ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> སྟོན་པ་གཤེན་རབ་བོད་ཡུལ་དུ་བྱོན་ཚུལ།
སྟོན་པ་གཤེན་རབ་བོད་ཡུལ་དུ་བྱོན་ཚུལ།
[རྩོམ་གྱི་ཡོང་ཁུངས། ཧི་བོན་ཁྱུང་ཟིན་བྲིས།] [རྩོམ་པ་པོ། ཁྱུང་སྨྱུག་མཛེས།] [ཟླ་ཚེས། 11-10-27] [ཀློག་གྲངས། ]

དེ་ཡང་འོ་ཅག་ལྷ་མིའི་འདྲེན་མཆོག་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་སྙན་སྒྲ་འཛིན་གསོས་སུ་གྱུར་པ་གང་ཉིད། འཁྲུངས་པའི་ཡུལ་ནི་གངས་ཅན་བོད་ཀྱི་བྱང་ནུབ། ལྷོ་འཛམ་བུ་གླིང་གི་བྱང་མཐའ། སྟག་གཟིག་འོལ་མོ་ལུང་རིང་དང་།ཡབ་ནི་ཐོད་དཀར་ཞེས་མིང་ཅན་མང་དུ་ཡོད་པ་ལས་རྒྱལ་བོན་ཐོད་དཀར། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་འདི་ལོ་སྟེ་སྤྱི་ལོ་༢༠༡༡ནས་འདས་ལོ་༡༧༠༢༧སྐབས་སུ་དང་། འདས་པའི་གཤེན་ལོ་༢༠༧སྐབས་སུ་སྐུ་འཁྲུངས། དེ་ཡང་སྟོན་པ་གཤེན་རབ་ཅེས་པ་དང་། ཡབ་ཐོད་དཀར་རྒྱལ་པོ་ཞེས་པ་འགའ་ཞིག་བོད་དང་བོན་གྱི་ཡིག་ཆ་ཁག་ལས་མཐོང་དུ་ཡོད་ཅིང་། དེ་བཞིན་དུ་བདུད་ཁྱབ་པ་ཞེས་པ་ཡང་རེ་འགའ་ཡོད།ད་ལན་འདིར་ཞུ་བ་ནི་ཚེ་ལོ་བརྒྱ་པའི་སྟོན་པ་དང་། ཚེ་དམིགས་འདིའི་སངས་རྒྱས་ཀྱི་བསྟན་པ་གསར་དུ་སྤེལ་མཁན་དེ་ཉིད་ཡིན་ཞིང་། དེ་ཉིད་ཀྱི་འཁྲུངས་ཡུལ་དང་འཁྲུངས་དུས་ལ་མཁས་བླུན་ཕལ་གྱིས་བཞེད་པ་མི་མཐུན་པ་འགའ་ཞིག་ཡོད་ཀྱང་། ཕུགས་གཏུག་ས་མཛད་མདོ་རྒྱས་འབྲིང་སོགས་ཡིན་པས་སོ་སྐྱེའི་བློ་ངོར་ཤོང་མིན་ལ་ནི་གར་འཇོག་སྟེ་མི་འཇོག་ཅིང་། གང་ཉིད་འགྲོ་བའི་ཁམས་འདིར་ཕན་བདེའི་ཆེད་ཁོ་ནར་དགོངས་ཤིང་། དེའི་དོན་དུ་མཛད་པ་རྣམས་པ་བཅུ་གཉིས་ཞེས་རགས་བསྡུས་སུ་འདུག་ལ། དེ་ལས་འདིར་བོད་གངས་ཅན་ལྗོངས་འདིར་བྱོན་པའི་རབས་ཉུང་ངུ་ཞིག་འབྲི་བར་འདོད་དོ། །དེ་ཡང་བོད་མིའི་ཁ་དཔེར། ཁྱབ་པ་བོད་ལ་བཀའ་དྲིན་ཆེ་ཞེས་པ་ལྟར། འདིའང་ཁྱབ་པས་སྟོན་པ་གཤེན་རབ་ལ་ཆོ་འཕྲུལ་སྣ་འགའ་བསྟན་པ་ལས་བྱུང་ཞིང་།
དེ་ཡང་ཁྱབ་པས་མཐོང་སྣང་དུ། འཇིག་རྟེན་གྱི་ཁམས་རྣམས་སུ་ཞི་བདེ་དང་། འཆམས་མཐུན། ཚེ་རིང་ནད་མེད་ཀྱིས་ཁྱབ་པར་གྱུར་ཅིང་། དེ་དག་འགྱུར་བའི་འབྱུང་རྩ་ནི་སྟོན་པ་གཤེན་རབ་ཅེས་པ་དེ་ཉིད་ཀྱིས་ལུགས་སྲོལ་ཞིག་བསྟན་པ་དེས་འགྲོ་བའི་རྒྱུད་དུལ་ཞིང་ལྷོད་པ་དང་། འཐབ་རྩོད་སོགས་ལ་ངང་གིས་མི་དགའ་བར་གྱུར་པ་དེས་བདུད་ཀྱི་སེམས་ཡིད་རབ་ཏུ་འཁྲུགས་ཤིང་། འདི་ལྟར་ན་བདུད་ཀྱི་བྱེད་སྤྱོད་དང་། མངའ་དབང། ལུགས་སྲོལ་སོགས་ཡུད་ཙམ་གྱིས་མེད་དུ་འགྲོ་བའི་ཉན་ཁར་བསམ་ནས། གཤེན་རབ་ཆོམ་ལ་འཕེབ་རྒྱུའི་གྲོས་ངན་བཤམ། ཁྱབ་པའི་ཡབ་རྒྱ་ལག་ཐོད་རྗེའི་བཀའ་མོལ་ལྟར། ཐོག་མར་གཤེན་ལྷ་འོད་དཀར་རུ་སྤྲུལ་ནས། མྱ་ངན་འདའ་བའི་དུས་ལ་བབ་པར་ལུང་བསྟན། གཤེན་རབ་ཀྱིས་ཇི་བཞིན་མཁྱེན་ནའང་།ཞི་བས་འདུལ་ཕྱིར་གཤེན་ལྷར་ད་དུང་འགྲོ་བའི་དོན་མ་རྫོགས་པར་ཞུས་པས་བདུད་ཀྱི་མཚང་ལ་ཕོག་ནས་བྲོས་སོང་།
དེ་ནས་སློབ་དཔོན་འབུམ་འཁྲི་གློག་གི་ལྕེ་ཅན་དུ་སྤྲུལ་ནས་སྔར་ལྟར་སྨྲས་པས་ཀྱང་སྔར་ལྟར་གྱུར་རོ། 'དེ་ནས་བདུད་ཀྱི་ཐབས་ཇུས་གཉིས་ཀར་རྡུག་པས་ཡིད་རབ་སྐྱོ་བའི་ངང་མྱ་ངན་ཁང་པའི་ནང་དུ་སྡུག་གིས་ཉལ།ཡང་བདུད་ཀྱི་ཕས་སེམས་གསོ་བྱས་ཏེ་གཡོ་ཐབས་གཉིས་བསྟན་པས་བདུད་ཁྱབ་པ་ཡང་གཤེན་རབ་བསླུ་རུ་སོང་ངོ་། །དེ་ཡང་ཕ་རུ་སྤྲུལ་ནས་མྱ་ངན་ལས་འདའ་རན་པ་དང་། བདུད་ཀྱི་བསྟན་པ་དར་ནས་ཁྱེད་གསོད་དུ་སྲིད་པ་སོགས་བསྟན། མ་རུ་སྤྲུལ་ནས་གཡུང་དྲུང་གི་བོན་ལ་སྤྱོད་པ་དེ་ཉིད་ལོག་སྤྱོད་ཡིན་པ་སོགས་ཞུས་ཀྱང་མ་བསླུས་པར་སྔར་ལྟར་གྱུར་རོ། །གཤེན་གྱི་གསུང་ལན་ལ་བདུད་ཀྱང་ངོ་ཚ་བར་གྱུར་ཏོ། དུས་དེར་བདུད་ཀྱི་སྤྲུལ་པ་དང་ནུས་མཐུས་འོལ་གླིང་དུ་སྔར་གྱི་ལྷ་གསོལ་གྱི་བྱ་བ་སྲོལ་བཟང་རྣམས་རེ་ཞིག་ཁ་ཡོ་རུ་སོང་། །དེ་ནས་སྔར་ལྟར་ལྷ་གསོལ་གྱི་ལམ་ལུག་སླར་གསོ་བྱུང་བས་བདུད་ཀྱང་ང་རྒྱལ་ཞིང་ཕྲག་དོགས་སྐྱེས་ནས་བོན་དང་གཤེན་ལ་སྨོད་པ་དང་། མྱུར་དུ་དམག་འདྲེན་རྒྱུའི་བཀའ་མོལ་བགྱིས་པས་བདུད་ཁ་ལྟག་པར་རལ་ལོ། །
དེ་ནས་ཡང་བདུད་རྒྱ་ལག་ཐོད་རྗེས་བཀས་བཀོད་སྒྲིག་བྱས་ཏེ་ཚོང་དཔོན་གྱིས་ནོར་དང་། དཔག་དཔོན་གྱིས་དམག་རྩལ་ལས་སོགས་པས་བསླུ་རུ་ཁྱབ་པ་ལ་སློབ་གསོ་བྱས་པའང་སྔར་ལྟར་གྱུར།སྔར་བཞིན་སྐྱོ་སྡུག་གིས་མུན་ཁང་ནང་དུ་ཉལ། སླར་ཡང་བདུད་ཀྱི་ཕས་ཐབས་ཇུས་འཆི་མེད་བྱམས་ལྡན་དུ་སྤྲུལ་ནས་མྱ་ངན་ལས་འདའ་རན་ཞིང་ངའི་བསྟན་པའི་དུས་ལ་བབ་པ་དང་།བུ་རུ་སྤྲུལ་ནས་དགེ་སྡིག་ལས་འབྲས་མེད་ཚུལ། གཤེན་གྱི་གསུང་པ་དོན་དུ་མི་གནས་ཚུལ་དང་། གཞན་རྒྱུ་བོན་དང་མཚུངས་པའི་བོན་འགའ་ཞིག་སྤེལ་ནས་སེམས་ཅན་དུ་མ་ཞིག་ལོག་ལམ་དུ་ཁྲིད། དེ་ནས་བདུད་ཀྱིས་བསམ་པར་སྟོན་པས་མ་ཚོར་བའི་སྐབས་འདིར་སྲོག་ལ་བརྒོལ་ནས་གཤེན་རབ་གསོད་དགོས་སྙམ་ནས་གསེར་གྲི་གཤེན་རབ་ལ་བཙུག་ནས་མ་ཟུག
གཤེན་རབ་ཀྱིས་བྱ་བ་དེ་ཐབས་རྡུག་གི་ལས་སུ་གསུངས་པས་བདུད་ཀྱི་མཚང་ལ་ཕོག་ནས་ཤིའོ། །ཐབས་ཇུས་དེས་ཀྱང་གཤེན་རབ་མ་ཐུལ་བས་བདུད་ཁྱབ་པས་དྲག་པོས་དམག་འདྲེན་དགོས་པར་བཀའ་བསྒོས་ཀྱང་། ཕས་དྲག་པོའི་དམག་གིས་གཤེན་རབ་མི་ཐུབ་པས་ད་དུང་ཞི་བས་ཆོ་འཕྲུལ་གྱིས་བསླུ་ཐབས་ཡོད་ཅེས་ཟེར་ཏེ་སྐྱེ་འགྲོ་སེམས་ཅན་ཁྲམ་ལ་འདེབས་པ་ཞིག་ཏུ་བྱས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་འོལ་མོའི་གླིང་དུ་མི་བདེ་བ་སྣ་ཚོགས་བྱུང་ཡང་།
དེས་ཀྱང་གཤེན་མ་ཐུལ་ཞིང་གཤེན་རབ་ཀྱིས་ལན་ཆག་གླུད་ཀྱི་གཏོར་མ་གཏོང་བས་སྔར་གྱི་མི་བདེ་བ་དེ་རྣམས་ཞི་བར་གྱུར་ཏོ། །དེ་ནས་ཁྱབ་པའི་འདོད་པ་ལྟར་དངོས་སུ་འཐབ་རྩོད་བྱེད་པའི་གཡུལ་བཤམས་ནས་གཤེན་རབ་ལ་དམགས་རྒྱབ་པས་མདའ་ཚོན་གང་གིས་ཀྱང་གཤེན་རབ་ལ་ཉེ་ཡང་མ་ནུས་ཤིང་དེར་མ་ཟད་ཁྱབ་པའི་དམག་དཔུང་དུ་མ་ཞིག་གཤེན་རབ་ཀྱི་མངའ་ཞོག་ཏུ་ཤོར་བས་དམག་ཐེངས་དང་པོ་དེ་དེ་ལྟར་གྱི་ངང་ནས་ཕམ་སོང་། །དེ་དག་ནི་བདུད་ཁྱབ་པའི་ཕས་ཐབས་བཀོད་ཡིན་ནོ།། དེ་ནས་ཁྱབ་པ་སྔར་བཞིན་སྡུག་སྔལ་གྱིས་མུན་ཁང་ནང་དུ་ཉལ་བ་ལ་ཁྱབ་པས་མའི་གཤེན་རབ་འདུལ་བའི་ཐབས་འགའ་ཞིག་སྟོན་པ་ལ་བུ་དང་ཆུང་མ་བུ་མོ་ནོར་སློབ་བུ་ཚུན་ཆད་ལ་ཆོ་འཕྲུལ་གྱིས་བསླུ་དགོས་པའི་བཀའ་མོལ་གནང་།དེ་བཞིན་བྱས་ནས་ཀྱང་བུ་མོ་གཤེན་ཟ་ནེའུ་ཆུང་མ་གཏོགས་གཞན་གང་ཡང་བསླུ་མ་ནུས། གཤེན་ཟ་ནེའུ་ཆུང་བདུད་དང་གཉེན་སྲིད་བྱས་པ་ལས་བུ་ཚ་གཉིས་བྱུང་དེ་དག་རིམ་གྱིས་གཤེན་རབ་ཀྱིས་དབང་དུ་བསྡུས་ནས། སླར་ཡང་བདུད་ཀྱིས་མྱ་ངན་གྱི་ངང་ནས་གྲོས་ཐག་བཅད་པ་ལ། གཅིག་སྟོན་པ་གཤེན་རབ་མིའི་རིགས་ཡིན་ཞིང་། མི་མིས་འདུལ་ན་ཐུལ་བ་དང་།གཉིས་ད་ལྟ་འོ་ཅག་གིས་འགྲན་རྩོད་བྱ་བའི་ཡུལ་གཤེན་ཡུལ་ཡིན་ལ་དེ་ལས་བརྒལ་ཏེ་ཕྲོམ་གྱི་མཐའ་རས་བོད་ཡུལ་སོགས་སུ་གཤེན་རབ་ཁྲིད་དེ་དག་གི་མི་དང་སྡོང་ནས་འདུལ་བར་ཆད་བོར། བདུད་རྗེ་ཁྱབ་པས་རང་གི་ཕ་དམག་དཔོན་དུ་བསྐོས་ནས་ཕྱི་རོལ་གྱི་རྒྱལ་ཁབ་ཏུ་དམག་གཡར་བྱེད་དུ་གཏོང་བ་དང་། བདུད་ཕྲུག་ཤོར་བ་སྐྱ་བདུན་གྱིས་རྟ་རྐུས་ནས་བོད་ཡུལ་དུ་འདེད་རྒྱུ། དེའི་རྗེས་སུ་སུ་དང་གང་བྱུང་དང་གང་སྨྲས་སོགས་ལྟ་བ་མིག་བརྣོ་དང་ཉན་པ་རྣ་གསང་གཉིས་ཀྱིས་བྱ་ར་བྱེད་རྒྱུ།གལ་ཏེ་གཤེན་རབ་བྱུང་བ་ན་དབལ་སོ་གངས་རིའི་ཕྱི་རོལ་ན་བདུད་ཅི་སྨྲོས་མིས་ཀྱང་གཤེན་རབ་འདུལ་ཐུབ་པ་སོགས་ཀྱིས་བཀས་བཅད་པ་དེ་བཞིན་བྱས་པ་ལས།བདུད་ཀྱི་ཕས་བོད་སོགས་ཕྱི་རོལ་གྱི་དམག་འབུམ་ཕྲག་དུ་མ་ཆུ་བོ་བཞི་འདུས་ཀྱི་མགོ་སྟེ་ད་ཆའི་མངའ་རིས་སྐོར་གསུམ་སོགས་སུ་དམག་གིས་གང་བར་བྱས།བདུད་ཀྱི་རྐུ་པོས་གཤེན་གྱི་རྟ་བདུན་སུས་ཀྱང་མ་ཚོར་བར་བྱས་ནས་རྐུས་ཏེ་བོད་ཡུལ་དུ་འགྲོ་བའི་ལམ་སོགས་རྒྱུད་ནས་ཀོང་པའི་ཡུལ་དུ་དེད་དོ། །བདུད་ཁྱབ་པ་དགའ་ཚོར་ཆེན་པོས་བདུད་ཕྲུག་ཤོར་བ་སྐྱ་བདུན་ལ་གཟེངས་བསྟོད་བྱས་ཤིང་འོལ་མོ་ལུང་རིང་ནས་ད་ཤ་དུང་གི་སྒོ་མོ་ཞེས་བོད་ཡུལ་དུ་རྒྱུད་སའི་ས་ཚིགས་བར་དུ་ཁ་བ་ཆེན་པོས་རྟའི་རྗེས་གཅད་དོ།།དེ་ནས་ཕྱི་ཉིན་འོལ་གླིང་གི་མི་རྣམས་ཀྱིས་རྟ་བདུན་བོར་སྟོར་བྱུང་ཚུལ་གཤེན་རབ་ལ་ཞུས་པས་ན། གཤེན་རབ་ཀྱིས་བདུད་ཀྱི་ཆོ་འཕྲུལ་ཡིན་པ་དངོས་སུ་མཁྱེན་ཞིང་། བོད་ཡུལ་དབང་དུ་བསྡུས་པ་དང་། ཆབ་སྲིད་འཛིན་པའི་སྐུ་སྲས་འཁྲུངས་བ། བདུད་ཚར་གཅོད་པ་སོགས་སྒོ་དུ་མར་དགོངས་ནས་གཤེན་རབ་གཙོ་འཁོར་ལྔ་བཅས་རྟའི་རྗེས་སུ་ར་མདར་འོང་ངོ་། །སྐབས་དེར་འཁོར་རྣམས་ཀྱིས་བདུད་གཡོ་རྒྱུར་བྱང་ཆུབ་པས་གཤེན་རབ་མ་བྱོན་ན་ལེགས་ཤིང་། སྟག་གཟིག་འོལ་མོའི་གླིང་འདིར་རྟ་བདུན་གྱིས་འཕོངས་སེམས་ཅི་ཡང་མེད་པར་ཞུས་པས་ལན་དུ་གཤེན་གྱིས།འདུས་པའི་འཁོར་རྣམས་སེམས་ཆུང་མི་འཚལ་དང་།བདུད་ཀྱིས་ང་ཡི་བ་སྤུ་རྐྱ་གཅིག་མི་གཅོད་ཀྱིས། ཞེས་སོགས་གསུངས་ནས་བྱོན་ནོ།།བདུད་ཀྱི་ཁ་བ་རྣམས་ཐུགས་རྗེ་ཉི་མ་དགུ་ཕྲུགས་ཀྱི་སྙིང་པོ་གསུངས་ནས་བཞུས།དེ་ནས་ཤར་ལྷོ་རྒྱ་མོ་མོ་ཁྲོམ་གྱི་ཡུལ་དང་། དེ་ནས་ད་ཤ་དུང་གི་སྒོ་མོ་ལ་གཤེགས།དེ་ནས་བདུད་ཀྱི་སོ་ཕ་རྣམས་ཀྱིས་མཐོང་པས་གཤེན་རབ་གཙོ་འཁོར་ལྔ་གཅིག་པུར་འོང་བར་མཐོང་བས་ཀུན་ཀྱང་ཧ་ལས་ཏེ།ཁྱབ་པ་ན་རེ། གཤེན་རབ་མི་བོ་བྱ་བ་དེ། གཤེན་གྱི་དམག་ཚོགས་མ་བསྡུས་པར།དཔུང་ཆུང་ནོར་ཕྱིར་འོང་བ་དེ། གླེན་པ་རང་སྲོག་སྐྱེལ་བ་ཡིན། ཞེས་སོགས་ཟེར་ཞིང་ཁྱབ་པས་དམག་གི་བཀོད་སྒྲིག་བྱས།དེ་ཡང་དངོས་སུ་དམག་གིས་ཐུབ་དཀའ་བས་འབྱུང་བའི་ཆོ་འཕྲུལ་གྱིས་འདུལ་བར་གཅད།སྟོན་པ་ད་ཤ་དུང་གི་སྒོ་མོར་བྱོན་པ་དང་བདུད་ཀྱིས་ཆུ་བོའི་བསྐལ་བ་ཕབས།སྟོན་པ་གཙོ་འཁོར་ལྔ་ལའང་ཅི་ཡང་མ་གནོད་པར་ཆུའི་དཀྱིལ་དུ་སྟོན་པའི་ཐུགས་རྗེས་པད་མའི་སྡོང་པོ་འཁྲུངས་ཤིང་དེའི་སྟེང་དུ་སྟོན་པ་གཙོ་འཁོར་ལྔ་གཟི་མདངས་མ་ཉམས་ཤིང་།ཟིལ་པ་ཁྲིམ་མེར་བཞུགས་པ་ལ་བདུད་འཁོར་ཆ་གཅིག་སྟོན་པར་དད་ནས་འཁོར་དུ་འདུས་སོ།།བོད་དང་སྟག་གཟིག་གི་ས་མཚམས་ཀྱང་གནས་དེ་ཉིད་དུ་བཤད། གནས་དེར་ཟ་ཧོར་དང་ཡུ་གུར་དང་ཁ་ཆེ། བྲུ་ཤའི་བོན་པོ་རྣམས་ལ་གསང་བ་སྔགས་ཀྱི་ལུང་བསྟན། དེ་ནས་ཡང་བྱོན་པ་ལས།བདུད་ཀྱིས་མེས་བསྐལ་བ་བསྐྱིལ། མེའི་ནང་དུ་སྔར་བཞིན་སྟོན་པ་གཙོ་འཁོར་བཅས་བཞུགས། བདུད་འཁོར་ཆ་གཅིག་དད་པ་སྐྱེས། གནས་དེར་བྲག་གི་སྟེང་དུ་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་ཡོད་ཅིང་དེ་ཉིད་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་ཡིན།ཞང་ཞུང་གི་བོན་པོ་ལ་ཛྭ་དང་། སྔགས་ཀྱི་ལུང་ཕོག དེ་ནས་ཡང་བྱོན་པ་ལས་རླུང་གི་བསྐལ་བ་བསྐྱིལ།སྟོན་པ་འཁོར་བཅས་སྔར་བཞིན་དུ་བཞུགས། བདུད་འཁོར་ཆ་གཅིག་འཁོར་དུ་འདུས།ད་ལྟ་མྱ་ངན་གྱི་བྱེ་གསེབ་ཏུ་བྲག་ལ་ཞབས་རྗེས་གསལ་བ་དེ་ཉིད་བོད་དང་ཞང་ཞུང་གི་ས་མཚམས་སུ་གསུངས།དེ་ནས་བོད་ཀྱི་ཆུ་བཞིའི་མགོར་བྱོན། དེ་ལ་གངས་དཀར་ཏི་སེར་ཞབས་ཀྱིས་བཅགས།མ་ཕམ་མཚོ་ལ་སྐུ་འཁྲུས་གསོལ་བྱ་བ་ཡང་དེ་ནས་བྱུང་།བོད་ཀྱི་ལྷ་འདྲེ་རྣམས་དམ་ལ་བཏགས།བོད་ཀྱི་བོན་པོ་རྣམས་ལ་བོན་དུ་ལྷ་གསོལ་འདྲེ་བཀར་ཡུག་ཕུད་པའི་བོན་ལུང་བསྟན།དེ་ནས་སྟོན་པ་གཙོ་འཁོར་ལྔ་གཙང་པོ་ལུ་མའི་རྒྱུད་ལ་རྗེས་སུ་གཙང་པོར་གཡུང་དྲུང་གི་གདན་བཏིང་ནས་གཤེགས་པས་དྭགས་པོ་ཉང་རོང་དུ་སླེབ།གནས་དེར་རི་ནག་པོ་ཆེན་པོ་ཞིག་ལ་མི་ནག་པོ་ཆེན་པོ་ཞིག་འདུག་པ་དེ་ན་རེ།ལམ་ནོར་མགྲོན་པོ་ཁྱོད། གར་ཡོང་སུ་ལ་དོན། མི་ལ་ཕྱག་འཚོལ་ལ།རི་ལ་སྐྱབས་སུ་གསོལ་ཞེས་ཟེར། དེ་ལ་སྟོན་པས་བཀའ་བསྩལ་པ།ང་གཤེན་ལ་འགྲན་ཚོལ་བས་མི་ནག་རེ་ཆུང་ལ།བོན་ལ་དོས་འཛུགས་པས་མི་ནག་རེ་ཐུང་ཨང་གསུང་ནས།རི་ནག་དེ་ཕྱག་གི་མཐེབ་ཆུང་གཡོན་པས་བླངས་ནས་ཀོང་ཀ་སུམ་མདོར་བཞག ཐུགས་ལས་མདུང་རྩེ་འདྲ་བའི་རི་དཔག་བསམ་ལོ་རྒྱས་ཀྱིས་བརྒྱན་པ་ཞིག་སྤྲུལ་ནས་ལྷ་རི་གྱང་ཏོའི་ཟུར་ལ་བཞག དེ་ནས་བདུད་རི་གཤེན་རི་ཚད་སྙམ་ནས། བདུད་རིས་གཤེན་རིའི་རྨིང་མ་སླེབ།མི་ནག་དེས་གཤེན་རབ་དང་བང་ཚད་རིང་ཐུང་ཚད་པས་ཀྱང་གཤེན་གྱི་ལོང་ལྐོག་ལ་སླེབ་ལས་མ་དོ། བདུད་ཀྱང་ངོ་ཚ་ནས་བྲོས་སོ། །དེ་ནས་ཡང་མར་བྱོན་པ་ལས། ལུང་གསུམ་མདོ་དྲང་དུ།གསེར་གཡུའི་ཁང་པའི་ནང་དུ་གསེར་ཕོར་གཡུ་ཕོར་བདའ་དགུའི་ཟས་ཀྱིས་བཀང་སྟེ།སྟོན་པ་སྤྱན་དྲངས་ནས། གསོལ་ཟས་དེ་དག་ཕུལ་བ་ན། སྟོན་པས་བཀའ་སྩལ་པ།བདག་སྟོན་པ་རྣམ་པར་མཁྱེན་པ་ཡི། བདུད་དང་སྲིན་གྱིས་བསླུ་བ་པོ།གང་དག་ཡིད་ལ་དེ་བཞིན་ཤེས། གྲངས་མེད་གསུམ་ལ་ཚོགས་བསག་ནས།གྲངས་མེད་གསུམ་ལ་སྒྲིབ་སྦྱོང་པས། ཞེས་སོགས་ནས། རྩི་དང་དུག་གི་དབྱེ་བ་མེད།སེམས་ཅན་འདོད་པ་བསྐང་བའི་ཕྱིར། ཞལ་ཟས་བཅུད་དུ་བསྟིམ་པར་བྱ།འཁོར་རྣམས་ཀུན་གྱིས་མ་འབགས་ཤིག ཅེས་གསུངས་ཏེ་དུག་ཇོམས་ཀྱི་སྙིང་པོ་གསུངས་ཤིང་ཞལ་དུ་གསོལ་བས་སྐུ་ལ་མེ་ཏོག་ཁྲ་ལམ་ལམ་དུ་སྐྱེས།ཕྱག་གིས་ཐལ་མོ་གདབ་པས་བདུད་ཀྱི་བསླུ་མཁན་རྣམས་མི་སྡུག་པའི་རྒན་མོ་རེར་གྱུར།དེ་ནས་བདུད་ཀྱི་བསླུ་བ་པོ་རྣམས་འགྱོད་པ་སྐྱེས་ཏེ་བཤགས་པ་བྱས་ནས་དགེ་ལ་དད།ས་གནས་དེར་སེ་མོ་བོན་ཐང་དུ་བཏགས་སོ། །ད་ཆ་མཁར་སེར་མོ་ཟེར་བའང་ཡོད།དེ་ནས་རྟའི་རྗེས་སུ་བྱོན་པ་ན། བདུད་ཁྱབ་པས་འཁོར་རྣམས་ལ་འདི་སྐད་དུ་སྨྲས།གསོན་དང་ནག་པོ་བདུད་ཀྱི་དམག ཀོང་སྲིན་གདུག་པའི་མི་རྣམས་དང་།གེ་སར་དམག་གི་རྒྱལ་པོ་ཉོན། སྤྱིར་ན་འཇིག་རྟེན་ཁམས་འདི་ན།ནག་པོ་བདུད་ལས་དབང་ཆེན་མེད། ཅེས་སོགས་ནས་དང་པོ་བསླུ་བའི་བྲིད་ཐབས་བཤམས།མེ་ཆུ་རླུང་དང་རི་བྲག་བཅས། བདུད་ཀྱི་བུ་མོས་བསླུ་བ་བྱས།དེ་རྣམས་ཅིས་ཀྱང་མ་ཚུགས་ནས། ད་ལྟ་ཀོང་ཡུལ་རོང་དུ་ཕྱིན།ད་ནི་དུས་ཀྱིས་ལ་ཡོག་ཡིན།ཞེས་སོགས་ནས་དམག་བཀོད་བྱས་ཤིང་སྟོན་པའི་སྟེང་དུ་དམག་དངོས་སུ་དྲོངས།མདའ་ཚོན་གྱིས་ཆར་པ་ཕེབས་ཀྱང་སྟོན་པའི་བར་སྤུ་རྐྱ་གཅིག་གཅོད་པ་ཅི་དྲུང་དུ་ཡང་ཉེ་མ་ནུས།དེ་ལ་སྟོན་པས་བཀའ་སྩལ་པ། ང་ནི་གཉིས་མེད་མཉམ་པའི་སེམས་ཡོད་པས།བདུད་ཀྱི་དམག་ཚོགས་འཐབ་ཟླ་ག་ལ་བྱེད།ང་ཡིས་འཐབ་ཟླ་བྱས་ན་ཁྱེད་རྣམས་ཡུད་ལ་གསོད།དེ་ལྟར་ངེས་སམ་མ་ངེས་ངེད་ལ་འབེན་ཞིག་ཚུགས། འབེན་ཡང་འོས་པས་མི་ཆོག་ལྕགས་ཕུབ་དགུ་རྩིགས་ཤིག གསུངས་པས་བདུད་ཀྱིས་དེ་ལྟར་བྱས་ནས། སྟོན་པས་སྐུ་ལ་གསེར་ཁྲབ་ནི་གསོལ།ལྕགས་མདའ་ལྕགས་གཞུ་ཕྱག་ཏུ་བཞེས། ཞབས་གཡས་པ་གྱད་ཀྱི་ཕ་བོང་ལ་གཏད།ཕྱག་གཡས་པས་མདའ་མོ་འཐེན་གཡོན་པས་གཞུ་མོ་བསྐང་ནས་བདུད་ཀྱི་འབེན་ལ་ཕོངས་པས་ལྕགས་ཕུབ་གཏོར་ནས་ཕར་ཀིའི་རི་ལ་ཟུག མདའ་དར་ཀྱིས་ལྕིབས་ནས་སྟོན་པའི་ཕྱག་ཏུ་རྐོང་བཟའ་ཁྲི་ལྕམ་གྱིས་ཕུལ།མདའ་ཤུལ་ནས་ཆུ་མིག་བརྡོལ་བ་ལ་ཆུ་མིག་མདའ་དྲོང་དུ་གྲགས།ལྷར་ཡང་བདུད་དམག་རྣམས་ང་རྒྱལ་གྱིས་གཤེན་རབ་ལ་སྒྱོགས་རྡོ་དང་མཚོན་ཆ་རབ་ཏུ་འཕོངས་ནས་བྱུང་བ་ལ།གཤེན་རབ་ཀྱིས་ཀྭ་ཡེ་ནམ་མཁའི་དབྱིངས་རུམ་གྱི་ཞེས་སོགས་སྒྲ་བླའི་དམག་བསྐུལ་མཛད་པས།སྒྲ་བླ་ཝེར་མའི་དམག་རྣམས་ནམ་མཁའ་བར་སྣང་གང་བ་ཙམ་ཞིག་གིས་བདུད་ལ་གཡུལ་སྤྲད།མོན་འཇང་གེ་སར་གྱི་དམག་སོགས་རང་རང་སར་བྲོས།བདུད་ཀྱི་ཕ་ལྷ་དམག་གིས་བཟུང་ངོ་། །བདུད་ཀྱི་དམག་རྣམས་ངུ་སྒྲས་གནམ་ས་གང་།དེར་གཤེན་གྱི་མཆེ་བ་གཡས་གཡོན་འཕར་ཆེན་དུང་དུ་སྤྲུལ་ནས་ཞལ་གྱིས་བུད།དེས་ཀྱང་བདུད་ཀྱི་ངུ་སྒྲ་ཆད་དོ། །གསུང་དབྱངས་འཕར་ཆེན་རང་གྲག་བྱ་བ་དེ་ནས་བྱུང་།བདུད་དམག་ལྷས་ཟིན་པ་རྣམས་དཀྲོལ་ཞིང་།གཤེན་རབ་ཀྱིས་ཕན་སེམས་ཞི་བའི་བསླབ་བྱ་གསུངས་པ་ལ། བདུད་ཀྱིས་ལན་སྨྲས་པ།གསོན་དང་འཇིག་རྟེན་ལྷ་མི་རྣམས། གཤེན་རབ་ནམ་མཁའི་ལྷ་ཡིན་ན།འཁོར་བའི་ས་ལ་ཅི་ལ་འོང་། མི་འབྱེད་མཉམ་པའི་སེམས་ཡོད་ན།བདུད་དང་འཐབ་ཟླ་ཅི་ལ་བྱེད། སྙིང་རྗེ་བྱམས་པའི་གཞི་ལྡན་ན། ཚ་བོ་ཚ་མོ་ཅི་ལ་གསོད།མ་བྱིན་མི་ལེན་སྡོམ་ལྡན་ན། བུ་སྲིང་འབྲེལ་བ་ཅི་ལ་རྐུ། མི་ཚངས་མི་སྤྱོད་ཁྲིམས་ལྡན་ན། སུམ་བརྒྱ་དྲུག་ཅུ་ཅི་ལ་རོལ། འཇིག་རྟེན་མི་རྟག་སྒྱུ་མ་ན། རྒྱལ་འཁོར་ལོངས་སྤྱོད་ཅི་ལ་བླངས། ང་རྒྱལ་དྲེགས་པས་རང་ཕུང་ན། བདུད་དང་རྣོ་ངར་ཅི་ལ་ཚད། ཞེས་སོགས་བཤད། བདུད་ལ་ཡང་གཤེན་རབ་ཀྱིས་གོང་དེའི་ལན་རྣམས་དང་། བདུད་འཁོར་རྣམས་འོལ་གླིང་དུ་འགྲོ་བ་དང་། ཁྱབ་པ་ཡང་བུ་དང་ནེ་ཆུང་ཐུག་ཏུ་འགྲོ་བར་གྲོས་མོལ་གསུངས། དེ་ལ་བདུད་ཀྱི་འཁོར་དུ་མ་དད་པ་སྐྱེས་ནས་གཤེན་རབ་ཀྱི་ཞབས་སུ་འདུད། དེ་ནས་ཁྱབ་པས་ཀྱང་འཐབ་པས་ནི་མུ་ཐུལ། ལན་གཅིག་ནེའུ་ཆུང་མ་སྨད་གསུམ་དང་འཕྲད་ཆེད་དུ་གཤེན་རབ་ཞབས་སུ་འདུད་པར་ཁས་བླང་། རྟ་བདུན་ཆལ་དང་བཅས་ནས་རྐོང་ཡུལ་བྲེ་སྣར་ཕུལ། དེ་ཡང་གསེར་གཡུ་བྲེ་ལ་འཇལ་ཏེ་ཆལ་ཕུལ་བ་ལས། ཆལ་གྱི་དང་པོ་རྐོང་ཟ་ཁྲི་ལྕམ། ཆལ་གྱི་འབྲིང་པོ་གསེར་གཡུ་སོགས། ཆལ་གྱི་ཐ་མར་ཀུན་ཀ་འབངས་སུ་ཕུལ་ལོ། འཇལ་བྱེད་བྲེ་ཞེས་པ་འདི་ཡང་སྔ་ནས་བོད་ཀྱི་ཀོང་པོའི་སར་ཡོད་འདུག་པས་མཛངས་བློན་ག་གེ་མོས་གསར་གཏོད་བྱས་པ་ཟེར་བའང་བདེན་པར་མི་སྣང་སྙམ། དུང་འཕར་ཆེན་དང་གོ་ཁྲབ་རྣམས་ཀུན་བཟང་ཐུགས་ཀ་ཞེས་པའི་སར་སྦས། རྒྱལ་པོས་གཤེན་རབ་རྒྱལ་ས་རྩེ་བླ་ཡང་ཐོག་ཏུ་སྤྱན་དྲངས་ནས་ལས་འབྲས་ཀྱི་ཚུལ་རྣམས་ཞུས། མཐར་ཞལ་ནས་སྨོན་ལམ་གསུངས་པ། རྒྱུ་འབྲས་བདེན་པའི་བོན་རྣམས་ནི། ད་ལྟ་དུས་ཀྱི་གནས་སྐབས་འདིར། བསྟན་པ་བཞག་པའི་གནས་མེད་པས། མཐའ་འཁོབ་མི་ཡི་མི་གོ་བས། མི་ཤེས་ཕྱིར་ན་མ་བསྟན་ནོ། །ཐུགས་སྤྲུལ་བོན་རི་ཆེན་པོ་འདི། བཀྲ་ཤིས་ས་གནས་བྱིན་ཆེན་འདིར། ནམ་ཞིག་ཁ་བ་ཅན་ལྗོངས་སུ། ཐེག་པ་རིམ་དགའི་བོན་དར་ནས། གཡུང་དྲུང་བོན་ལ་སྤྱོད་པར་ཤོག ཅེས་སོགས་གསུངས། རྐོང་བཙུན་ལྷ་མོ་དམ་ལ་བཏགས་ནས་བསྟན་པའི་སྲུང་མར་བཞག་གོ །དེ་ནས་གཤེན་རབ་མི་བོ་དང་། མཚན་ལྡན་ཁྱེའུ་ཆུང་བཞི་དང་། རྒྱལ་པོ་ཀོང་རྗེ་དཀར་པོ་དང་། བདུད་ཁྱབ་པ་ཡབ་སྲས་འཁོར་དང་བཅས་པ་སྐད་ཅིག་མ་བདུན་གྱི་ཡུད་ལ་གཤེགས་སོ།།དེ་ནས་འོལ་མོ་ལུང་རིང་དུ་བྱོན་ནས་ཀོང་ཟ་ཁྲི་ལྕམ་གྱི་གཉེན་སྟོན་མཛད་སྒོ་གཟབ་རྒྱས་ངང་འཚོགས་སོ།།ཁ་གཅིག་གིས་ཁྱུང་ལུང་དུ་གཉེན་སྟོན་མཛད་པར་ཡང་གསུངས། དེ་ལྟར་བཤད་པ་འདིས་བོད་ཀྱི་ས་དང་ཞང་ཞུང་སྟག་གཟིག་འོལ་གླིང་གི་ས་གནས་རྣམས་བསྟན་པས། སྟོན་པ་གཤེན་རབ་འཁྲུངས་ཡུལ་གང་ནས་ཡིན་པ་ཡང་རག་ཙམ་རྟོགས་ཐུབ་པར་འདུག་སྙམ་ནས་སོ།།

2011 *8 *23 ཉིན་ཀོ་རྒྱལ་བཤད་གྲྭར་བྲིས་སོ།། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག