ཨུ་དཔལ་འགའ་འགྲོ། །དམྱལ་ཁམས་བཅོ་བརྒྱད་ཁ་བརྒྱུད། །
སྡུག་སྔལ་ཚད་མདེ་ཟད་མེད། །རང་བྱས་རང་ཡོང་ཐག་ཆོད། །
དམྱལ་བའི་སྡུག་སྔལ་སྦྱང་ཚད། །ཚིག་དོན་རང་བཟོས་མ་ཡིན། །
བསླུ་མེད་སངས་རྒྱས་ཞལ་གསུང༌། །རྫུན་ལྷད་མ་བསྲེས་དངོས་འབྲེལ། །
ཚད་གསུམ་ཟུང་འབྲེལ་བྲིས་ཡོད། །དེ་འདྲ་ཡིད་ལ་དྲན་ནས ། །
སྐྲག་འདར་སྔངས་ཐག་ཁྱེར་ཞིང༌། །ཉིན་མཚན་སྡུག་ཚེ་མི་ཆོད། །
ཡིད་མུག་ག་ཐག་ཆོད་ནས། །སེམས་སྡུག་སྙིང་རླུང་དཀྲུག་གོ །
ཅི་བྱ་ལྟོས་་མེད་ངང་ནས། །བསླུ་མེད་སྐྱབས་གནས་ལྷ་ཚོགས། །
ཡིད་ལ་དུང་དུང་ཀྱུག་ཀྱུག །རྩེ་གཅིག་ཡེངས་མེད་དྲན་ནས། །
འོ་འདོད་དྲག་པོ་འབོད་དོ། །འདི་ཕྱི་བར་དོ་གསུམ་ལ། །
ཐུགས་རྗེའི་སྐྱབས་འོག་མ་འདོར།’སངས་རྒྱས་བཀའ་བཞིན་བསྒྲུབ་ན། །
སྔར་བཤད་མ་ཡིན་དེང་སྐབས། །
འབྲས་བུ་མིག་རིག་རྣ་ཐོས། ། ཤར་རྫའི་གྲུབ་དབང་ཆེན་པོ། །
ཟག་བཅས་ཟག་མེད་གྲོལ་ནས། ། འོད་ལུས་དངོས་སུ་དེངས་སོང༌། །
ཐུགས་སྲས་ཟླ་བ་གྲགས་པ། ། ཉག་བླ་པད་མ་་བདུད་འདུལ། །
དེ་རིགས་ལས་ཅན་འགའ་ཙམ། ། རིག་པ་བོན་ཉིད་དེངས་དེ། །
གདོས་བྲལ་འཇའ་ལུས་གྲོལ་སོང༌། ། གོ་ཐོས་ཤེས་གསལ་ལྟར་དུ། །
ངོ་མཚར་ཡིད་ཆེས་རྙེད་དོ། ། དགེ་སྡིག་རྒྱུ་འབྲས་དཀར་ནག །
བདེ་སྡུག་རང་རང་སྨིན་འདུག ། ལ་ཆེན་བསམ་བློ་བཏང་ན། །
གནམ་སའི་བར་གྱི་སྐྱེ་འགྲོ། ། གཅིག་ཀྱང་མ་ཡིན་ཐམས་ཅད། །
མངལ་སྒོ་དྲོད་རྫུས་སྐྱེས་ཚད། ། ཐམས་ཅད་མི་རྟག་རང་བཞིན།
ལུས་འདི་གཡར་པོ་ཡིན་པ། ། གཡར་ངན་བདག་འགྱུར་སུ་ཐུབ། །
བདག་མེད་ཤི་རོ་འགྱུར་ཏེ། ། བྱ་དགའ་ཁྱིས་ཁྱེར་སྟོར་འགྲོ། །
རང་བདག་མི་ཡོང་ཐག་ཆོད། ། ལུས་འདི་འཆི་རྒྱུ་ཤ་སྟག །
སེམས་འདི་མགྲོན་པོ་ཡིན་པ། ། མི་འདུག་ལ་མོར་འགྲོ་རན། །
གར་སོང་རྗེས་མགོ་མེད་པ། ། དངོས་མེད་ཡིད་ལུས་འགྱུར་ན། །
ཁམས་གསུམ་དམྱལ་བ་རིགས་དྲུག ། སྡུག་སྔལ་མྱོང་རྒྱུ་ཐག་ཆོད། །
མ་ཤི་དབང་པོ་དྲུང་དུས། ། སྔ་ལྟས་ཕྱི་ལྟས་བྱེད་ནས ། །
རྒྱང་མིག་རིང་པོ་ལྟ་དགོས། ། དགེ་སྡིག་མཐོ་རིས་ངན་སོང༌། །
བདེ་སྡུག་དབྱེ་ཞིབ་ཕྱེ་སྟེ། ། གར་འགྲོ་རང་དབང་ཡོད་དུས། །
གདམ་ཁ་ཚོད་ཟིན་ཐེག་དགོས། ། རང་དཔེ་གཞན་བླང་རྒྱུ་འབྲས། །
ནོར་མེད་བྲེ་སྲང་གཞལ་ཏེ། ། དཀར་ནག་བདེ་སྡུག་མ་བརྗེད། །
རང་སེམས་དཔང་པོ་འཇོག་དགོས། ། འཆི་རྒྱུ་ཞེ་ཕུག་ཉར་ཞིང༌། །
མི་རྟག་དྲན་གསོ་ཤེས་དགོས། ། གཞན་ཕན་ཆད་དགའ་བ། །
དགའ་བ་ཐམས་ཅད་དགེ་བ། ། དགེ་བའི་རྩ་བ་བདེ་བ། །
རང་རང་དགེ་སྡིག་གང་བྱས། ། དཀར་ནག་རྒྱུ་འབྲས་བདེ་སྡུག །
གཞན་དག་རྗེས་སུ་མི་འགྲོ། ། བྱ་དང་བྱ་གྲིབ་བཞིན་དུ། །
རང་བྱས་རང་ལ་འཁོར་རོ། ། ཤི་ན་མེད་པ་མི་སྲིད། །
རྣམ་སྨིན་རྣམ་ཤེས་སྨིན་ནོ། ། ཤ་ཁྲག་ལུས་པོ་གྲུབ་ཚད། །
གསོན་པོ་འདུག་དབང་གཅིག་མེད། ། མ་ལུས་ལུས་པ་མེད་པར། །
ཀུན་ཀ་འཆི་རྒྱུ་ཤ་སྟག ། མ་ཡིན་ཡིན་ནོའི་རྫུན་གཏམ། །
བསླུ་བྲིད་མགོ་བསྐོར་མ་ཡིན། ། བསམ་ཡོད་བསམ་བློ་ཐོངས་དང༌། །
བདེན་ཚིག་ཡོང་རྒྱུ་ངོ་མ། ། ཐམས་ཅད་མིག་མཐོང་ལག་ཟིན། །
དངོས་འབྲེལ་སྙིང་གཏམ་འདི་ཡིན། ། དེང་སྐབས་དབང་པོ་དར་དུས། །
ཞྭ་ལྷམ་གོས་བཀྲག་གཟབ་མི། ། རྟ་རྒྱུག་མདའ་འབན་རྩེ་མཁན། །
འཁོར་གསུམ་དཔའ་ཆས་རྫོངས་ཤིང༌།།གཟབ་གཟབ་མཛེས་མཛེས་འཕྱོར་འཕྱོར།།
ཕོ་རྒོད་སྟོབས་ཤུགས་རྣམ་འགྱུར། ། དཔའ་རྟག་དགྲ་ལ་རྔམ་པ། །
གཞན་ཕྱོགས་དགྲ་མགོ་མནོན་མི། ། རང་ཕྱོགས་གཏང་མ་ལེན་མི། །
གླུ་གར་ཞབས་བྲོ་འཁྲབ་མཁན། ། སྟོད་སྨད་བར་གསུམ་བསྐོར་ཏེ། །
རི་ཁུར་ཐང་གཟིས་བྱེད་པ། ། ཐམས་ཅད་རང་ལ་བསྟོད་པ། །
མི་རྟག་འགྱུར་ལྡོག་བྱུང་སྐབས། ། ནམ་འཆི་སྔས་མགོ་སླེབས་ཤིང༌། །
ཤི་ནད་དྲག་པོ་ཐེབ་དུས། ། སྔས་དྲོ་སྟན་འཇམ་ནང་ལ། །
རང་ལུས་རང་གིས་མི་ཐིག ། རང་ངོ་རང་གིས་རིག་ཏེ། །
རང་བྱས་རང་གིས་དྲན་ན། ། རང་སྡུག་མུན་ཁང་འཁྲིགས་ཤིང༌། །
མི་གཙང་མཆིལ་སྣབས་ཁ་ལུད། ། གཅིན་སྐྱགས་ནང་ལ་ཟུག་ནས། །
དྲི་ངན་སྐྱུག་ལོག་གསེབ་དུ། ། ཤ་ཞུ་རུས་ལ་ཐུག་སྟེ ། །
རུས་མགོ་ཤུན་ལྤགས་གཏུམ་ཞིང༌། ། པགས་ཤུན་ཁྲ་རྒྱ་ཧར་ཐད། །
ཁ་ཟས་སྨན་ཐུན་དེ་ཙམ། ། སྐོམ་རྩི་སྨན་ཆུ་ཐིག་རེ། །
གཏམ་ཚིག་ཨ་ཚ་ཨ་ར། ། གླུ་གཞད་སྡར་སྐད་ཧུ་ཤུ། །
ཞབས་བྲོ་ལག་གཟའ་རྐང་གཟའ། ། ཁ་བཤད་འཁྲུལ་གཏམ་སྨྱོ་ལབ། །
སེམས་རྩ་སྡུག་གིས་བཟུང་སྟེ། ། མིགརྩ་མཆིལ་མས་གང་ཞིང༌། །
རང་གི་ཉེ་བ་གཉེན་འབྲེལ། ། སུ་ཡིས་རིག་ན་ཡ་ང། །
གང་གིས་མཐོང་ན་སྙིང་རྗེ། ། བློ་ལ་བསྡད་ན་ཤ་ཚ། །
ཉེ་ཟུར་བཏུད་ན་སྐྱུག་བྲོ། ། འཆི་རྟག་གང་ངན་ལུས་ཚང༌། །
སྡུག་སྔལ་སྣ་ཚོགས་ཡིད་འཆར། ། བྱ་བའི་ཐབས་ཟད་འཆི་ཐུག །
གཏོ་དཔྱད་སྨན་གྱིས་མི་བསླུ། ། དཔའ་བཙན་དཔུང་གིས་མི་ཟློག །
ནོར་ཕྱུགས་རྒྱུ་ཡིས་མི་ཕན། ། གཉེན་འབྲེལ་བཤོལ་གྱིས་མི་ཐུབ ། །
ཐབས་བརྒྱ་ཇུས་སྟོང་མི་ཐུབ། ། དེ་སྔོན་བྱས་ཚད་སྟོང་བ། །
ལས་ཚད་ཐམས་ཅད་གོ་མེད། ། བསམ་ཚད་ཐམས་ཅད་འཁྲུལ་བ། །
བསོད་ཚད་ཐམས་ཅད་བསྐྱུར་རྒྱུ། ། གཉེན་འབྲེལ་ཐམས་ཅད་འབྲལ་རྒྱུ། །
སྐྱེས་ཚད་ཐམས་ཅད་འཆི་རྒྱུ། ། གསོན་ཡུལ་ཐམས་ཅད་ལུས་རྒྱུ། །
ཤི་ཡུལ་ཐམས་ཅད་མཐོང་རྒྱུ། ། ཕྱི་སྣོད་མེ་ཆུ་ས་རླུང༌། །
རྒྱ་ཆེ་སྲ་མཁྲེགས་དེ་ལ ། ། དུས་བཞི་ཡུད་ཙམ་འགྱུར་འགྲོ། །
ནང་བཅུད་སྐྱེ་འགྲོ་སེམས་ཅན། ། རྙེད་དཀའ་འཇིག་སླ་ཤ་ཁྲག །
སྐེ་རྒས་ན་འཆིས་རླག་འགྲོ། ། འཆི་བ་ཐག་རིང་མི་འདུག །
ཉེ་མོར་བློ་རྩར་བསྡད་ཡོད། འཁོར་བའི་རྣམ་གཡེང་ཁྱེར་ནས། །
མི་ཚེ་གར་ཟད་མི་རིག ། སྙོམ་མེད་དལ་སྡོད་སྐབས་སུ ། །
གློ་བུར་འཆི་ནད་ཐེབ་པ། ། ཚེ་ནི་ཉིན་རེ་ཇེ་ཟད། །
ལུས་ནི་ཞག་རེ་ཇེ་རྒས། ། འཆི་ནི་གོམ་རེ་ཇེ་ཉེ། །
ཤ་ཁྲག་ཁུར་བའི་ལུས་ཅན། ། གསོན་ཡུལ་མི་འདུག་ཐག་ཆོད། །
ཤི་ཡུལ་འགྲོ་རྒྱུ་ཤ་སྟག ། སྣང་ཞིང་སྲིད་པའི་སྲིད་ཚད། །
སྒྱུ་མ་རྨི་ལམ་ལྟ་བུ། ། སྐད་ཅིག་ཡུད་ཙམ་ལམ་ཙམ། །
བདེན་མེད་གཉིད་སད་རྨི་ལམ། ། འཁྲུལ་ཚད་བྱ་ལམ་རྗེས་མེད། །
དེ་ལྟར་མི་རྟག་རང་བཞིན། ། བྱང་ཆུབ་སེམས་པའི་ཞལ་ནས། །
སྡིག་པ་སྡུག་སྔལ་རྒྱབ་བསྐྱུར། ། དགེ་བ་བདེ་བ་དང་ལེན། །
ཞེས་གསུངས་སོ། ། ཉམས་མྱོང་མི་ཡི་ཁ་དཔེ། །
ད་དགོང་མགྲོན་པོའི་ཚུགས་སོ། ། ཕྱི་མ་དམྱལ་བའི་ཕ་ཡུལ། །
ཁ་བཤད་དོན་ནི་བདེན་འདུག ། སྔར་མི་ཐབས་བརྒྱ་ཇུས་སྟོང༌། །
མི་ཚེ་འཁྲུལ་པ་སྤྱོད་མཁན། ། མི་ཤེས་དགུ་ཤེས་ཤེས་མཁན། །
མི་ལས་རྒུ་ལས་ལས་མི། ། མི་མཐོང་རྒུ་མཐོང་མཐོང་མི། །
མི་འཁྲུལ་དགུ་འཁྲུལ་འཁྲུལ་མི། ། རང་སྡུག་གཞན་མགོ་དཀྲི་མཁན། །
གཞན་བེད་རང་ལ་སྦྱར་མི། ། རང་མཐོ་གཞན་དབང་བསྡུས་མི། །
མི་མཐོ་དགུ་མཐོ་མཐོ་མི། ། མི་ཕྱུག་དགུ་ཕྱུག་ཕྱུག་བདག །
མི་བཙན་དགུ་བཙན་བཙན་པོ། ། བདེན་མེད་རྨི་ལམ་རང་བཞིན། །
སྐད་ཅིག་མི་རྟག་འགྱུར་སོང༌། ། གོ་མེད་བྱ་བ་དེ་ཚོ ། །
རང་ཉིད་རང་གིས་བསླུས་ཏེ། ། སྡིག་སྡུག་རི་རབ་རྒྱ་མཚོ། །
ང་བྱས་རང་གིས་ཁུར་ནས། ། རང་སྡུག་རིན་གྱིས་ཉོས་ཤིང༌། །
སྡིག་པའི་མུན་ནག་འཁྲིག་ནས། ། སེམས་སྡུག་ཁོག་ལ་མི་ཤོང༌། །
འགྱོད་པ་སྐྱེས་ཀྱང་ཐབས་ཟད། ། དམྱལ་བ་འགྲོ་འདོད་ལས་ཚར། །
སྡུག་སྔལ་ཐར་མེད་བསྒྲུབ་ཚར། ། མིག་ལྡན་གཡང་སར་མཆོང་ཚར། །
ཐར་མེད་བཙོན་དོན་ཚུད་ཚར། ། བྱ་བ་ཐམས་ཅད་ཐལ་ཚར། །
རང་བྱས་དམྱལ་བ་ལྷུང་དུས། ། ཉེ་འབྲེལ་མང་པོའི་ནང་ནས། །
མར་ནང་སྤུ་ཉག་བཏོན་ལྟར། ། རོགས་མེད་གཅེར་བུར་ལག་སྟོང༌། །
རྣམ་ཤེས་བྱ་སྒྲོ་རླུང་འཁྱེར། ། དམྱལ་བ་རིགས་དྲུག་འཁྱམས་འགྲོ། །
བྱམས་སྐྱོང་བྱེད་མི་གཅིག་མེད། ། འགྲོ་ཡུལ་གཏད་སོ་གཅིག་མེད། །
འདུལ་ཡུལ་གནམ་ས་གཅིག་མེད། ། གྱོང་སྒྱུ་གོས་དེ་མིང་མེད། །
བཟའ་བཏུང་མིང་དེ་མི་མཐོང༌། ། ལན་ཆགས་སྙོགས་འདེད་གྲངས་མེད། །
ལེན་ལེན་ཤ་ལེན་ལེན་མི། ། དེ་དུས་དེ་ཚོ་ཁ་ཉེན། །
རང་བྱས་རང་ཉིད་ཕབ་དུས། ། མཐོང་ཚེ་དགྲ་བོ་ཤ་སྟག །
རིག་ཚད་གཤིན་རྗེ་ལས་མཁན། ། རང་བྱས་སྡིག་ཆེན་དེ་ལ ། །
སྐད་ཅིག་རང་དབང་མེད་པར། ། བྱིས་ཆུང་ཁྲ་ཡིས་བཅུམ་བཅུམ། །
སོད་སོད་རྒྱོབ་རྒྱོབ་ངང་ལ། ། སྒྲ་སྐད་འབྲུག་སྟོང་ལྡིར་ལྡིར། །
མཚོན་ཆ་ཐོག་སེར་འབེབ་འབེབ། ། གསོད་རྒྱག་དགྲ་ལིང་གཏུབ་གཏུབ། །
ལས་མཁན་བུ་ཡུག་འཚུབ་འཚུབ། ། མིག་ལོག་གློག་དམར་འཁྱུག་འཁྱུག །
སོ་སྒྲ་ཁྲོ་ཆུ་འཁོལ་འཁོལ། ། ཤ་ཟ་གཅན་སྤྱང་འདྲད་འདྲད། །
ཁྲག་འཐུང་འཕར་རས་འཇོངས་འཇོངས། ། རུས་པ་སྟག་གཟིག་མུར་མུར༌། །
ཚ་དམྱལ་ཁྲོ་ཆུ་བཞུ་བཞུ། ། གྲང་དམྱལ་བཤར་འཁྱག་འགས་འགས། །
ཚ་གྲང་མེ་ཆུ་འཐབ་འཐབ། ། ཚེ་འདས་ཚེར་མས་བཙག་བཙག །
རོགས་མེད་ད་ཕྲུག་འཁྱམ་འཁྱམ། ། ཐར་མེད་བཤའ་ལུག་འདར་འདར། །
རང་ལུས་བགོ་ཤ་རྒྱག་རྒྱག ། བཟོ་མེད་སོག་ལེ་དྲུ་དྲུ། །
བརྡ་འདེད་ཤ་ཁྱིས་འཕབ་འཕབ། ། སེམས་སྡུག་མུན་ནག་འཁྲིག་འཁྲིག། །
ངུ་འབོད་རྫ་རི་ཉིལ་ཉིལ། ། མཆི་མ་ལོག་ཆར་འབབ་འབབ། །
སྡུག་སྔལ་རྒྱ་མཚོ་འཁྱིལ་འཁྱིལ། ། ཐར་མེད་རྦབ་རྒོད་འགྲིལ་འགྲིལ། །
ཡུན་ཚད་ཆུ་གཉེར་ལྷུད་ལྷུད། ། དམྱལ་བའི་སྡུག་སྔལ་ཚབས་ཆེན། །
དཔེ་མཚོན་གཞར་དུ་མི་ནུས། ། སྐད་ཅིག་བཟོད་གླགས་མེད་པ། །
རང་ཐོག་སླེབ་དུས་ཅི་བྱེད། ། ད་ལྟ་རང་དབང་ཆེ་དུས། །
སྡིག་སྤང་དགེ་ལ་ཨི་སྤྱོད། ། སྤྱོད་ན་བདེ་བ་རང་ལག །
བཤེས་གཉེན་བླ་མ་བསྟེན་དགོས། ། ཅི་གསུང་དང་ལེན་བྱེད་དེ། །
སངས་རྒྱས་དངོས་སུ་མཐོང་ཞིང༌། ། ལུང་ལས ། །
བླ་མ་མེད་པའི་གོང་རོལ། ། སངས་རྒྱས་བྱ་བའི་མིང་མེད། །
སྐལ་བཟང་སངས་རྒྱས་ཐམས་ཅད། ། བླ་མ་དེ་ལས་བསྟེན་བྱུང༌། །
དེ་ཕྱིར་བླ་མ་གཙོར་ཆེ། ། ཞེས་གསུངས་སོ ། །
བླ་མའི་གདམངག་བདུད་རྩི། ། དུས་ཀུན་ངོམ་མེད་འཐུང་ཞིང༌། །
སྤྱོད་ལམ་རྣམ་བཞི་འབྲལ་མེད། ། བསྐྱེད་བསྒོམ་གསོལ་འདེབས་བྱེད་ནས། །
བྱིན་རླབས་དབང་བཞི་ཞུ་དགོས། ། ལུས་འདི་རྙེད་དཀའ་འཇིག་སླ། །
ཁམས་གསུམ་རིག་དྲུག་ནང་ནས། ། དཔེ་རྒྱུ་གྲངས་ཀྱི་སྒོ་ནས། །
མི་ལུས་རྙེད་པ་དཀའ་མོ། ། འགྲོ་དྲུག་མཚན་མོའི་སྐར་དཔེ། །
མི་ལུས་ཉིན་སྐར་ཉུང་བ། ། མི་ལུས་མིང་ཐོག་མང་ཡང༌། །
འཛམ་གླིང་དབུས་སྐྱེས་ཉུང་ཤས། ། དེ་ནང་དལ་བརྒྱད་འབྱོར་བཅུ། །
ཀུན་ཚང་སྐལ་ལྡན་ལས་བཟང༌། ། ཡིད་བཞིན་ནོར་ལས་ལྷག་འདུག །
འོན་ཀྱང་མི་རྟག་འཇིག་སླ། ། སྒྱུ་མའི་དཔེ་བཅུ་ཇི་བཞིན ། །
སྣང་ཞིང་སྲིད་པ་མ་ལུས། ། ཐམས་ཅད་མི་རྟག་བོན་ཅན། །
ཕྱི་སྣོད་སྟོང་གསུམ་འཇིག་རྟེན། ། རྒྱ་ཆེ་སྲ་མཁྲེགས་འདི་དག །
མི་རྟག་རང་མཚན་བསྟན་དུས། ། གཞན་དབང་མ་བྱས་རང་བཞིན། །
སུ་དང་གང་གི་བཤོལ་མེད། ། བུས་བཞི་ཡུད་ཙམ་འགྱུར་འགྲོ། །
ནང་བཅུད་འགྲོ་དྲུག་སེམས་ཅན། ། མངལ་སྒོ་དྲོད་རྫུས་སྐྱེས་པའི། །
བེམ་ཤེས་གཉིས་བསྡུས་གཟུགས་རྟེན། ། ཤ་ཁྲག་གྲུབ་པའི་ཕུང་གོག །
གཅིག་ཀྱང་ལུས་པ་མི་སྲིད། ཐམས་ཅད་ཤི་ཡུལ་བཤལ་འགྲོ ། །
མི་རྟག་བཤོལ་འདེབས་སུས་ཐུབ ། ། ཐམས་ཅད་མི་རྟག་ཤ་སྟག །
ཤེས་གསལ་ལྟར་དུ་ཡིད་ཞོག ། འཆི་རྒྱུ་རྒྱུ་འབྲས་དྲན་དགོས། །
གལ་གནད་དེ་ལ་ཐུག་ཡོད། ། ལས་ཀྱི་རྒྱུ་འབྲས་ཐམས་ཅད། །
རྒྱུ་དེ་དགེ་བ་སྔོན་སོང༌། ། འབྲས་བུ་བདེ་བ་རྗེས་སྨིན། །
རྒྱུ་དེ་སྡིག་པ་སྔོན་སོང༌། ། འབྲས་བུ་སྡུག་སྔལ་རྗེས་འབྱུང༌། །
དཔེར་ན་ཞིང་གི་ས་བོན། ། འབྲས་སྲན་དཀར་ནག་གང་བཏབ། །
ཁ་དོག་མི་འགྱུར་རང་རང༌། ། དཀར་ནག་མི་འདྲེས་སོ་སོར། །
སྨིན་ཏེ་དགེ་སྡིག་དེ་བཞིན། ། སྐྱེ་འགྲོ་སེམས་ཅན་ཐམས་ཅད།
ཕ་མ་མ་གྱུར་གཅིག་མེད། ། བསྐལ་པ་འབུམ་ཕྲག་གྲངས་མེད། །
ཁམས་གསུམ་རིགས་དྲུག་གནས་སུ། ། ལུས་དེ་གྲངས་མེད་བླང་དུས། །
ཕ་མ་བུ་གཉེན་གྲོགས་པོ། ། གཞན་དག་བགོས་ཤ་ཁྱེར་འགྲོ། །
ཅ་ཀ་ཉར་ཚག་བྱེད་པའི། ། མཛེས་སྒེགས་མཚར་སྡུག་ལུས་འདི། །
ཡོང་རྒྱུ་མཐའ་རྒྱུ་དེ་ཡིན། ། ད་ཆ་འདུག་པའི་དབང་མེད། །
སྲོག་དབུགས་བསྡུས་པའི་སྐྱེ་འགྲོ། ། མི་རྟག་སྒྱུ་མའི་ཡོ་ལོང༌། །
རླུང་དཀྱིལ་མར་མེ་ལྟ་བུ། ། སྣང་ཚུལ་འདི་ལ་བསམ་ནས། །
འཁྲུག་འཁྲུག་ཡིད་སེམས་འཁྲུག་གོ ། འདར་འདར་སྙིང་རྩ་འདར་རོ། །
ཡིད་མུག་ག་ཐག་ཆད་འདུག ། སྐྱེ་རྒས་ན་འཆིའི་བདུད་བཞི། །
ཚེ་རབས་སྔ་ཕྱིའི་ལན་ཆགས། ། བདའ་དེ་དྲག་པོ་བཏང་ཏེ། །
ན་ཚ་གཅིག་སྟེང་གཉིས་བསྣོན། ། ནད་རིགས་བཞི་བརྒྱ་རྩ་བཞི། །
གདོན་རིགས་སྟོང་ཕྲག་བརྒྱད་ཅུ། ། བགེགས་རིགས་གྲངས་མེད་དཔག་མེད། །
རྐྱེན་ངན་ཉི་ཁྲི་གཅིག་སྟོང༌། ། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། །
བར་ཅད་རྩི་རྩི་གྲངས་མེད། ། འཆི་རྐྱེན་སྣ་མིན་སྣ་ཚོགས། །
འཆི་ནད་མི་རྒྱག་དགུ་རྒྱག ། ལ་ཆེན་ནམ་འོག་ས་སྟེང༌། །
ཤ་ཁྲག་མི་རྟག་ཤི་རོ ། ། ས་སྟེང་འདུག་མི་གཅིག་མེད། །
ཧ་གོ་མིག་རིག་ལག་ཟིན། ། ད་དུང་མི་ཚོར་མི་རོ། །
བླུན་རྒན་མུན་ནག་འགོ་འཐོམ། ། རང་ཉིད་ཐར་མེད་དམྱལ་བ། །
འགྲོ་ཐབས་ཇུས་གཞི་སྣ་ཚོགས། ། རང་མཐོ་གཞན་གནོད་ཐབས་མཁས། །
སྡིག་པ་མ་བྱས་གཅིག་མེད། ། ཐམས་ཅད་ཕ་མ་བུ་ཡིན། །
གསེར་འོད་ལས ། ། རྣམ་མཁྱེན་སངས་རྒྱས་ཞལ་ནས། །
དམྱལ་བའི་རིགས་ཁམས་ཐམས་ཅད། ། ཕ་མ་བུ་གཉིས་ཡིན་གྱུར། །
གཅོད་སྦྱང་སྡུག་བསྔལ་ཀུན་བྱང༌། ། བྱམས་མཆོག་བདེ་བ་ལྡན་ཕྱིར། །
བོན་ཉིད་ཀློང་དུ་སེམས་བསྐྱེད། ། དེ་བཞིན་ཁམས་གསུམ་རིགས་དྲུག །
ཕ་མ་བུ་གཉིས་ཡིན་གསུང༌། ། རྒྱུད་ལུང་ཀུན་ལ་གསལ་འདུག །
ལུང་ལས། སྔོན་དུས་ཁྱིམ་དུད་གཅིག་ལ། ཕ་བསད་དགྲ་དེ་བུ་སྐྱེས། །
མ་ཤི་ལུས་དེ་ཁྱི་སྐྱེས། ། ཕ་ལུས་སྒོ་ཟོག་གླང་སྐྱེས། །
ཕ་ཡི་བུ་དེས་གླང་བཤས། ། ཁྱི་དེས་གླང་གིས་ཤ་འདྲེད། །
དགྲ་སྐྱེས་བུ་དེ་དཀར་བླུད། ། མ་ལུས་ཁྱི་དེ་རྡོས་བརྡུང༌། །
དེ་སྐབས་རྣམ་འབྱོར་གཅིག་བྱོན། ། མངོན་ཤེས་མཁྱེན་ནས་འདི་གསུངས།།
ཕ་བཤས་མ་བརྡུང་ལས་ངན། ། དགྲ་ཁ་དེ་ནི་ཟས་བྱིན། །
ཁྱོད་ཤ་ཆུང་མས་འཆའ་འདུག ། ལས་ངན་སེམས་ཅན་མ་ལུས། །
འགྲོ་དྲུག་སེམས་ཅན་སྙིང་རྗེ། ། ཞེས་གསུངས ། །
ཀུན་ཀ་ཕ་མའི་རང་བཞིན། ། བྱམས་སྐྱོང་སྙིང་རྗེ་བྱེད་ནས། །
གཞན་ཕན་དྲིན་ལན་འཇལ་ཞིང༌། ། རང་ཉིད་བདེ་སྡུག་ཇི་ཡོང༌། །
གཞན་དག་དེ་ལྟར་ཡོང་ཞིང༌། ། རང་དཔེ་གཞན་བླངས་བྱེད་དགོས། །
གཞན་གནོད་ཏིལ་ཙམ་མ་བྱེད། ། ཅི་ཕན་དེ་ཕན་བསྒྲུབ་དགོས། །
འབྲས་བུ་ཆུ་ཟོས་མི་འགྲོ། ། ལས་འབྲས་རང་ལ་འབྱུང་ངོ༌། །
སྔོན་མ་གཞན་གནོད་བྱས་ཚད། ། ཕྱི་མ་སྡུག་བསྔལ་རང་བཞིན། །
སྔ་མ་གཞན་ཕན་བྱས་ཚད། ། ཕྱི་མ་བེད་བ་རང་སྨིན། །
དགེ་སྡིག་དཀར་ནག་ནོར་ན། ། བདེ་བ་སྡུག་སྔལབརྗེས་ཚར། །
རྒྱུ་འབྲས་བདེ་སྡུག་གདམ་ཁ། ། རང་དབང་ཆེ་དུས་ཐེག་དགོས། །
སྡིག་བཅུ་དུག་ལྟར་སྤང་ཞིང༌། ། དགེ་བཅུ་དང་ལེན་བྱེད་དགོས། །
ཁམས་གསུམ་འཁོར་བའི་ཉེས་དམིཌ། ། གར་སྐྱེས་སྡུག་སྔལ་འཁོར་ཡུག །
དམྱལ་བ་ཚ་གྲང་སྡུག་སྔལ། ། ཡིད་དགས་བཀྲེས་སྐོམ་སྡུག་སྔལ། །
བྱོལ་སོང་ཀླན་ལྐུག་སྡུག་སྔལ། ། མི་ལ་བྲེལ་ཕོངས་སྡུག་སྔལ། །
ལྷ་མིན་འཐབ་རྩོད་སྡུག་སྔལ། ། ལྷ་ལ་ཕམ་ལྟུང་སྡུག་སྔལ། །
བར་དོ་སྟོང་ཞེན་སྡུག་སྔལ། ། སྡུག་སྔལ་ཡ་བཞི་ཟུང་བརྒྱད། །
སྟོབས་ཚེ་བཟོད་གླགས་མེད་པ། ། ཡུན་ཚད་ཟད་རྒྱུ་མེད་པ། །
ཐམས་ཅད་སྡུག་སྔལ་རང་བཞིན། ། ཀུན་ཀ་སྡུག་སྔལ་འབའ་ཞིག །
དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན ། སྐམ་པ་ལག་མཐིལ་མེད་པ། །
འཁོར་བ་སྡུག་སྔལ་རྒྱ་མཚོ། ། བེད་བ་སྐད་ཅིག་མེད་དོ། །
ཁམས་གསུམ་བཙོན་རའི་ཞིང་འདིར། །འགྲོ་ཀུན་བཙོན་བུ་ཐར་ཐབས། །
ར་མདའ་དཀོན་མཆོག་སྦྲན་ནས། ། དགེ་སྦྱོར་རྩ་བ་ཟིན་དགོས། །
སྤང་བྱའི་ཀུན་སློང་གསུམ་སྤང༌། ། བླང་བྱའི་ཀུན་སློང་ལྟར་བསྒྱུར། །
བླང་བྱའི་ཀུན་སློང་གཉིས་སྒྲུབ།། ལོག་འཆར་དམན་གསུམ་ལྷད་གསུམ། །
ཡང་དག་ཀུན་སློང་བཅུད་ལེན། ། གསང་སྔག་ཀུན་ལྟར་བསྒྱུར། །
ཁམས་གསུམ་གནས་ལ་མི་བཞག ། ཐར་པའི་བདེ་ལམ་བཀྲིས་ཕྱིར། །
སྐྱབས་གནས་ཐུགས་རྗེ་བཞི་ལྡན། ། གནམ་མཁའ་ལྟ་བུ་རྒྱ་ཆེ། །
དམིགས་པ་མེད་པའི་ཐུགས་རྗེ། ། ཉི་མ་ལྟ་བུ་ཀུན་གསལ ། །
ཟད་པ་མེད་པའི་ཐུགས་རྗེ། ། ས་གཞི་ལྟ་བུ་ཀུན་འབྱུང༌། །
རྒྱུན་ཆད་མེད་པའི་ཐུགས་རྗེ། ། ཆུ་བོ་ལྟ་བུ་རྒྱུན་རིང༌། །
མཁྱེན་བརྩེ་ནུས་གསུམ་བདག་ཉིད། ། རྣམ་པ་ཐམས་ཅད་མཁྱེན་པ། །
འགྲོ་ཀུན་མ་ལྟར་བརྩེ་དུང༌། ། སྡུག་སྔལ་བདེ་གནས་བཀོད་ནུས། །
བསླུ་མེད་སྐྱབས་གནས་ལྷ་ཚོགས། ། འབྲལ་མེད་འདི་ཕྱི་བར་གསུམ། །
རེ་འཁོན་མེད་པར་འགྱུར་མེད། ། རྩེ་གཅིག་ཁྱེད་ཤེས་བློ་གཏད། །
སྐྱབས་འགྲོ་གསོལ་འདེབས་བྱེད་དགོས།།འགྲོ་དྲུག་སེམས་ཅན་ཐམས་ཅད། །
ཕ་མ་བུ་གཉེན་ཤེས་བཞིན། ། ཐམས་ཅད་སྡུག་སྔལ་འབྲལ་ཞིང༌། །
ཀུན་ཀ་བདེ་བ་ལྡན་ཐབས ། ། སེམས་བསྐྱེད་མ་བཞི་བུ་བརྒྱད། །
སྨོན་པས་སེམས་ཅན་དོན་སྨོན། ། འཇུག་པ་དེ་ཡི་དོན་འཇུག །
སྨོན་འཇུག་གཉིས་ཀྱིས་ཟིན་དགོས། །རང་གཞན་འགྲོ་ཀུན་ཐམས་ཅད། །
བསྐལ་པར་བསགས་པའི་སྡིག་སྒྲིབ། ། མ་ལུས་ཀུན་ཀ་ཆབ་གཅིག །
དཔང་པོ་སྐྱབས་ཡུལ་སྟོབས་དང༌། ། སྡིག་པ་འགྱོད་པའི་སྟོབས་དང༌། །
བཤགས་པ་དགེ་བའི་སྟོབས་དང༌།།ཕྱིས་སྡོམས་དམ་བཅའི་སྟོབས་དང༌། །
སྟོབས་བཞི་ཚངས་པའི་སྒོ་ནས། །བཤགས་དག་ཚངས་པར་བགྱིས་དགོས། །
སྐྱབས་ཡུལ་གནས་བཞིའི་ལྷ་ཚོགས། ། མ་གྱུར་སེམས་ཅན་རང་བཞིན། །
སྡིག་སྒྲིབ་གཉིས་བཅས་བྱང་ཞིང༌།།བསོད་ནམས་ཚོགས་གཉིས་རྫོགས་ཕྱིར། །
ཚོགས་བསགས་མན་དལ་འབུལ་ཏེ།། སྟོང་གསུམ་འདོད་རྒུ་ཀུན་ཚངས། །
ཐམས་ཅད་དག་པ་རབ་འབྱམས། ། བདག་ལུས་དགེ་ཚོགས་ལོངས་སྤྱོད། །
སྣང་སྲིད་གཞིར་བཞེངས་མཆོད་སྤྲིན།།ཆགས་མེད་ལིང་གིས་འབུལ་དགོས། །
ཆགས་མེད་ལིང་གིས་འབུལ་དགོས། ། མཆོག་ཐུན་གཉིས་ཀྱི་དངོས་ཐོབ། །
བྱིན་རླབས་རང་ལ་ཐོབ་འགྲོ། ། དུས་ཀུན་བླ་མའི་རྣམ་འབྱོར། །
འབྲལ་མེད་རྒྱུན་དུ་སྒོམ་ཞིང༌། ། ཟ་ཉལ་འགྲོ་འདུག་ཀུན་ཀ །
བཟོད་མེད་གདུང་ཤུགས་དྲག་པོས། ། རྩེ་ཅིག་གསོལ་བ་འདེབས་ཏེ། །
བྱིན་རླབས་དབང་བཞི་ཞུ་དགོས། ། གདམས་ངག་ཀུན་གྱི་ཡང་བཅུད། །
རང་རོ་རང་ཤེས་བྱེད་ནས། ། ཕར་ལྟས་སྣང་བ་གྲངས་མེད། །
ཚུར་ལྟས་རིག་སྟོང་གཅིག་མེད། ། སྟོང་པ་རང་མདངས་རང་གསལ། །
བདག་མེད་ཟང་ཐལ་མཉམ་ཉིད། ། མ་བཅོས་མ་ཡེངས་ངང་ལ། །
ཉམ་ལེན་འཆི་ལ་བཏུག་དགོས། ། མི་ལུས་ཐོབ་གོ་ཆོད་ནས། །
འགྱོད་མེད་ལས་ཀ་དེ་ཡིན། ། བསླུ་མེད་བླ་མའི་གདམས་ངག །
མི་ཡེངས་སྙིང་དཀྱིལ་ཉར་དགོས། ། དེ་དོན་ཡིད་ལ་ཞོག་ཅིག །
ཡང་ཡང་བཤད་པའི་ཡང་སྙིང༌། །བསྐལ་པ་འབུམ་ཕྲག་གྲངས་མེད། །
ལུས་ངན་འགྲོ་དྲུག་ཁ་བརྒྱུད། །གྲངས་མེད་གནམ་གྱི་སྐར་ལྟར། །
དཔག་མེད་ས་ཡི་རྡུལ་བཞིན། །སྐྱེ་བཞིའི་འཕྲང་ལས་མ་ཐར། །
ད་སྐབས་མི་ལུས་འདི་ལ། །གཅིག་རྙེད་ད་རེས་ཙམ་ཡིན། །
མི་ཚེ་ལྷག་ཞབས་ཡུད་ཙམ། །ཡིད་ལྷོད་རྣམ་གཡེངས་མི་ཁོམས། །
འཆི་རྒྱུ་བློ་རྩལ་བལྟས་འདུག །ཉིན་མཚན་གོ་ཡོད་ངང་ནས། །
དགེ་སྒྲུབ་སྡིག་སྤང་གཟབ་དགོས། །དགེ་སྡིག་སྤང་བླང་ནོར་ན། །
དམྱལ་བ་འགྲོ་རྒྱུ་ཐག་ཆོད། །སྤང་བླངས་ནོར་མེད་བྱེད་ན ། །
བདེ་གནས་འགྲོ་རྒྱུ་ཐག་ཆོད། །ཚིག་དོན་གོ་འབྲེལ་ལོང་དང༌། །
མགོ་སྐོར་རྫུན་གཏམ་མ་ཡིན། །བསམ་ཡོད་བསམ་བློ་ཐོངས་དང༌། །
ཤེས་ཡོད་ཤེས་རྒྱ་བཀྲམ་ཐོང༌། ། རྩ་བ་རང་ལ་བུང་རྒྱུ། །
དངོས་འབྲེལ་སྙིང་གཏམ་བཤད་ཡོད། ། མི་རྒན་འཆི་ལ་སྐྲག་ནས། །
སྡར་སྐད་འདི་འདྲ་ཤོར་སོང༌། ། གཞན་ལ་གཏམ་བཤད་མ་ཡིན། །
རང་ཁ་རང་གིས་དྲན་ནས། ། མི་རྟག་འཆི་བ་དྲན་དགོས། །
རང་གིས་རང་ལ་བཤད་བཤད། ། རག་བཙུན་ས་ལེ་དྲུང་མུས། །
དངོས་འབྲེལ་བདེན་གཏམ་བྲིས་སོ། ། བཀྲ་ཤིས། དགེའོ། །
གྲོགས་བསྟན་འཛིན་ཡེ་ཤེས་ལགས་ནས་མཁོ་འདོན་གནང་བར་སྙིང་ནས་བཀའ་དྲིན་ཞུ།