ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསླབ་བྱ། >> སྐྱབས་ཡུལ་དད་པའི་དྲན་གསོ་བྱིན་རླབས་མྱུར་འཇུག་བཞུགས།
སྐྱབས་ཡུལ་དད་པའི་དྲན་གསོ་བྱིན་རླབས་མྱུར་འཇུག་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རག་ཤི་རྟོགས་ལྡན་རིན་པོ་ཆེ།] [ཟླ་ཚེས། 11-09-10] [ཀློག་གྲངས། ]

༄། །ཨཿསྣང་སྟོང་འཁོར་འདས་གཉིས་མེད་ཉག་གཅིག་ངང་། །
གང་ཤར་དག་པ་རབ་འབྱམས་གདོད་མའི་གཤིས། །
ང་མེད་ངར་འཛིན་གཉིས་སྣང་རྫུན་ཕུག་རྡིབ། །
གཞི་མེད་རྩལ་བྲལ་སྟོང་ཆེན་དབྱིངས་སུ་དེངས། །
བདུད་བཞིའི་དགྲ་བྱུང་ར་མདའ་སྐྱབས་མཆོག་བཞི། །
དུས་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
འགྲོ་ཀུན་སྡུག་བསྔལ་མཚོར་སྒྲོལ་ཐར་བདེའི་ཕྱིར། །
ཚད་མེད་བཞིས་བསྐུལ་བྱང་ཆུབ་སེམས་མཆོག་བསྐྱེད་། །
རེ་འཁོན་སྤང་བའི་ཁྱེད་ཤེས་བློ་གཏད་ངང་། །
རྩེ་གཅིག་གསོལ་འདེབས་བདག་ལུས་གནས་གསུམ་དུ། །
སྐུ་གསུང་ཐུགས་ཀྱི་དབང་བཞི་རབ་བསྐུལ་གསོལ། །
སྟོང་ཉིད་རང་མདངས་སྙིང་རྗེ་ཀུན་ལ་ཁྱབ། །
ཕྱི་སྣོད་སྣང་སྟོང་ལྷ་ཚོགས་གཞལ་ཡས་ཁང་། །
ནང་བཅུད་རིག་སྟོང་ལྷ་སྐུ་རང་བྱུང་ཤར། །
རིམ་གཉིས་ཟུང་འཇུག་བདག་གཞན་དོན་གཉིས་འགྲུབ། །
ཐུགས་རྗེ་བཞི་ལྡན་མཁྱེན་བརྩེ་ནུས་གསུམ་བདག །
བསླུ་མེད་སྐྱབས་ཡུལ་གནས་བཞིའི་ལྷ་ཚོགས་ཀུན། །
དབྱིངས་ནས་སྤྱན་དྲངས་བདག་འདུན་སེམས་དཔའ་གསུམ། །
དམ་དབྱེ་གཉིས་མེད་གཅིག་དུ་བརྟན་པར་བཞུགས། །
འབྲལ་མེད་ཉག་གཅིག་ངང་ནས་དམ་བཅའ་འོ། །
བདག་གཞན་སྒོ་གསུམ་ཞིང་རྡུལ་གྲངས་སྙེད་སྤྲུལ། །
བཟོད་མེད་དད་འདུན་ཤུགས་དྲག་གུས་ཕྱག་འཚལ། །
བདག་སོགས་འགྲོ་ཀུན་སྡིག་བསགས་ཉེས་ལྟུང་ཀུན། །
སྟོབས་བཞིའི་སྒོ་ནས་མྱུར་བཤགས་དག་ཚང་གསོལ། །
སྣང་སྲིད་གཞིར་བཞེངས་མཆོད་སྤྲིན་བླ་མེད་ཚོགས། །
ཆགས་མེད་བློས་བཏང་ལེགས་འབུལ་དགྱེས་བཞེས་མཛོད། །
མ་བཅོས་མ་ཡེང་རིག་སྟོང་རང་བབ་ངང་ནས། །
ཨ་ཨཱོྃ་ཧཱུྃ། །ཨཱ་ཨ་དཀར་སལེ་འོད་ཨ་ཡཾ་ཨཱོྃ་འདུ། །
ཨ་ཨཱོྃ་ཧཱུྃ། །ཅི་པར་རདྣ་ཐ་ཚན་སི་ཏི་འདུ། །
ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། །
དགེ་མཚན་ངོ་མཚར་རྨད་བྱུང་མཁའ་ཁྱོན་གདལ། །
བསམ་གྱིས་མི་ཁྱབ་བརྗོད་ནུས་མི་དཔོག་པ། །
བདག་བློས་ཡོན་ཏན་རྗེས་དྲན་དད་པས་བསྐུལ། །
སྙིང་ནས་གུས་བསྟོད་འབྲལ་མེད་ཐུགས་རྗེས་བཟུང་། །
སྟོང་ཞིང་བདག་མེད་དགོངས་གསང་བྱིན་རླབས་ཆར། །
བདག་རྒྱུད་འཕོས་མཛོད་འཁོར་འདས་ཉག་གཅིག་སེམས། །
སྟོང་པ་རང་གསལ་དྲན་ཤེས་མ་ཉམས་པ། །
གཞི་མེད་རྩལ་བྲལ་རིག་སྟོང་ཟང་ཐལ་གཤིས། །
སྐུ་གསུམ་སངས་རྒྱས་རང་ཞལ་རང་མཐོང་ནས། །
མཉམ་ཉིད་ཀུན་བཟང་ཀློང་དུ་འུབ་ཆུབ་ཤོག། །
ཅེས་འགྲོ་ཀུན་སྐྱེ་རྒ་ན་འཆིའི་དགྲ་ཞབས་སུ། །
མ་སུང་༼སོང་༽པ་ནི་ས་སྟེང་མི་འདུག་པ། །
དེ་ལ་བསམ་ན་ཚེ་གཅིག་འཆི་ལ་སྐྲག །
ཉིན་མཚན་བརྗོད་མེད་སྡུག་བསྔལ་དུཿཁས་གདུང་། །
ཅི་བྱ་གཏོར་མེད་རྨོངས་བླུན་རག་བཙུན་པས། །
ལུས་འདར་བ་སྤུ་ཟིང་སྟེ་མིག་ཆུ་འབྲུག །
སྐྱབས་གནས་ལྷ་ཚོགས་འོ་དོད་ཡང་ཡང་བོས། །
ཐུགས་རྗེའི་བྱིན་རླབས་རང་སེམས་ཇེ་བདེར་སོང་། །
འདི་བྲིས་དགེ་དེས་མ་གྱུར་འགྲོ་དྲུག་ཀུན། །
རང་རིག་སྐྱེ་འཆི་མེད་པའི་དོན་རྟོགས་ཤོག །སརྦ་མངྒ་ལམ། །ཞལ་དྲོ། །བྱིན་ཆེའོ། །།

གཙང་ཚ་བསམ་གཏན་འགྱུར་མེད་ནས་མཁོ་འདོན་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག