ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> བོན་གྱི་བསྟན་པ་དར་ཚུལ་སྐོར་རགས་ཙམ་གླེང་བ།
བོན་གྱི་བསྟན་པ་དར་ཚུལ་སྐོར་རགས་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིག་ཁྱུང་།] [ཟླ་ཚེས། 10-09-07] [ཀློག་གྲངས། ]

སྤྱིར་བོན་གྱི་བསྟན་པ་བྱུང་ཚུལ་ལ་ལོ་རྒྱུས་ཆོས་འབྱུང་དང་བསྟན་འབྱུང་དག་ན་སོ་སོའི་དམིགས་ས་མི་འདྲ་བའི་དབང་གིས་དབྱེ་བ་མི་འདྲ་བ་བྱུང་ཡོད་ལ།《ཐུའུ་བཀྭན་གྲུབ་མཐའ》སོགས་སུ་བརྡོལ་བོན་དང་འཁྱར་བོན།བསྒྱུར་བོན་ཞེས་དབྱེ་ཡོད་པ་དང་།ཡང་《ལེགས་བཤད་མཛོད》སོགས་བསྟན་འབྱུང་རྣམས་སུ་བོན་གྱི་བསྟན་པ་ལ་སྔ་དར་དང་བར་དར།ཕྱི་དར་གསུམ་དུ་དབྱེ་ཡོད།《ཐུའུ་བཀྭན་གྲུབ་མཐའ》རུ་དགར་ཡོད་པས་བརྡོལ་བོན་དང་འཁྱར་བོན།བསྒྱུར་བོན་ཞེས་པའི་མིང་ནི་དུས་རབས་བཅུ་བའི་ནང་འཁྲུངས་པའི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བརྩམས་པའི《གསུང་བཞི་བཅུ་བ》ལས་།བོན་ཇི་ལྟར་བྱུང་སྐོར་ལ་རྣམ་པ་གསུམ་དུ་ཕྱེས་ནས་གསུངས་ཡོད།སྤྱིར་དང་བོ་གཤེན་རབ་མི་བོའི་རྡོལ་བོན་དང་།མུ་སྟེགས་ཀྱི་གྲུབ་མཐའ་ངན་པ་འཁྱར་བའི་བོན་དང་།བསྟན་པའི་འཕུང་འདྲེས་བསྒྱུར་བའི་བོན་དང་གསུམ་མོ།།ཞེས་པ་ལས་བྱུང་ཞིང་ཕྱིས་སུ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ཚད་མར་བཟུང་ཡོད། མིང་དེ་རྣམས་ནི་ཐུབ་པའི་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་པ་རྣམས་གྱི་གྲུབ་མཐའ་གཞན་དག་ལ་ཕྱི་རོལ་མུ་སྟེགས་པ་ཞེས་བཏགས་པར་ནང་བཞིན་དུ།བནྡེ་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་མཁན་གྱིས་བོན་ལ་མིང་བཏགས་པ་ཙམ་ལས་བོན་ཀྱི་ཁ་འཛིན་རྣམས་ཀྱིས་རང་ངོས་ནས་བོན་གྱི་བསྟན་པའི་བྱུང་འཕེལ་ལ་བརྡོལ་བོན་འཁྱར་བོན།བསྒྱུར་བོན་ཞེས་དབྱེ་བ་དགར་སྲོལ་མེད།ཞིབ་འཇུག་པ་མང་ཤོས་ཀྱི་བཞེད་ཚུལ་ལ་བོན་ལ་བརྡོལ་བོན་དང་འཁྱར་བོན།བསྒྱུར་བོན་ཞེས་དབྱེ་བ་ལ་དགེ་མཚན་ཆེན་པོ་མེད་ལ།ལྷག་པར་དུ་བོན་གྱི་བསྟན་པ་རྣམས་འཁྱར་ཡོང་བའམ་བསྒྱུར་བར་ངོས་བཟུང་ན་ཐལ་ཆེ་བའམ་ནོར་སྐྱོན་ཆེན་པོ་འབྱུང།དེའི་གདོད་མ་བོན་གྱི་རྒྱུའི་བོན་བཞི་ལ་སོགས་པའི་བོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་རྣམས་མངོན་པར་མཚོན་མི་ཐུབ་པར་བརྗོད།དེ་བས་འདིར་བོན་གྱི་བསྟན་པ་སྔ་ཕྱི་བར་དར་གསུམ་གྱི་ཐོག་ནས་བོན་གྱི་བསྟན་པ་དར་ཚུལ་མདོ་ཙམ་གླེང་བར་བྱ་དེ། 

དང་པོ།བོན་གྱི་བསྟན་པ་སྔ་དར།

བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་རྒྱལ་བོ་གྲི་གུམ་བཙན་པོའི་ཡན་ཆད་དུ་བོན་གྱི་བསྟན་པ་དར་བར་བཤད་ཅིང་།བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་དབང་དུ་བཏང་ནས་བཤད་ན་སྤུར་རྒྱལ་གདུང་རབས་དང་པོ་གཉའ་ཁྲི་བཙན་པོ་ནས་བཟུང་ཏེ་གདུང་རབས་བདུན་པ་གྲི་གུམ་བཙན་པོའི་བར་དུ་བོན་གྱི་བསྟན་པ་དར་བར་བརྗོད།རྗེ་གཉའ་ཁྲི་བཙན་པོ་འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ།དུད་རྔོག་ཆག་བླ་མྱེད་ཀྱི་བླར་གཤེགས་ཚུལ་ལ་ཏུན་ཧོང་ཡིག་རྙིང་ན“ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ།གནམ་ལྷབ་ཀྱི་བླ་ན།།ཡབ་ལྷ་བདག་དྲུག་བཞུགས་པའི་སྲས།གཅེན་གསུམ་གཅུང་གསུམ་ན།ཁྲྀའི་བདུན་ཚིགས་དང་བདུན།ཁྲིའི་བདུན་ཚིགས་ཀྱྀ་སྲས།ཁྲི་ཉག་ཁྲྀ་བཙན་པོ།ས་དོག་ལ་ཡུལ་ཡབ་ཀྱྀ་རྗེ།དོག་ཡབ་གྱི་ཆར་གཤེགས་སྰོ།”ཞེས་གཉའ་ཁྲི་བཙན་པོ་ཡུལ་ཡར་ཀླུང་གི་རྗེར་བཞུགས་ཤིང་།དེ་དུས་སུ་རྗེ་ཉིད་ལ་བོན་གྱི་སྐུ་གཤེན་མཚེ་གཅོ་གཉིས་ཡོད་ལ།ཁོང་རྣམ་པའི་ཡུལ་གྱི་སྲིད་དོན་གལ་ཆེན་ཐག་གིས་གཅོད་དུས་མོ་རྩིས་ཀྱིས་སྒོ་ནས་བྱ་ལས་མཐའ་དག་གི་ལེགས་ཉེས་ཤན་འབྱེན་གྱིན་ཡོད་པས་སྲིད་ཀྱི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད།རྗེའི་འདིའི་སྐུ་རིང་ལ་ཁོང་ཉིད་ཀྱིས་བོན་ཆོས་ལ་ཉམས་ལེན་དང་གསས་ཁང་སོགས་བཙུགས་པའི་གནས་ཚུལ་རྣམས་ད་སྔ་ཡན་ཆད་དུ་མཐོང་མ་སོང་།འོན་ཀྱང་རྗེས་ཀྱི་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་དུ་བཤོས་པའི་སྲས་མུ་ཁྲི་བཙན་པོའི་རིང་ལ་ཞང་ཞུང་བན་གྱི་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་པ་དང་འདུ་གནས་བཞི་བཅུ་རྩ་ལྔ་ཙམ་བཞེངས་པ་སོགས་ལོ་རྒྱུས་ཡིག་ཆ་རྣལ་མ་རྣམས་ན་འཁོད་ཡོད་པ་མ་ཟད་བོན་གྱི་སེམས་སྔགས་ཀྱི་གཞུང《སྤྱི་སྤངས་གསང་བ》ལ་ཉམས་ལེན་བྱས་ཚུལ་བརྗོད་ཡོད་པ།“བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་ལས།རྒྱལ་བོ་མུ་ཁྲི་བཙན་པོ་ཞེས་བྱ་བ།གསང་སྔགས་གསང་བའི་ཐིག་ལེ་མངོན་པར་བཞེས་ནས།གྲུབ་པའི་རྟགས་བསྙེས་པ་དུ་མ་དང་ལྡན་ཞེས་དང་།ཡང་།ཞང་ཞུང་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་གདན་དྲངས།འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔའམ་བཞི་བཅུ་ཙམ་བཙུགས་སྟེ།རིམ་བཞིན་ཁྱུང་ལུང་དངུལ་མཁར།ཏེ་སེ་གངས་གནས་སྤོས་རི་ངད་ལྡན།……”ཞེས་བཀོད་ཡོད་པ་ལས་སྤུར་རྒྱལ་བཙན་པོའི་གདུང་རབས་གཉིས་པ་མུ་ཁྲི་བཙན་པོའི་བོན་གྱི་གསང་སྔགས་ལ་སྦྱངས་ནས་གྲུབ་པ་འཐོབ་པ་གསལ་བོར་ཤེས་ལ།ཁྱད་པར་དུ་རྗེ་ཉིད་ཀྱིས་བོན་ལ་ཉམས་ལེན་བྱས་པས་དེ་དུས་སུ་བོན་གྱི་བསྟན་པ་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ལས་ཡུལ་ཡར་ཀླུང་གི་ས་ཁམས་སུ་ཡང་དར་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ།དུས་དེ་མཚུངས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ཐུབ་པའི་བསྟན་པ་ཡུལ་ཕྱོགས་གང་སོ་སོ་ལ་དར་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་འབྲེལ་གྱི་རྒྱལ་ཁམས་ཐམས་ཅད་ལ་ཆོས་སྤེལ་ནས་དར་རྒྱས་སུ་སོང་ཡོད་ལ། ཞང་བོད་ཀྱི་ས་ཆར་རང་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་གྱི་བསྟན་པ་ཤུགས་ཆེར་དར་བ་དང་ཁོར་ཡུག་ཁྱད་པར་ཅན་ཡིན་རྐྱེན། རིག་གནས་དེ་ ལས་གྲུབ་པའི་དམངས་ཀྱི་ཁྱད་གཤིས་ཀྱང་སྲོལ་རྒྱུན་ཆེ་ཆུང་གཉིས་ཀའི་ནང་དུ་སིམ་ཡོད་པས་རྒྱ་གར་ཐུབ་པའི་བསྟན་པ་ཅི་འདོད་ལྟར་ཞང་བོད་ཀྱི་ཡུལ་དུ་དར་མ་ཐུབ།ཡིན་ཡང་སྲིབས་ཁྲི་བཙན་པོའམ་སེང་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོའི་བར་ལ་རྒྱ་གར་ནས་ཐུབ་པའི་རྗེས་འབྲངས་ཀྱི་མཁས་པ་མང་པོ་བོད་ལ་འབྱོར་ཞིང་།དེ་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་གྱི་ཐུབ་པའི་བསྟན་པ་བོད་ནས་དར་བར་ཤུགས་ཆེན་པོ་བརྒྱབ་མོད། བན་བོན་གྱི་ཆོས་འབྱུང་དང་བསྟན་འབྱུང་ནང་དུ་བཀོད་པ་ལྟར་ན“གཤེན་ངག་ཚིག་གསུམ་མ་བྱུང་བར།རྒྱལ་བོས་བཀའ་མི་སྩོལ།བློན་པོས་གྲོས་མི་འཆའ།གཤེན་གླུ་དེང་གསུམ་མ་བླངས་བར།རྒྱལ་བློན་གླུ་བྲོ་མི་རོལ”ཞེས་འཁོད་ཡོད་པ་ལ་དཔྱད་ཚེ་དེ་དུས་སུ་བོན་གྱི་བསྟན་པ་ཆེན་པོ་དར་ཡོད་པ་མ་ཟད་སྐུ་གཤེན་རྣམས་ཀྱི་དབང་ཆ་རྒྱལ་བོ་དང་དོ་མཉམ་པའམ་དེ་ལས་ཀྱང་གོང་དུ་ཤོར་བའི་ཚད་ལ་ཐོན་ཡོད།གནས་ཚུལ་དེ་འདྲའི་འོག་ནས་རྒྱ་གར་མཁས་པའི་བོད་ཀྱི་རྒྱལ་བོ་དང་ཆོས་ལ་བློ་ཕྱོགས་པའི་བློན་པོར་འབྲེལ་བ་བཙུགས་ནས་བོན་གཤེན་གྱིས་རྒྱལ་བོའི་སྲིད་ལ་ཐེ་གཏོགས་བྱས་པ་ཤུགས་ཆེ་བས་རྒྱལ་བོའི་སྲིད་དབང་ཉམས་ཉེས་སུ་འགྲོ་བར་ཉེན་ཁ་ཆེ་ཞེས་ཕྲ་མ་བཅུག རྒྱལ་བོའི་ཀྱང་དེ་བདེན་པར་མཐོང་ནས་བོན་གཤེན་བསྣུབས་པའི་ལས་བཙུགས་པར་བསམ་སྟེ།“བོན་ལ་ཆབ་གསོལ་བར་བཀའ་མི་ཕེབས་པས།གཤེན་པོ་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ།ཞེས་སོགས་ཡང་ཡང་གླེངས་པས་རྒྱལ་བོ་ཡང་ཐུགས་འཁྲུགས་ནས་བདེན་སྙམ་པ་བྱུང་སྟེ།སྐུ་སྲུང་བའི་བོན་ཙམ་ལས།གཤེན་པོ་ཐམས་ཅད་མཐའ་ལ་སྤྱུགས་ནས་བོན་བསྣུབས་ཚུལ་སོགས་མང་དུ་གསལ་བ་ལ་དཔགས་ན་་་་་་་”ཞེས་པ་ལས་ཀྱང་རྒྱལ་གཤེན་གཉིས་བར་ལ་འགལ་བ་བྱུང་པར་མངོན།རྐྱེན་དེའི་དབང་གིས་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་རྒྱལ་བོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་པའི་རྒྱུ་མཚན་གཙོ་བོ་ནི་གྲི་གུམ་རང་ལ་མིང་བཏགས་པ་དེར་ནོངས་ནས་ཐུགས་སུ་ཞུགས་ནས་ལོ་ངམ་དང་འཐབ་པར་བཤད་མོད།དོན་དམ་དུ་གྲི་གུམ་བཙན་པོ་ནི་བོན་གྱི་བསྟན་པ་དར་དྲགས་ནས་རྒྱལ་བོའི་སྲིད་ཀྱི་ནུས་པ་ཤོར་བའི་ཚུལ་ལ་ཡིད་རྨུགས་ནས་བོན་གཤེན་གྱི་ནུས་པ་ཇེ་ཆུང་དུ་གཏོང་བའི་ཆེད་དུ་འཁྲུགས་ནས་བཤེགས་པ་ཡིན་ལ།ཡང་གཅིག་བཤད་ན་བན་བོན་གྱི་རིག་གནས་མི་འདྲ་བ་གཉིས་གདོང་ཐུག་བརྒྱབ་པ་ལས་བྱུང་བའི་མཇུག་འབྲས་ཤིག་ཡིན་པར་བསམ།དེ་བས་གྲི་གུམ་བཙན་པོའི་དུས་སྐབས་སུ་བོན་གཤེན་རྣམས་རྩ་གཏོར་བྱུང་མ་ཐུབ་ཡང་བོན་གྱི་བསྟན་པར་གང་ལ་གང་ཚོད་ཀྱིས་བཀག་ཆེན་པོ་བྱས་ཤིང་དེར་བསྟན་འབྱུང་ལོ་རྒྱུས་སུ་གྲི་གུམ་ཡན་ལ་བོན་གྱི་བསྟན་པ་སྔ་དར་དང་གྲི་གུམ་གྱིས་བོན་གྱི་བསྟན་པ་བསྣུབས་པར་བཤད།

གཉིས་པ།བོན་གྱི་བསྟན་པ་བར་དར།

    གྲི་གུམ་བཙན་པོ་བཤེགས་ནས་སྤུ་དེ་གོང་རྒྱལ་གྱིས་སྲིད་འཛིན་པའི་དུས་ཐུབ་པའི་བསྟན་པ་ད་དུང་དར་ཡོད་སྙམ་སྟེ།བོན་གྱི་བསྟན་འབྱུང་ལོ་རྒྱུས་ལས་བཤད་སྟངས་ལྟར་ན་སྤུ་དེ་གོང་རྒྱལ་ལ་ཐུབ་པའི་མིང་བཏགས་པ་ལ་ཤྰཀྱ་ཡག་བརྗོད་ལ།དེའི་རྗེས་བོན་གྱི་བསྟན་པ་སླར་དར་ནས་ཁོའི་མིང་ལ་ཡང་སྤུ་དེ་གོང་རྒྱལ་བཏགས་པར་བཤད།དེ་བས་གྲི་གུམ་གྱིས་བོན་བསྣུབས་ནས་ཡུན་རིང་མ་སོང་བར་བོན་གྱི་བསྟན་པ་སླར་དར་རྒྱས་སུ་སོང་ཞིང་།ཤར་རྫའི《ལེགས་བཤད་མཛོད》ནང་དུ་སྤུ་དེ་གོང་རྒྱལ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བར་དུ་བོན་དར་བ་ལ་བོན་གྱི་བསྟན་པ་བར་དར་ཞེས་བརྗོད་ཡོད།

སྤུ་དེ་གོང་རྒྱལ་ནས་བཟུང་ཏེ་བར་གྱི་ལེགས་དྲུག་དང་ཆུའི་ལྡེ་བརྒྱད།ལྷ་ཐོ་ཐོ་གཉན་བཙན་སོགས་ཀྱི་སྐུ་རིང་ལ་རྒྱལ་གཤེན་གཉིས་མཉམ་པར་གནས་ཤིང་ཕན་ཚུན་ལ་འགལ་བ་ཆེན་པོ་བྱུང་མེད།དེ་བས་རྒྱ་གར་ནས་ཐུབ་པའི་ཆོས་ལུགས་བོད་ལ་འཁྱེར་ཡོང་ཡོད་ཀྱང་ཀུན་གྱིས་ཁས་ལེན་མཛད་པ་དང་སློབ་སྦྱོང།དད་མོས་བྱེད་ཡུལ་ཞིག་ཏུ་གྱུར་མེད།དེ་དབང་གིས་དེ་དུས་སུ་ཆོས་དར་བ་ལ་གཉན་པོ་གསང་བ་ཞེས་བཏགས།དེ་རྗེས་ཀྱི་བཙན་པོ་རྣམས་ཀྱིས་སྔར་བཞིན་བོན་ལ་བསྟེན་ནས་རྒྱལ་སྲིད་བསྐྱངས་ཤིང་ཡིག་ཚང་ནང་དུ་ཡང་བཙན་པོ་ཁྲི་གཉན་གཟུངས་བཙན་དང་འབྲོངགགཉན་ལྡེའུ།སྟག་རི་གཉན་གཟིགས།གནམ་རི་སྲོང་བཙན་བཞི་ལ།ཕུན་སུམ་ཚོགས་པའི་རྒྱལ་བོ་བཞི།འདི་བཞིའི་རིང་ལ་གཡུང་དྲུང་གི་བོན་རྒྱ་ཁྱབ་དར་བར་བརྗོད་ཡོད།གནམ་རི་སྲོང་བཙན་གྱི་སྐབས་སུ་ཡར་ཀླུང་མཐའ་འབྲེལ་གྱི་རྒྱལ་ཕྲན་ཁག་ཅིག་ངོ་ལོག་བྱུང་ནས་བཙན་པོ་ཡང་བཀྲོང་།ཡིག་རྙིང་ནང་དུ“བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ།ཡབ་འབངས་ནི་འཁུས།ཡུམ་འབངས་ནི་ལོག གཉེན་ཞང་ཞུང་།མཛོ་སུམ་པ།ཉག་ཉི་དགས་པོ།རྐོང་པོ།མྱང་པོ་ཀུན་ཀྱང་ལོག ཡབ་གནམ་རི་སློན་བཙན་དུག་བོག་ཏེ་བཀྲོངས་སོ”ཞེས་བཀོད་ཡོད།བཙན་པོ་སྲོང་བཙན་སྒམ་པོའི་གནས་ཚུལ་དེར་དཔྱད་པ་བྱས་ནས་རྒྱལ་ཕྲན་ཁག་དབང་དུ་བསྡུས་ནས་ནམ་ནམ་ཞ་ཞར་རང་གི་མངའ་འོག་ཏུ་བསྡུ་དགོས་ཚེ།དམངས་ཀྱི་བསམ་པའི་ཁྱད་གཤིས་དང་རིན་ཐང་ལྟ་ཚུལ་གཅིག་ཏུ་བསྡུ་དགོས་སྙམ་ནས་རྒྱ་གར་ཐུབ་པའི་ཆོས་བོད་དུ་སྤེལ་བར་དགོངས་ནས་ཐོག་མར་རྒྱལ་ཁྲིམས་ཆོས་ཁྲིམས་ལྟར་བྱ་རྒྱུ་དང་།མཐའ་ཁམས་ཀྱི་ཡུལ་གྲུ་དང་འབྲེལ་ནས་བནྡེ་ཆོས་ལུགས་བོད་དུ་སྲོལ་ཕྱེ་བར་མཛད།འོན་ཀྱང་རིག་གནས་གསར་བ་ཞིག་དར་དགོས་ཚེ་དེའི་ཡུལ་རང་ས་ནས་དར་བའི་རིག་གནས་དང་འདྲེས་ནས་དར་རྒྱུ་ལས་སྔོན་གྱི་རྒྱུད་མ་ནོགས་པར་དར་མི་ཐུབ།ཁྱད་པར་དུ་སྲོལ་རྒྱུན་ཆེ་ཆུང་གཉིས་ཀའི་སྟེང་ནས་འགྱུར་བ་བྱུང་དགོས་ཚེ་ལྷག་པར་དུ་དཀའ་ངལ་ཆེན་པོ་ཡོད།དེ་བས་སྲོང་བཙན་སྒམ་པོའི་དུས་སུ་ཡང་ཐུབ་པའི་བསྟན་པ་ཕྱོགས་ཡོང་ནས་དར་ཐུབ་མེད་པར་བསམ།བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་སྲིད་བཟུང་རྗེས་ཐུབ་པའི་ཆོས་ལ་བློ་ཕྱོགས་ནས་ཡུལ་རྒྱ་ནག་དང་ཁ་ཆེ།རྒྱ་གར་སོགས་ལ་བློན་པོ་མངགས་ནས་ཆོས་ལེན་དུ་བཏང་།འོན་ཀྱང་བོན་ལ་ཕྱོགས་པའི་བློན་པོ་ལང་འབལ་གཉིས་ཀྱིས་བཙན་པོ་བཀྲོངས་ཞིང་།མ་ཞང་ཁྲོམ་མ་སྐྱེས་སོགས་ཀྱིས་བོན་གྱིས་རྒྱལ་སྲིད་སྐྱོང་བར་བཤད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་བཅུ་གསུམ་ནས་སྲིད་བཟུང་རྗེས།ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལ་བསྟེན།གཉིས་ནས་ཡབ་མེས་ཀྱི་དཔེ་ལུགས་ལ་འཚལ།གསུམ་ན་དགེ་བའི་བཤེས་གཉེན་གྱི་མཐུས་བསྟངས་པ་དང་སྦྱར་ནས་ཐུབ་པའི་བསྟན་པ་ལ་བློ་ཕྱོགས་ནས་མཛད་པ་དུ་མ་སྒོ་ནས་བསྟན་པ་སྤེལ།འོན་ཀྱང་ཞང་བོད་ཀྱི་ས་ཆར་བོན་གྱི་ཆོས་ལུགས་རིག་གནས་དང་རིག་གནས་དེ་ལས་གྲུབ་པའི་བསམ་པའི་ཁྱད་གཤིས་ཀྱིས་དམངས་ཡོངས་ཀྱི་རུས་པའི་རྐང་རིམ་ལ་ཟུག་ཡོད་པས་རིག་གནས་གསར་བ་དེ་དང་ལེན་བྱ་དགོས་ཚེ་དཀའ་ཁེག་མང་པོ་ཞིག་ལ་འཕྲད་ཡོང་།དེ་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐོག་མར་བོན་བསྣུབས་པར་དམིགས་ནས་བན་བོན་བར་དུ་ཆོས་རྩོད་བྱེད་དུ་བཅུག་ཅིང་།བོན་བསྣུབས་རྗེས་བོན་ལ་དད་པ་རྣམས་ཡུལ་མཐའ་དུ་སྤྲད་པ་དང་བནྡེ་ཆོས་ལུགས་ལ་དད་དགོས་པའི་ལས་སོགས་སྤེལ།དེ་མ་ཟད་སྤྱི་ལོ་༧༧༥ནས་ལོ་བཞིའི་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་སད་མི་མི་བདུན་སོགས་མི་སུམ་བརྒྱ་ལྷག་རབ་ཏུ་བྱུང་བ།དགེ་འདུན་པ་དག་གི་འཚོ་བའི་ཆ་རྐྱེན་ལ་ལྷ་རིས་འབུལ་བ་སོགས་ཆ་རྐྱེན་གང་མང་སྐྲུན།དེ་བས་བཙན་པོ་འདིའི་རིང་ལ་རབ་བྱུང་གི་སྡེ་བྱུང་ནས་བནྡེ་ཆོས་ལུགས་ལ་དད་ཅིང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་མི་བྱུང་བ་དང་།ཆོས་སྤེལ་ས་གཙུག་ལག་ཁང་བཞེངས་པ།སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཆོས་མང་པོ་བོད་ཡིག་ཏུ་བསྒྱུར་བ།ལྷ་སྐུའི་བཟོ་ལྟ་བོད་ལུགས་སུ་བསྒྱུར་བ་སོགས་ཀྱི་ཐབས་སྤྱད་ནས་ཐུབ་པའི་ཆོས་ལུགས་བོད་ལུགས་སུ་བསྒྱུར།བཙན་པོས་བནྡེ་ཆོས་ལུགས་ལ་རྒྱབ་སྐྱོར་བྱས་པའི་དབང་གིས་དེ་དུས་སུ་བོན་གྱི་བསྟན་པ་ལ་སྔར་བྱུང་མྱོང་མེད་པའི་ཉམས་རྒུད་བྱུང་ཞིང་།དམངས་ཚོགས་གང་མང་ཞིག་བནྡེ་ཆོས་ལུགས་ཀྱི་དད་པའི་སྒོ་ཞུགས།བོན་གྱི་ཆོས་བསྐོར་ཅིག་གཏོར་བརླག་བྱུང་བ་དང་སྐོར་ཅིག་གཏེར་དུ་སྤས་པ་སོགས་ཉམས་རྒུད་ཆེན་པོ་བྱུང་།དེ་བས་སྤུ་དེ་གོང་རྒྱལ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་བར་དུ་བོན་གྱི་བསྟན་པ་དར་བ་དེ་ལ་བསྟན་པ་བར་དར་ཟེར་ཞིང་།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བོན་གྱི་བསྟན་པ་ཉམས་ཉེས་ཆེན་པོ་བྱུང་ཞིང་དུས་དེ་བཟུང་བནྡེ་ཆོས་ལུགས་ཀྱི་ཁ་འཛིན་རྣམས་ཀྱི་དབང་ཆ་ཇེ་ཆེར་སོང་།

གསུམ་པ།བོན་གྱི་བསྟན་པ་ཕྱི་དར།

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པ་ནས་བཟུང་བོད་རྒྱལ་རིམ་བྱོན་གྱིས་བནྡེ་ཆོས་ལུགས་ལ་རྒྱབ་སྐྱོབ་བྱས་པ་མ་ཟད།ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བན་ཏེ་མྱང་ཏིང་ངེ་འཛིན་དང་བྲན་ག་དཔལ་གྱི་ཡོན་ཏན་སོགས་ཕྱི་ནང་གཉིས་ལ་གཏོགས་ཤིང་ཆབ་སྲིད་འཛིན་པ་གཅིག་སོགས་དགེ་འདུན་པའི་སྡེ་ནས་སྲིད་ལ་ཐེ་གཏོགས་བྱེད་མཁན་བྱུང་བ་དང་།མེས་ཨག་ཚོམ་གྱི་དུས་སུ་ཁྱིམ་བདུན་རེ་རབ་བྱུང་པ་གཅིག་གི་ལྷ་རིས་སུ་འབུལ་བས་བཙན་པོའི་སྲིད་དབང་ཁྲོད་ནས་བནྡེ་ཆོས་ལུགས་དར་ཐུབ་པས་གླགས་བཟང་བོ་ཞིག་བྱུང་།ཡིན་ཀྱང་དུས་སྐབས་དེར་ཞང་བོད་ཀྱི་ཡུལ་ཁམས་སྤྱི་གནམ་ལ་དད་པའི་བོན་ཡིན་རྐྱེན།བོད་ཀྱི་བསྟན་པ་སྔ་དར་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ཐུབ་པའི་བསྟན་པས་ཞང་བོད་རང་ས་རང་ཡུལ་ནས་སྐྱེས་པའི་བོན་གྱི་བསྟན་པར་བསྟེན་ནས་རིམ་གྱིས་འཕེལ་རྒྱས་སུ་བྱུང་ཡོད།བཙན་པོ་ལྷ་སྲས་དར་མའམ་འུའི་དུམ་བརྟན་བོད་ཀྱི་དགེ་འདུན་པའི་མདའ་མོ་གཅིག་གིས་བཀྲོངས་རྗེས་ཞང་བོད་ཀྱི་ཡུལ་ཁམས་འདི་སྔར་རྗེ་གཉའ་ཁྲི་མ་བྱོན་པའི་ཡར་སྔོན་ལྟར་མགོན་མེད་སྐྱབས་མེད་དུ་ཡུལ་གང་སོར་འཐོར་ནས་ཡུལ་ས་བཅད་བཟུང་གི་རྣམ་པར་ཆགས།སྤྱི་ལོ་༨༤༢ནས་སྤྱི་ལོ་༩༧༥སྟེ་ལོ་བརྒྱ་ལྷག་གི་རིམ་ལ་བོད་ཀྱི་ཡུམ་ཁམས་ནས་འདུལ་བའི་བསྟན་པ་བསྣུབས་ཀྱང་སྔོན་བཙན་པོའི་དུས་སུ་ཆོས་ཀྱི་འདུན་ས་ཞེས་པའི་བཀག་འགོག་བྱེད་བཞིན་པའི་རྒྱུད་དང་གསང་སྔགས་ཀྱི་ཆོས།དེ་དང་ཉམས་དུ་སྒོམ་གྱི་རིག་པ་ཞིག་དར་བའི་རྫོགས་ཆེན་གྱི་གཞུང་རྣམས་ལེགས་པར་དར།འོན་ཀྱང་གསང་སྔགས་ཀྱི་ཆོས་དར་ཡང་སྐབས་དེའི་མི་སྐོར་ཅིག་གིས་གསང་སྔགས་ཀྱི་ཚིག་འགའ་བློར་མ་ཡོང་བའི་རང་སྣང་གང་ཤར་གྱིས་རྗེས་སོར་བརྒྱབ་ནས་།བརྡ་ལོག་མང་པོ་བྱུང་བ་དང་། གསང་སྔགས་ཀྱི་བརྡ་ཁྱབ་ལ་གོ་བ་ཡང་དག་མ་ལོན་པར་ཆོས་ལོག་མང་པོ་དར་བ་དང་།སྦྱོར་སྒྲོལ་ལ་བསྙད་བཏགས་ནས་རང་གི་ཆུང་མ་དང་གཞན་གྱི་ཆུང་མ་སོགས་སྤྱོད་ཡུལ་དུ་མ་གྱུར་བ་དང་སྦྱོད་དུས་མ་ཡིན་པའི་བུད་མེད་མང་དུ་སྤྱོད་པ་དང་།ཆང་འཐུང་བ།སྲོག་གཅོད་པ་སོགས་འཚེ་བའི་ཆོས་ལོག་མང་དུ་སྤེལ།ཞང་བོད་ཀྱི་ཡུལ་ཁམས་སུ་འདུལ་བའི་ཆོས་རྒྱུན་ཆད་པའི་དུས་དེར་མདོ་སྨད་ཡུལ་ནས་བླ་ཆེན་དགོངས་པ་རབ་གསལ་ཀྱི་མཁས་པ་མི་གསུམ་ལས་འདུལ་བའི་སྡོམ་བརྒྱུད་བླངས་ཤིང་།དེ་དབུས་ཀྱི་ཚ་ན་ཡེ་ཤེས་རྒྱལ་མཚན་གྱིས་གཏམ་དེ་ཐོས་ནས་ཀླུ་མེས་སོགས་དབུས་གཙང་གི་མཁས་པ་བཅུ་མདོ་སྨད་དུ་མངགས་ནས་འདུལ་བའི་རྒྱུད་དབུས་སུ་དར་བར་བྱས།དུས་དེ་མཚུངས་སུ་མངའ་རིས་ཕྱོགས་ནས་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་སོགས་ཀྱིས་ཀྱང་རང་སྲོག་ཕར་བསྡོས་དང་རྒྱུ་འབྱོར་བའི་ཆ་རྐྱེན་སྐྲུན་ནས་ཁ་ཆེ་དང་རྒྱ་གར་སོགས་སུ་ལོ་ཙཱ་བ་མང་པོ་མངགས་ནས་ཆོས་རྣམ་དག་སྦྱངས་སུ་བཅུག་པ་དང་།སྔགས་ལོག་སྤེལ་མི་ཆོག་པའི་བཀའ་ཤོག་བཀྲམ།ཁྱད་པར་དུ་རྒྱ་གར་མཁས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་ནས་དམ་ཆོས་ལ་དག་ཐེར་མཛད།ཇོ་བོའི་བོད་ཀྱི་བསྟན་པ་ལ་དག་ཐེར་བྱས་པ་དང་བུ་སློབ་མང་པོ་བསྐྱངས་པ།འབྲོག་མི་སོགས་རྒྱ་གར་ནས་བོད་དུ་ཡོང་ནས་ཡུལ་གངས་ལྗོངས་ཀྱི་གནས་འདི་ནས་ཆོས་རྒྱུན་མི་གཅིག་པ་དང་ཉམས་ལེན་མི་གཅིག་པའི་གྲུབ་མཐའ་མང་པོ་བྱུང་ཞིང་།ཐུབ་པའི་ཆོས་ལུགས་ནི་ཐབས་མི་འདྲ་དུ་མའི་སྒོ་ནས་བོད་ལུགས་ཀྱི་ཐུབ་པའི་ཆོས་ལུགས་ཤིག་ཏུ་གྱུར།བསྟན་པ་ཕྱི་དར་སྐབས་སུ་ཐུབ་པའི་ཆོས་ལུགས་དར་བའི་རླབས་རྒྱུན་དང་བསྟུན་ནས་བོན་པོའི་ཆོས་ལུགས་ལ་དད་པའི་མི་རྣམས་ཀྱིས་ཀྱང་སྔར་གྲི་གུམ་དང་ཁྲི་སྲོང་གི་སྐབས་སུ་གཏེར་དུ་སྤས་པའི་གཏེར་རྣམས་ཕྱིར་བཏོན་ནས་བོན་བསྟན་དར་བར་བྱས།

 

--------------------------------------------------------------------------------

[1] གཉའ་གོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོ་ང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༡ལོའི་ཟླ་༤བའི་པར་ཐེངས་དང་པོ

[2] ཀུན་བཟང་བློ་གྲོས།《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ།》མི་རིགས་དཔེ་སྐྲུན་ཁང་།༢༠༠༣ལོའི་ཟླ་༦པའི་པར་ཐེངས་དང་པོ།

[3] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།༡༩༩༣ལོའི་ཟླ་༡༠བའི་པར་ཐེངས་དང་པོ།

[4] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།༡༩༩༣ལོའི་ཟླ་༡༠བའི་པར་ཐེངས་དང་པོ།

[5] གཉའ་གོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོ་ང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༡ལོའི་ཟླ་༤བའི་པར་ཐེངས་དང་པོ།

རིག་ཁྱུང་གི་ལྡིང་ཁང་ལས་བཤུས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག