ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> བོན་གསར་གྱི་བྱུང་ཁུངས་ལ་དཔྱད་པའི་གཏམ་དྲང་བདེན་ལོ་རྒྱུས་ཀྱི་རི་མོ།
བོན་གསར་གྱི་བྱུང་ཁུངས་ལ་དཔྱད་པའི་གཏམ་དྲང་བདེན་ལོ་རྒྱུས་ཀྱི་རི་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པ།] [ཟླ་ཚེས། 11-01-07] [ཀློག་གྲངས། ]

ཚོགས་ཆེན་ཡེ་ཤེས་འཕྲུལ་གྱི་མ་མ་ལས། །

མངོན་པར་བཞད་པ་རིག་འཛིན་ཀུན་གྱི་གཙོ། །

གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་མཆོག །

རྗེ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

ཉིད་ཀྱི་དགོངས་རྟོགས་ཡོན་རྒྱ་མཆོའི་ཀློང་ཡངས་ནས། །

བརྩེ་ཆེན་ཐུགས་རྗེའི་འོད་ཟེར་རབ་སྤྲོས་ཏེ། །

མཐའ་ཡས་མ་རྣམས་སྲིད་མཚོ་ལས་བསྒྲལ་ཕྱིར། །

གསང་ཆེན་བསྟན་པའི་སྒྲོན་མེ་སྲིད་འདིར་སྤར། །

གསང་གསུམ་འཕྲིན་ལས་རྣམ་འགྱུར་འབུམ་ཕྲག་གིས། །

དུས་དང་གདུལ་བྱའི་མོས་པར་བསྟུན་པའི་བོན། །

ཇི་སྙེད་སྤྲོས་པ་དཔག་མེད་བསམ་ཡས་ལས། །

ལོ་རྒྱུས་ཟེགས་མའི་ཆ་ཙམ་འཆད་ལ་སྤྲོ། །

      སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉམས་སུ་ལེན་པའི་གང་ཟག་ལ་འགྲོ་བ་མི་ཁོ་ནས་མ་ངེས་ཏེ། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་འཁོར་ལ་ལྷ་ཀླུ་མི་གསུམ་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་པས་སོ། །བྱེ་བྲག་ཞང་བོད་ཀྱི་ལྗོངས་འདིར་ཡོངས་སུ་གྲགས་པའི་གཡུང་དྲུང་གི་བོན་ཉམས་ལེན་གནང་མཁན་ལ་བོན་པོ་རྙིང་མ་པ་དང་། བོན་པོ་གསར་མ་པ་གཉིས་སུ་ཡོད་པས་དང་པོ་བོན་རྙིང་ཞེས་གཙོ་བོའི་ཐ་སྙད་གདགས་གཞི་ནི་དམུ་རྒྱལ་གཤེན་དང་། རྒྱལ་བ་བྲུ། དབང་ལྡན་ཞི། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་སོགས་ཀྱི་རིང་ལུགས་ཀྱི་རྗེས་འབྲང་པ་རྣམས་ཏེ་མདོར་ན་རྒྱ་དཀར་ནས་བྱུང་བའི་ནང་ཆོས་ཀྱི་སྲོལ་ལུགས་དང་མ་འདྲེས་པར་ཞང་བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཚུལ་དུ་བྱུང་བའི་གཡུང་དྲུང་བོན་གྱི་རིང་ལུགས་གཙོ་ཆེར་འཆང་མཁན་རྣམས་ལ་ཟེར་བ་ཡིན། གཉིས་པ་བོན་པོ་གསར་མ་པ་ནི་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ལས་གཞན་དུ་བཤད་དུ་མེད་པ་དང་། དེ་ཡང་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ཡིན་མིན་ནི་དམུ་སྲས་འགྲོ་བའི་མགོན་པོ་སངས་རྒྱས་གཤེན་རབ་མི་བོའི་རྗེས་འབྲང་ཡིན་མིན་ལ་ལྟ་བ་མ་གཏོགས་ཚུལ་གཞན་མེད་པས། བོན་པོ་གསར་མ་པ་རྣམས་ཀྱིས་སངས་རྒྱས་གཤེན་རབ་མི་བོས་སྲོལ་བཏོད་གནང་བའི་ཆོས་ལུགས་དེ་ཉིད་ཉམས་སུ་ལེན་ཞིང་སྤྱོད་པས་ཁོང་གི་རྗེས་འཛིན་ཡིན་པར་སྒྲུབ་བྱེད་ཀྱི་ལུང་རིགས་གཞན་གང་ལ་ལྟོས་མི་དགོས་པར་མཐོང་བ་མངོན་འགྱུར་ཡིན་པའི་ཕྱིར་རོ། །ཕྱིས་བྱུང་གི་གཏེར་མ་དང་། སྙན་རྒྱུད་སོགས་བོན་གསར་དཔེ་ཆ་ཁག་ལ་གཞིགས་ན་བོན་པོ་གསར་མ་ནི་བོད་ཀྱི་དྲན་པ་ནམ་མཁའ་དང་། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱི་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོར་བསྟན་ཡོད། རྒྱུ་མཚན་དེས་ན་སྲོལ་རྒྱུན་གྱི་ཆོ་གའི་ཕྱག་ལེན་གནང་ཕྱོགས་དང་། སློབ་དཔོན་པད་འབྱུང་སྐྱབས་གནས་སུ་བསྟེན་ཚུལ། མཆོད་བསྟོད་བྱེད་ཚུལ་སོགས་ཆ་དུ་མ་ཞིག་རྒྱ་གར་ནང་ཆོས་ཀྱི་རྗེས་འཛིན་དུ་རློམ་པའི་རྙིང་མ་པའི་ལུགས་སྲོལ་དང་མཐུན་པར་ཡོད་ཀྱང་། ནང་བསྟན་པའི་སྙིང་པོ་རྫོགས་ཆེན་སྡེ་བཞི་དང་། ཡི་དམ་བཀའ་ཆེན་སྡེ་དགུ་སོགས་ཉམས་ལེན་གནང་ཚུལ་དང་། སངས་རྒྱས་གཤེན་རབ་མི་བོ་མཆོག་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་སྟོན་པར་ཁས་ལེན་པ་སོགས་བོན་པོ་རྙིང་མ་བ་དང་ཁྱད་པར་གཏན་ནས་མེད་པ་ཡིན། བོན་གསར་གྱི་གཞུང་ལུགས་ཁག་ལས་རྒྱུད་ལུང་ཐམས་ཅད་ཀྱི་ཁུངས་སྐུ་གསུམ་རྫོགས་པའི་སངས་རྒྱས་དང་། འཆི་མེད་ཡབ་སྲས་གཤེན་གསུམ་ལ་གཏུགས་ནས་བཤད་སྲོལ་ཡོད་ནའང་། རྩ་བའི་བྱུང་ཁུངས་ནི་དུས་རབས་བརྒྱད་པའི་ནང་སྐོར་དུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པད་མ་འབྱུང་གནས་དང་། མཁན་པོ་བྷོ་ཏི་སྭ་ཏྭ་གཉིས་གཙོས་པའི་རྒྱ་གར་དང་། རྒྱ་ནག་སོགས་ནས་ཕེབས་པའི་ཆོས་བླ་རྣམས་དང་། བོད་ཀྱི་ཆོས་བློན་ཁག་གི་རེ་འདོད་དང་བསྟུན་ནས་གཡུང་དྲུང་བོན་བསྟན་བསྣུབས་པའི་དུས་སུ་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་བཀའ་བསྒྲོས་མཛད་དེ་བོན་གྱི་གསུང་རབ་ཇི་སྙེད་ཅིག་ཟབ་གཏེར་དུ་སྦས་པ་དང་། སྦས་འཕྲོ་རྣམས་ཆོས་སུ་བསྒྱུར་བ་དང་། ཆོས་དང་འདྲ་མཚུངས་སུ་བཅོས་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན། དེ་ལྟར་དྲན་པའི་ཨ་དཀར་དགོངས་འདུས་༢༢ལས། རྒྱ་གར་བན་དྷེས་ཁྲིམས་འོག་བཅུག་པའི་ཚེ། །བདེན་པའི་བཀའ་རྣམས་རིན་ཆེན་གཏེར་དུ་སྦས། །གཏེར་ཆེན་བརྒྱ་དང་རྩ་བརྒྱད་གཉེར་དཔོན་མཛད། །ཅེས་དང་། མདོ་འབུམ་གཟུངས་སོགས་བོན་གྱི་ལྷག་ལུས་རྣམས། །རྒྱ་གར་བན་དྷེའི་འདོད་པ་ཚིམས་པའི་ཕྱིར། །ཆོས་སུ་ཚིག་བསྒྱུར་དོན་དམ་གཡུང་དྲུང་ཀློང་། །འཇུག་སྒོ་མ་འགག་དོན་ལ་གོལ་མེད་ཡིན། །ཞེས་དང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ལོ་ཆེན་བཻ་རོ་ཙ་ན་ལ་གསུངས་པ། གདམས་པ་ཆོས་སུ་བསྒྱུར་བ་རྣམས་རྒྱ་གར་ཡུལ་དུ་ཁྱེར་ནས་རྒྱ་གར་གྱི་མཁས་གྲུབ་རྣམས་ལ་ཐེ་ཚོམ་གཅོད་དགོས་པར་གསུངས་པ་དང་། བཻ་རོ་ཉིད་ཚ་བ་རོང་དུ་ཕེབས་སྐབས་གཡུ་སྒྲ་བཞུར་ལ་སོགས་འགའ་ཞིག་ལས་གདམས་པ་སྤེལ་བའི་གནས་མ་སྙེད་ནས་རྫོགས་ཆེན་ལ་སོགས་ཐེག་ཆེན་གསང་སྐོར་མང་པོ་ཞིག་གཏེར་དུ་སྦས་པ་གསལ་བས་ངེས་པ་ཡིན། དེ་དང་ཆ་མཐུན་ཙམ་ཞིག་ཆོས་འབྱུང་མཁས་པའི་དགའ་སྟོན་༣༠༤ལས་གསལ་བ་འདི་ལྟར། རྒྱ་གར་བས་ལོ་ཆེན་བཻ་རོས་ཆོས་ཡང་དག་པ་མ་ཡིན་པ་ཞིག་བོད་དུ་ཁྱེར་སོང་བ་སྙན་ཕྲ་བཅུག་པར་བརྟེན་བཙུན་མོ་ཚེ་སྤོང་བཟའ་དང་། བོད་ཀྱི་ཆོས་བློན་རྣམས་ཀྱིས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་ལོ་ཆེན་བཻ་རོ་སྐུ་དགྲོང་དགོས་པ་ནན་གྱིས་ཞུས་པས། འགོག་པའི་ཐབས་གཞན་མ་རྙེད་ནས་རྒྱལ་པོས་མཐར་ལོ་ཆེན་བཻ་རོ་སྐུ་དགྲོང་བ་ཞལ་བཞེས་གནང་སྟེ། སྤྲང་པོ་ཞིག་ལ་བཻ་རོའི་ཆས་བཅོས་ནས་མི་རྣམས་མ་སླེབས་ཙམ་ལ་ཟངས་སྒྲོམ་ནང་བཅུག་སྟེ་ཆུར་བསྐུར། གདན་ཁྲིའི་འོག་ཏུ་གནམ་སྒོ་སྔོ་ཐེམས་ཅན་ལས་བེབས་པར་བཻ་རོ་བཞུགས་ནས་རྒྱལ་པོས་ནམ་ཕྱེད་ནས་ཆོས་གསན་པར་བཙུན་མོ་དང་། ཆོས་བློན་རྣམས་ཀྱིས་ཚོར་བས་མཐར་ལོ་ཆེན་བཻ་རོ་ཚ་བ་རོང་དུ་བཅུག་པ་བཤད། དེ་ཡང་ཡོངས་གྲགས་སུ་བན་བོན་གཉིས་ཀའི་ལོ་རྒྱུས་ཐོག་གྲགས་པར་བཻ་རོས་བོན་ཆོས་སུ་བསྒྱུར་བ་དང་། ཆོས་བོན་དུ་བསྒྱུར་བ། བོན་ཆོས་འདྲེས་མར་བསྒྱུར་བ་གསུངས་པ་ལྟར། གཡུང་དྲུང་བོན་གྱི་ལུགས་ལ་ཐུན་མོང་མ་ཡིན་པའི་ཐེག་པའི་རྣམ་བཞག་འཇོག་ཚུལ་ལ་མ་རིག་འཁྲུལ་པའི་སྒོ་དགུ་ལ་ལྟོས་ཏེ་དེ་ཉིད་འདུལ་བའི་གཉེན་པོ་བོན་ཐེག་པ་རིམ་དགུ་གསུངས་པ་དང་། ཐེག་དགུའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ལུགས་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དང་། ལམ་ཁྲེག་ཆོད་དང་། ཐོད་རྒལ་འོད་གསལ་སོགས་ཀྱི་རྣམ་བཞག་འཆད་ཚུལ་ཡོད་པ་ནང་བཞིན། གཞན་སྡེ་སྔ་འགྱུར་རྙིང་མ་པའི་ལུགས་ལ་དེ་དང་ཆ་མཚུངས་ཙམ་དུ་བཤད་སྲོལ་ཡོད་ཀྱང་། རྒྱ་གར་ནང་ཆོས་ཀྱི་རྗེས་འཛིན་དུ་རློམ་པའི་ས་སྐྱ་དང་། བཀའ་རྒྱུད། དགེ་ལུགས་སོགས་ཀྱི་ལུགས་ལ་ཐེག་པ་རིམ་དགུ་དང་། རྫོགས་ཆེན་གྱི་རྣམ་བཞག་བཤད་པ་མེད་པ་མ་ཟད། རྙིང་མའི་རྫོགས་ཆེན་གྱི་སྐོར་ལ་དཔྱད་པ་བྱས་པའི་རྩོམ་ཡིག་ཀྱང་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་སྟོད་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྐོར་གསུམ་དུ་ཡོད་པའི་བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་གི་ནང་ལ་བཅུག་སྟེ་མེར་བསྲེགས་པ་དང་། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས་པ། མེར་བསྲེགས་པ། ས་འོག་ཏུ་སྦས་པ། རླུང་ལ་བསྐུར་བ་དང་། བོན་ཆོས་དང་། རྫོགས་ཆེན་ཨ་ཏི་ཡོ་ག དེ་བཞིན་གསང་བ་སྔགས་ཀྱི་ལུགས་སྲོལ་རྣམས་མཐའ་གཅིག་ཏུ་དགག་སྟེ་དེ་རྣམས་ཁོང་གི་རྒྱལ་ཁམས་སུ་སྤྱོད་མི་ཆོག་པའི་ཁྲིམས་བཟོས་པ་དང་། དོགས་ཡོད་མི་སྣ་ཡོད་སར་གསང་ཉུལ་བ་བཞག་སྟེ་གལ་སྲིད་ཁོང་གི་རྒྱལ་ཁམས་སུ་དེ་གང་རུང་ཞིག་སྤྱོད་པ་མཐོང་ཚེ་དམར་གསོད་གཏོང་བ་དང་། ལོངས་སྤྱོད་གཞུང་བཞེས་བྱེད་པ། མཐའ་འབུད་གཏོང་བ་སོགས་ཅི་རིགས་བྱེད་སྲོལ་ཡོད་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་དང་། གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་སོགས་ལས་གསལ་བ་འདི་ནི་ཆོས་ལ་བོན་འདྲེས་ཅེས་པའི་དོན་ལ་གོ་བར་སྙམ། ཧང་སོང་བ་ཞིག་ལ་རྣམ་ཐར་འབྲི་བ་པོས་སྦས་གསང་ཅི་ཡང་མེད་པར་དེ་ཉིད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལེགས་བྱས་རླབས་པོ་ཆེ་ཞིག་བཞག་ཡོད་པའི་ཚུལ་བྲིས་འདུག་གོ། བློ་སེམས་རྣལ་དུ་ཕབ་ནས་བོན་གསར་མའི་བྱུང་ཁུངས་སྐོར་ལ་ཞིབ་འཇུག་བྱས་པ་ཡིན་ན་དུས་རབས་བརྒྱད་པའི་ནང་བན་བོན་དར་ནུབ་ཀྱི་སྐབས་སུ་བོད་ཀྱི་བོན་པོ་ཚོས་གཡུང་དྲུང་གི་བོན་ཚུལ་བཞིན་ཉམས་སུ་ལེན་དབང་མེད་པས། བོན་གསར་མའི་ལས་ཆོག་སྐོར་སྐབས་དེར་དར་བའི་སློབ་དཔོན་པད་མའི་ལུགས་སྲོལ་དང་མཐུན་པར་བཅོས་ཏེ་ཉམས་སུ་བླངས་པའི་སྲོལ་རྒྱུན་ཅིག་ཡིན་པ་གོར་མ་ཆགས། 
      ཁོ་བོས་ཐོག་མར་རྒྱུད་གསུམ་བསྟན་པའི་སྲོལ་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་སྐུ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ནོད་དེ་སྟོད་དགོན་དྲུག་གི་རྩ་བའི་བླ་མའི་གདན་ས་དཔལ་ལྡན་མཐོང་གྲོལ་རི་ཁྲོད་དུ་བསྡད་པའི་ལོ་ཤས་རིང་བོན་པོ་གསར་མའི་ཆོ་ག་ཕྱག་ལེན་སྐོར་ཉམས་ལེན་བྱེད་མྱོང་བ་དང་། དེ་བཞིན་རྒྱལ་བ་ཤར་རྫ་པའི་རིང་ལུགས་དྲི་མ་མེད་པ་འཆང་བའི་བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་འབྲོག་པ་གཙུག་ཕུད་རིན་པོ་ཆེའི་སྐུ་མདུན་ནས་བོན་གསར་གྱི་དབང་ལུང་ཡོངས་རྫོགས་ཞུས་ཏེ་གཞུང་ལུགས་ཁག་ལ་ཐོས་བསམ་གྱི་བྱ་བ་ཡུན་རིང་དུ་བྱས་པའི་མྱོང་རྒྱུན་ལ་བརྟེན་པ་ལྟར་ན། བོན་གསར་རྙིང་གཉིས་ཆོ་གའི་ལས་ཚོགས་སྐོར་ཕྱག་ལེན་གནང་སྟངས་ཙམ་ལས་ནང་བསྟན་པའི་སྙིང་པོ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལ་ཉམས་ལེན་གནང་ཚུལ་ལ་ཁྱད་པར་ཡོད་པ་གཏན་ནས་མ་མཐོང་། འོ་ན་བོན་གསར་རྙིང་གཉིས་ཁྱད་པར་གང་གིས་འབྱེད་པ་ཡིན་ནམ་ཞེ་ན། དེ་ནི་སངས་རྒྱས་གཤེན་རབ་མི་བོའི་རྗེས་འབྲང་གང་ཞིག་ལ་ཞང་ཞུང་དྲན་པ་ནམ་མཁའི་སྲས་གཡུང་དྲུང་མཐོང་གྲོལ་དང་། སློབ་དཔོན་པད་མ་འབྱུང་གནས་གཉིས་གང་ཟག་གཅིག་གི་ངོ་བོར་བཟུང་ནས་དེ་ཉིད་ལ་བསྙེན་སྒྲུབ་དང་། མཆོད་བསྟོད་གཙོ་བོར་བྱེད་པའི་ཆ་ནས་བོན་པོ་གསར་མ་འཇོག་པ་ཙམ་ལས། དེ་ལས་གཞན་པ་ལྟ་སྒོམ་སྤྱོད་འབྲས་གང་གི་སྒོ་ནས་ཁྱད་པར་དབྱེ་རུ་མི་རུང་བ་ཡིན་ཏེ། བོན་གསར་རྙིང་གཉིས་ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་ཡིན་པའི་ཕྱིར་རོ། ། བོན་པོ་གསར་མའི་ཐོག་མའི་སྲོལ་འབྱེད་ནི་བླ་ཆེན་དྲན་པ་ནམ་མཁའ་དང་། བཻ་རོ་ཙ་ན་གཉིས་ཡིན་པས། དེ་ཡང་དང་པོ་སྤྱིར་དྲན་པ་ནམ་མཁའ་ལ་རྫུས་སྐྱེས་དང་མངལ་སྐྱེས་གཉིས་སུ་ཡོད་པ་ལས། རྫུས་སྐྱེས་ནི་ནུབ་ཕྱོགས་པད་མ་རྒྱས་པའི་གླིང་ཞེས་བྱ་བ་རུ་མེ་ཏོག་ཨུད་དཔལ་སྔོན་པོའི་སྟེང་དུ་རྫུས་ཏེ་སྐྱེས་པ་གསལ། མངལ་སྐྱེས་ལ་ཞང་ཞུང་ཡུལ་དུ་སྐུ་སྐྱེ་བ་བཞེས་ཚུལ་དང་། བོད་ཀྱི་ཡུལ་དུ་སྐུ་སྐྱེ་བ་བཞེས་ཚུལ་གཉིས་སུ་ཡོད་པ་ལས། དང་པོ་ནི་ཞང་ཞུང་གི་ཡུལ་དབུས་ཁྱུང་ཆེན་སྤུངས་པའི་རི་བོར་ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། དེ་དང་མཁའ་འགྲོ་འོད་ལྡན་འབར་མ་གཉིས་ལྟང་དབྱལ་དུ་འཚོས་པ་ལས་སྲས་འགྲོ་མགོན་ཚེ་དབང་རིག་འཛིན་དང་། གཡུང་དྲུང་མཐོང་གྲོལ་གཉིས་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཏུ་སྤྱི་ལོའི་སྔོན་༨༨༨ཁྱི་སྤྲེལ་ལོར་སྐུ་འཁྲུངས་པ་གསུངས། དྲན་པ་འདིའི་རྣམ་ཐར་རམ་ལོ་རྒྱུས་ནི་རྨ་གཏེར་རིག་འཛིན་རིག་པའི་ཐུགས་རྒྱུད་དང་། དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་མ་དྲན་པ་ཕྱི་ནང་གི་སྒྲུབ་པ་སོགས་ལས་རྒྱས་པར་གསལ་བས་སྐབས་འདིར་རྒྱས་བཤད་མི་བྱའོ། །དྲན་པ་འདིས་མཛད་པའི་བོན་སྡེ་ལ་མཛོད་སྒྲ་འགྲེལ་ཆེན་མོ་དང་། ཁྲོ་བོའི་སྟོད་འགྲེལ་དང་། སྨད་འགྲེལ་གཉིས་ལས་སོགས་བོན་སྡེ་དུ་མ་ཞིག་མཆིས། གཉིས་པ་བོད་ཀྱི་དྲན་པ་ནམ་མཁའ་ནི་བོད་ཡུལ་དག་ཉང་ཀོང་གསུམ་གྱི་ནང་ཚན་དག་པོ་ཁོག་ཏུ་ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་བཟའ་མཁའ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། དགུང་ལོ་ལྔ་སོན་པ་དང་གཡུང་དྲུང་བོན་གྱི་སྒོར་ཞུགས་ཏེ་དྲང་སྲོང་དགའ་རྒྱལ་གྱི་མདུན་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་ནོས། ལོ་དགུ་ལོན་ནས་འདོན་ཀློག་ཚད་དུ་ཕྱིན། དེ་ནས་ཞང་ཞུང་དང་རྒྱ་དཀར་ནག་སོགས་ཀྱི་ཡུལ་གྲུ་དུ་མར་ཕྱིན་ནས་སྐད་རིགས་སུམ་བརྒྱ་དྲུག་ཅུ་བསླབས་ཡོད་པ་ནི། ཨ་དཀར་དགོངས་འདུས་༩༥ལས། བླ་ཆེན་དྲན་པ་ནམ་མཁའ་ངས། །ཞང་བོད་རྒྱ་གར་རྒྱ་ནག་དང་། །སྐད་རིགས་སུམ་བརྒྱ་དྲུག་ཅུ་བསླབས། །བདག་རང་གི་དོན་དུ་མ་ལགས་ཏེ། །སྤྱིར་ཁ་བ་ཅན་གྱི་དོན་ཕྱིར་རོ། །ཞེས་གསུངས། ཁྱད་པར་དུ་རྒྱ་གར་གྱི་མཁས་པ་བདེ་བ་སྙིང་པོ་གསས་སོགས་ལ་ལོ་ཙའི་ཚིག་ལ་སྦྱངས་ནས་ནང་གསང་བ་སྔགས་ཀྱི་བོན་དང་། ཡང་གསང་བླ་མེད་རྫོགས་ཆེན་ཡེ་ཕྱི་མོའི་བོན་སྐོར་མ་ལུས་པར་བསླབས། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་མདུན་ནས་རྫུ་འཕྲུལ་བཅུ་གསུམ་གཙོས་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དུ་མ་ཞུས་པས་རིག་པ་ཆིག་རྫོགས་སུ་སོང་བ་གསུངས། དྲན་པ་འདིས་རྩོམ་པའི་བོན་སྡེ་ལ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་དང་། དྲང་དོན་མུན་སེལ་སྒྲོན་མ་ལས་སོགས་དང་། དེ་བཞིན་བོན་པོ་གསར་མའི་ཕྱོགས་སུ་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཤིན་ཏུ་མང་བར་སྣང་། དྲན་པ་འདི་ནི་བོན་པོ་གསར་མའི་བྱུང་ཁུངས་དང་། མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་པའི་དུས་སུ་བོད་རྒྱལ་གྱི་བཀའ་ལྟར་རབ་ཏུ་བྱུང་བར་གསལ། དྲན་པ་ནམ་མཁའ་མཆོག་དང་པོ་དབུ་སྐྲ་ལྕང་ལོ་གཙུག་ཏུ་བཅིངས་པའི་བོན་པོའི་སྔགས་པ་ཞིག་ཡིན་ཀྱང་། ཕྱིས་སུ་རྒྱལ་པོའི་བཀའ་ལྟར་ཆོས་པའི་གྲྭ་པ་བྱས་དུས་གསེར་གྱི་བཙག་བུས་དབུ་ཡི་གཙུག་ཕུད་བྲེགས་ཏེ་སྣམ་ཕྲག་ཏུ་བཅུག་པ་གསུངས་པ་འདི་ལ་བརྟེན་ནས་སྐབས་དེ་དུས་བོད་ཀྱི་བོན་པོ་ཚོར་རང་དབང་ག་ཚད་ཡོད་མེད་གསལ་ཤེས་ཐུབ་པ་ཡིན། དེ་རྗེས་བོད་ཡུལ་དུ་ནད་མུག་གི་བསྐལ་པ་བྱུང་བས་དྲན་པ་ནམ་མཁའ་ནན་བན་ནས་སྟོན་ཏེ་བོན་བྱས་པ་བཤད། དེ་ལྟར་དྲན་པ་ནམ་མཁའ་ལ་མི་འདྲ་བ་གསུམ་ཡོད་པར་ཞལ་གསལ་དུ་བྱུང་བ་བཞིན་ཡིན་ཡང་དུས་རིམ་གྱི་ཐོག་སྔ་ཕྱི་གཏན་ནས་མི་མཚུངས་པ་ཡིན། རྟགས་གཟིགས་དྲན་པ་ནམ་མཁའ་ལ་དུས་རིམ་ངེས་པ་ཅན་ཞིག་གཏན་ཁེལ་མེད་ཀྱང་དེ་ནི་ཞང་ཞུང་དྲན་པ་ནམ་མཁའི་སྐུ་སྐྱེ་སྔོན་མ་ཡིན་པར་དྲན་པའི་ཨ་དཀར་དགོངས་འདུས་ལས་གསལ་བར་བསྟན།
      ཞང་ཞུང་དྲན་པ་ནམ་མཁའ་ནི་སྤྱི་ལོའི་སྔོན་༩༡༤མེ་རྟ་ལོར་འཁྲུངས་པ་དང་། བོད་ཀྱི་དྲན་པ་ནམ་མཁའ་དུས་རབས་བརྒྱད་པའི་ནང་སྐོར་དུ་བཞུགས་པ་མ་ཟད་སློབ་དཔོན་པད་མ་བོད་དུ་ཕེབས་སྐབས་དགུང་ལོ་ཉེར་བདུན་ཡིན་པར་གསུངས་པས་དེ་གཉིས་དུས་མཉམ་ཡིན་ཐབས་རྩ་བ་ནས་མེད་པ་ཡིན། ཡིན་ནའང་དེ་གཉིས་ཐུགས་རྒྱུད་གཅིག་གིས་བསྡུས་པ་ཡིན་པ་ནི། སྡོང་པོ་དགུ་འདུས་ལྟ་བའི་རྒྱུད་ཆེན་ལས། རྒྱུང་ཡར་བླ་ཆེན་ཁོད་སྤུངས་བདག ། ཅེས་པ་ནས། །ད་སྟེ་གདུང་རྒྱུད་བཅུ་དྲུག་ན། །ཁོ་བོ་ཁོད་སྤུངས་དྲན་པ་འགྱུར། །ཞེས་གསུངས་པས་ངེས་སོ། །བོན་པོ་གསར་མའི་གཞུང་ལུགས་ཁག་ལས་དྲན་པ་ནམ་མཁའ་སྔ་ཕྱི་རྣམས་ཀྱི་མིང་བགྲངས་བ་ཙམ་ལས་དེ་རྣམས་ཀྱི་ཁྱད་པར་སྐོར་གསལ་བཤད་བྱས་པ་མ་མཐོང་། དེ་ཡང་ཉམས་ལེན་པ་རྣམས་ཀྱིས་དུས་རྒྱུན་བསམ་བློ་གཏོང་ཚུལ་ལ་དྲན་པ་དེ་རྣམས་མཁའ་ཟླ་དང་ཆུ་ཟླའི་ཚུལ་དུ་འགྲོ་བའི་དོན་མཛད་པས་དེ་རྣམས་ངོ་བོ་གཅིག་ལ་གདུལ་བྱ་ཐུན་མོང་གི་སྣང་ཚུལ་དུ་ཐ་དད་པ་ཙམ་ལས་དོན་ལ་ཁྱད་པར་མེད་པར་འཛིན་པ་ཡིན། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས་བོན་པོ་གསར་མ་ཚོས་ཞང་ཞུང་དྲན་པ་ནམ་མཁའི་སྲས་གཡུང་དྲུང་མཐོང་གྲོལ་དང་། སློབ་དཔོན་པད་མ་འབྱུང་གནས་གཉིས་གཞི་གཅིག་ལ་མིང་ཐ་དད་ཙམ་དུ་འཛིན་ནས་སློབ་དཔོན་པད་མ་འབྱུང་གནས་མཐར་ཐུག་གི་སྐྱབས་གནས་སུ་འཛིན་པ་མ་ཟད། ལུང་རིགས་དུ་མའི་སྒོ་ནས་དེ་གཉིས་མི་གཅིག་ཡིན་པ་སྒྲུབ་སྲོལ་བྱུང་བ་རེད།
       བོན་པོ་གསར་མའི་ཡིག་ཆ་ཁག་ལས་གསལ་བའི་དྲན་པ་ནམ་མཁའི་རྣམ་ཐར་གཏམ་རྒྱུད་ཚུལ་དུ་བྱུང་བ་འདི་ལྟར། ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ལྟང་དབྱལ་དུ་འཚོས་པ་ལས་སྲས་ཅིག་འཁྲུངས་པ་ནི་དྲན་པ་བདུད་འདུལ་འོ། །དེའི་མཚན་གྱི་རྣམ་གྲངས་ལ་བླ་ཆེན་དྲན་པ་དང་། རྒྱུང་ཡར་བླ་ཆེན་ཁོད་སྤུངས། ཅེས་གྲགས། དེ་དང་རྒྱ་གར་མཁའ་འགྲོ་འོད་ལྡན་འབར་མ་གཉིས་ལྟང་དབྱལ་དུ་འཚོས་པའི་སྲས་འགྲོ་མགོན་ཚེ་དབང་རིག་འཛིན་དང་། གཡུང་དྲུང་མཐོང་གྲོལ་གཉིས་འཁྲུངས། དེ་ནས་རྒྱ་གར་མ་ལ་ཙ་ཤའི་ཡུལ་བྱ་བ་ཞིག་ན། བྲམ་ཟེ་སྐྱེ་བ་བདུན་པའི་སྤུར་ཞིག་ཡོད་པ་དེ་སུས་ཐོབ་པ་ཡིན་ན་དེ་ལ་ཐུན་མོང་གི་དངོས་གྲུབ་སྣ་ཚོག་འབྱུང་བས། དེར་ལྷ་ཀླུ་མི་གསུམ་དང་། ལྷ་སྲིན་གཡེན་ཁམས་དང་བཅས་པ་སྤུར་དེར་ཟིངས་ནས་སུས་འཐོབ་བྱེད་པས། མཁའ་འགྲོ་འོད་ལྡན་འབར་མས་བླ་ཆེན་དྲན་པར་རིན་ཆེན་སྣ་ལྔའི་མཆོད་པ་ཕུལ་ཏེ་ལྷ་སྲིན་ཟིལ་གྱིས་གནོན་ནས་སྤུར་དེ་མཁའ་འགྲོ་མཆོག་ལ་ཐོབ་པ་མཛད་པར་ཞུས་པས། བླ་ཆེན་དྲན་པས་དེ་ལྟར་མཛད་པར་ཞལ་བཞེས་གནང་ཀྱང་ལྷ་ཀླུའི་རོལ་མོ་ལ་ཡེངས་ནས་ལྷ་སྲིན་ཟིལ་གྱིས་མ་གནོན་པ་དང་། མཁའ་འགྲོ་མཆོག་དེར་ཕེབས་ཀྱང་དབུ་སྐྲ་ཉག་མ་གཅིག་ལས་མ་ཐོབ་པས་ཐུགས་སྐྱོ་ནས་དྲན་པ་ལ་འཁྲོས་ཚུལ་སྟོན་ཏེ་གཅེན་པོ་ནམ་མཁའ་སྒྲོན་གསལ་སྐུ་མི་མངོན་པར་སྦས་པའི་ཚུལ་དུ་བོད་ཡུལ་དུ་འགྲོ་དོན་མཛད་དགོས་པར་གདམས་པ་དང་། གཅུང་པོ་གཡུང་དྲུང་དོན་གསལ་རྒྱབ་ཏུ་ཁུར་ནས་རྒྱ་གར་ཡུལ་དུ་གཤེགས། བླ་ཆེན་དྲན་པས་མཁའ་འགྲོའི་ཕྱག་ལ་འཇུས་ཏེ་བཤོལ་ཐབས་མཛད་ཀྱང་མ་ཉན་པར་བྱོན་པས་རྒྱ་གར་མ་ལའི་ཡུལ་དུ་སླེབས། དེར་མཁའ་འགྲོས་སྲས་མེ་ཏོག་པད་མའི་ཁར་བསྙལ་ནས་བསོད་སྙོམས་ལ་བྱོན་པས་དགོང་མོ་མེ་ཏོག་ཁ་ཟུམ་ནས་སྲས་མ་རྙེད་པར་ཕྱོགས་བཞིར་བོས་ཀྱང་སྐད་མ་ཐོས་པས་ཡུམ་ཀྱང་ཡིད་མུག་ཆད་དེ་གསུངས་པ། བླ་ཆེན་ཡབ་ལ་འཐབ་ཅིང་གཅེན་དྭ་བོར། །གཅུང་པོ་གནས་འདིར་ཕྱིན་པ་གཏོར་ནས་སོང་། །ཞེས་གསུངས་ནས་བཙལ་ཡང་མ་རྙེད་པ་བཤད། དེ་ནས་རྒྱ་གར་རྒྱལ་པོའི་ལྷ་གཉེར་ཞིག་ལྷ་ལ་འབུལ་རྒྱུ་མེ་ཏོག་འཐུ་རུ་འོང་བ་དང་དེས་མེ་ཏོག་པད་མའི་ནང་ནས་རྙེད་པས་མཚན་ལ་པད་མ་འབྱུང་གནས་ཅེས་གསོལ་བ་དང་། དེ་ནས་རྒྱ་གར་དང་། ཟ་ཧོར། བྷོ་ཏའི་ཡུལ། བོད་ཡུལ་སོགས་སུ་བསྟན་པ་སྤེལ་བའི་ཚུལ་གསར་མའི་དཔེ་ཆ་ལོ་རྒྱུས་གསལ་བའི་མེ་ལོང་ཞེས་པ་ལས་གསལ། རྒྱུ་མཚན་དེས་ན་བོན་གྱི་ལོ་རྒྱུས་ཁག་ལས་སློབ་དཔོན་པད་མས་བོན་གྱི་བསྟན་པ་བསྣུབས་པའི་སྐོར་གསལ་བ་དེ་ཉིད་འགྲེལ་བཤད་གཞན་ཞིག་ཏུ་བྱེད་ནས་སློབ་དཔོན་པད་མ་བོད་དུ་ཕེབས་སྐབས་གདོད་མའི་བོན་གྱི་ལུགས་སྲོལ་དེ་ཉིད་བསྣུབས་པ་ལས་གཡུང་དྲུང་བོན་གྱི་བསྟན་པ་གཏན་ནས་བསྣུབས་མ་མྱོང་བར་བརྗོད་པ་མ་ཟད། གུ་རུ་རིན་པོ་ཆེ་ཞང་ཞུང་དྲན་པ་ནམ་མཁའི་སྲས་ཡིན་ཚུལ་དང་། གུ་རུས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་ཡོད་རབས་ཀྱི་ལུང་སོགས་འདྲེན་པ་ཡིན། སྤྱིར་བན་བོན་གཉིས་ཀའི་རྒྱལ་རབས་དང་ལོ་རྒྱུས་ཀྱི་དེབ་ཐེར་རྣམས་སུ་ཆོས་ལུགས་གཉིས་ཀྱི་བར་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པར་དཔེར་ན་ལ་ལས་བན་བོན་གཉིས་ཐ་སྙད་ཙམ་ལས་དོན་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཇོག་ཚུལ་སོགས་ཆ་དུ་མ་ཞིག་འདྲ་མཚུངས་སུ་ཡོད་པའི་ཆ་ནས་བོན་ཆོས་རིས་མེད་དུ་སྨྲ་བ་དང་། བོན་ལས་ཆོས་བསྒྱུར་བ་དང་། ཆོས་ལས་བོན་བསྒྱུར་བ་སོགས་བཤད་ཚུལ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་བརྗོད་དོན་ནི་རྒྱ་གར་ནང་ཆོས་ཀྱི་རྗེས་འཛིན་དུ་རློམ་པའི་རྙིང་མ་པའི་ལུགས་སྲོལ་དང་། བོན་པོ་གསར་མའི་ལུགས་སྲོལ་ལྟ་བུ་ཞིག་མཐོང་ནས་དེ་ལྟར་བརྗོད་པར་སྙམ། གང་ལྟར་ང་ཚོས་ངེས་པར་དུ་ཞིབ་འཇུག་བྱ་དགོས་པ་ཞིག་ལ་ཞང་ཞུང་དྲན་པ་ནམ་མཁའི་སྲས་གཡུང་དྲུང་མཐོང་གྲོལ་མཆོག་བོད་གངས་ཅན་ལྗོངས་འདིར་སླར་ཕེབས་ཡོད་མེད་ཀྱི་སྐོར་དེ་ཡིན། གལ་སྲིད་ང་ཚོས་དེའི་སྐོར་ལ་ངེས་ཤེས་རྙེད་པ་ཞིག་བྱུང་བ་ཡིན་ན་གཡུང་དྲུང་མཐོང་གྲོལ་དང་། སློབ་དཔོན་པད་མའི་སྐོར་གྱི་རྩོད་རྙོག་དེ་ཚེགས་མེད་དུ་སེལ་ཐུབ་པ་ཡིན། །
      གཉིས་པ་ལོ་ཆེན་བཻ་རོ་ཙ་ན་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཡི་བླ་མཆོད་དང་། དུས་རབས་བརྒྱད་པའི་ནང་སྐོར་དུ་ཤིན་ཏུ་སྙན་གྲགས་ཆེ་བའི་ལོ་ཙ་བ་ཞིག་ཀྱང་ཡིན། ཁོང་དང་པོར་གཡུང་དྲུང་བོན་སྒོར་ཞུགས་ཏེ་བླ་ཆེན་དྲན་པ་ནམ་མཁའི་མདུན་ནས་བོན་གྱི་རྫོགས་ཆེན་གྱི་ཟབ་གདམས་དུ་མ་ཞུས་ཏེ་ཉམས་སུ་བླངས་པ་དང་། དེ་རྗེས་བན་དེའི་ཆོས་སྒོར་ཞུགས་ནས་སློབ་དཔོན་པད་མའི་རྗེས་སུ་འབྲངས་ཏེ་དམ་པའི་ཆོས་ཉམས་ལེན་གནང་བ་གྲགས། གང་ལྟར་ཁོང་ནི་བོན་ཆོས་རིས་མེད་ཀྱི་སྲོལ་འབྱེད་དང་པོ་དེ་ཆགས་ཡོད། ཁོང་གིས་རྒྱ་གར་བོན་སྐོར་དུ་མ་ཞིག་བོད་སྐད་དུ་བསྒྱུར་བ་དང་། བོད་རྒྱལ་ཁྲི་སྲོང་གིས་བོན་གྱི་བསྟན་པ་བསྣུབས་པའི་དུས་སུ་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་མི་ཉུང་བ་ཞིག་ཟབ་གཏེར་དུ་སྦས་པས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེན་བ་ཡིན་ནོ། །
      དུས་རབས་བརྒྱད་པའི་ནང་སྐོར་དུ་བོན་ལ་གསར་རྙིང་གི་ཐ་སྙད་དེ་ཉིད་མ་གྲུབ་ཀྱང་བོན་བསྟན་ཕྱི་དར་གྱི་སྐབས་སུ་བོན་གསར་མའི་གཏེར་སྟོན་སྤྲུལ་པའི་སྐུ་མཆོག་སངས་རྒྱས་གླིང་པ་དང་། རིག་འཛིན་ཀུན་གྲོལ་གྲགས་པ། མི་ཤིག་གཡུང་དྲུང་རྒྱལ་པོ། གསང་སྔགས་གླིང་པ། བདེ་ཆེན་གླིང་པ། མཁའ་འགྲོ་དབང་གི་སྒྲོན་མ། བྱ་བཏང་ཚེ་དབང་འགྱུར་མེད་སོགས་རིག་འཛིན་མཁའ་འགྲོ་དུ་མས་བོད་ཀྱི་དྲན་པ་ནམ་མཁའ་དང་། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱི་མཛད་འཕྲིན་ལས་བྱུང་བའི་བོན་གསར་མའི་གསུང་རབ་མི་ཉུང་བ་ཞིག་གཏེར་དང་སྙན་རྒྱུད་སོགས་ཅི་རིགས་པར་གཏན་ལ་ཕབ་པས་བོན་གསར་མ་ཞེས་པའི་ཐ་སྙད་དེ་ཉིད་བྱུང་བ་དང་། བླ་མ་དེ་རྣམས་ཀྱི་རྗེས་འཛིན་གྱི་སློབ་མར་མདོ་སྔགས་སེམས་གསུམ་གྱི་དགོངས་རྟོགས་ཟབ་མོ་རྒྱུད་ལ་མངའ་བའི་དམ་པའི་མཆོག་སྤྲུལ་དུ་མ་ཞིག་བྱོན་ནས་སྔར་གྱི་སྲོལ་རྒྱུན་དེ་ཉིད་རྒྱུན་བསྐྱངས་གནང་བས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་། དགོས་སུ་བོན་པོ་གསར་མའི་བསྟན་པ་འདི་ཉིད་ཡངས་པའི་ཞིང་འདིར་དར་ཞིང་རྒྱས་པར་མཛད་པས་བསྟན་དང་འགྲོ་བའི་དོན་ཆེན་བསམ་གྱིས་མི་ཁྱབ་པར་བསྒྲུབས་པའོ། །དེང་སང་ཡང་ཁམས་དང་། ཨ་མདོའི་ཕྱོགས་སུ་བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་བཞུགས་སོ། །
      ཞེས་བོན་པོ་གསར་མའི་བྱུང་ཁུངས་རགས་ཙམ་གླེང་བ་འདི་ནི་བོན་གསར་གྱི་སྐོར་ལ་དོ་སྣང་ཅན་གྱི་ནུབ་ཕྱོགས་པའི་ཞིབ་འཇུག་གྲོགས་པོ་རྣམས་ལ། བླ་ཆེན་དྲན་པ་ནམ་མཁའ་དང་། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བོན་པོ་གསར་མའི་ཚུལ་ཇི་ལྟར་སྲོལ་བཏོད་གནང་བའི་སྐོར་ཤེས་རྟོགས་འབྱུང་བའི་ཆེད་དུ་བྲིས་པ་ཡིན། །

འདི་ན་དམ་པའི་ལེགས་བཤད་མ་ལགས་ཀྱང་། །

ཁོ་བོའི་ལྷག་བསམ་མདངས་ལས་ཕྱུང་བའི་བོན། །
དགེ་ལེགས་ཕན་བདེའི་ལེགས་ཚོགས་གང་མཆིས་པ། །

འགྲོ་བའི་བློ་མུན་སེལ་བའི་རྒྱུར་གྱུར་ཅིག  །

ཅེས་ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པས་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་བྲིས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག