ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> ཞང་ཞུང་གི་རྒྱལ་རབས་ལོ་རྒྱུས་སྐོར།
ཞང་ཞུང་གི་རྒྱལ་རབས་ལོ་རྒྱུས་སྐོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཡོངས་འཛིན་བསྟན་འཛིན་རྣམ་དག།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

       རྟག་གཟིགས་ཞང་ཞུང་བོད་བཅས་ཀྱི། །མི་རིགས་ས་ཡུལ་ལས་སོགས་ཞིབ་བཤད་ན། །རྟག་གཟིགས་ཕུགས་པ་དག་ཞིང་འོལ་མོ་གླིང་། །མུ་ཁྱུད་བདལ་མཚོ་སོ་གངས་རིས་བསྐོར། །གཡུང་དྲུང་དགུ་བརྩེགས་ཕོ་བྲང་གླིང་བརྒྱད་དང་། ཕྱི་ནང་བར་གྱི་གླིང་དང་མཐའ་གླིང་ལ། ནང་བཅུད་དམུ་གཤེན་ཧོས་ཤག་དཔོ་རྒྱ་གཏོ་དཔྱད་གཉན། ། རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེ་བཅས། ། རྒྱལ་བློན་འབངས་བཅས་བསམ་མཐའ་ཡས་པས་ཁེངས། ། སྐད་ནི་ནང་གླིང་གཡུང་དྲུང་ལྷ་ཡི་སྐད། བར་གླིང་བཅུ་གཉིས་དེ་ལས་བསྒྱུར་བའི་སྐད། ། འབབ་ཆུ་བརྒྱད་བརྒྱུད་བསྒྱུར་བའི་སྐད་བརྒྱད་ནི། །གཙང་མ་ལྷ་སྐད་ན་ར་ཛ་རའི་རྒྱུད། །དད་པ་ལྷ་སྐད་ལ་པཀྵུ་བྱང་གི་རྒྱུད། །སཾསྐྲིཏ་ལྷ་སྐད་གྱིམ་ཤང་ནུབ་ཀྱི་རྒྱུད། །ཁྲི་ཝེར་ལྷ་སྐད་སིན་ངྷུ་ལྷོ་རྒྱུད་བསྒྱུར། །ཧོ་ཅི་འཕྲུལ་སྐད་ལྷོ་ཤར་གངྒྰའི་རྒྱུད། །སྤོས་ཅི་འཕྲུལ་སྐད་ལྷོ་ནུབ་སི་ཏའི་རྒྱུད། །ཅི་གུང་འཕྲུལ་སྐད་སེང་ག་བྱང་ནུབ་རྒྱུད། །ཅུང་ཙེ་འཕྲུལ་སྐད་བྱང་ཤར་གསེར་ལྡན་རྒྱུད། །བཅུས་གཙོས་སྐད་རིགས་བརྒྱ་དང་དྲུག་ཅུ་བཞི། །ཡི་གེའི་གཟུགས་ནི་སྤུངས་སོ་ཆེ་ཆུང་སོགས། །གཟུགས་དབྱིབས་བཀོད་པ་མི་འདྲ་དུ་མར་གསུངས། །འདི་ཉིད་དག་ཞིང་མོས་པའི་ཡིད་ཡུལ་ལས། །ས་སྟེང་འདི་ན་བརྟག་སྟེ་བཙལ་བ་བླུན། །གལ་ཏེ་ཏི་སེའི་སྐོར་དང་པར་ཤ་སོགས། །ཡིན་པར་འདོད་པ་ངེས་ན་དེར་སྐྱེ་བའི། ། སྨོན་ལམ་འདེབས་ཡུལ་ཁོ་ན་བྱེད་དགོས་པ་ཅིའི་ཕྱིར་ཡོད།
      དེ་ཡང་བདག་ཅག་གི་སྟོན་པས། སྐྱེ་སྒོ་གཅོད་པའི་མདོ་ལས། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག །ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་། །ཞེས་གསུངས་པས། ཞིང་འདི་ཉིད་འཁོར་ཞིང་ཐུན་མོང་པ་ལ་ངེས་པར་ཁྱད་པར་འཕགས་པ་ཞིག་ཡིན་དགོས་པས་སོ། །རང་ཅག་འགྲོ་བ་ཕལ་པའི་དབང་པོའི་ཡུལ་དུ་མ་གྱུར་ན་མེད་པར་འདོད་པ་དང་། འཛམ་གླིང་གི་ས་དང་འབྲེལ་ཏེ་ཡོན་ན་རང་རེས་མཐོང་དགོས་པ་སོགས་ནི་ཧ་ཅང་གི་བློ་སྒོ་དོགས་པས། །དེ་ལྟར་ན་སྲིད་པའི་ཡུལ་ས་གཡེན་སྡེ་དང་། ལྷ་རིགས་གཉན་སྡེ་ཀླུ་རིགས་སོགས་མི་དང་རང་བཞིན་གྱིས་བསྐལ་དོན་ཅན་རྣམས་མེད་པར་འདོད་དགོས་ལ། དེ་ལྟར་ན་གཞུང་རྣམས་ལས་རྒྱང་འཕན་ལ་དགག་པ་བྱས་པའི་རིགས་པ་རྣམས་འདིར་དྲན་ཆོག་པ་འདྲ་སྙམ།
      ལན་ཅིག་འོལ་གླིང་གི་དཔྱད་པ་བཞག་ནས་སྐབས་ཀྱི་བརྗོད་བྱ་རྒྱལ་རབས་ལ་འཇུག་པ་ཡིན་པས། དེ་ལ་རྟག་གཟིགས་ཀྱི་ཡུལ་ལམ་ཞང་ཞུང་སྒོ་བར་མའི་ཡུལ་ཡང་འབོད་པའི་གནས་སུ་འཁོད་པའི་མི་རིགས་ནི་འགའ་ཞིག་རྟག་གཟིགས་ཧོས་རིགས་ལས་གྲོལ་ཞིང་། ཕལ་ཆེར་གྱི་མི་ཡི་རིགས་ནི་སྔོན་བཤད་པ་ལྟར། རྒྱལ་བུ་འཐིང་གེའི་རྒྱུད་ལས་བྱུང་ཚུལ་བཤད་པ་ལྟར་ལ། འདི་ལ་སྒོ་བར་མ་འབོད་ན་ཕུགས་པ་གང་ཞེ་ན། རྟག་གཟིགས་འོལ་མོའི་གླིང་སྒོ་ཕུགས་དང་། རྟག་གཟིགས་ཡུལ་ལ་བར་མ་དང་། ཕྱི་མ་ཞང་ཞུང་ཞེས་པའི་སྒྲ་གཉིས་ལ། འདྲ་མཐུན་མང་བས་འཁྲུལ་གཞི་ཆེ་བ་ཡིན་འདུག་ཀྱང་། ཁུངས་ལྡན་གྱི་གཞུང་ལས་བྱུང་ཚུལ་ལ་ཞིབ་ཏུ་འདྲིས་པའི་ངལ་བ་བྱེད་མཁན་ཡོད་ན་ངེས་པར་གསལ་བར་རྟོགས་ནུས་སོ། ། དེ་ལྟར་ཞིབ་ཏུ་བརྟག་ལོང་མེད་པར་ཚིག་སྤྱི་ཙམ་ཞིག་གོ་བས་དྲངས་ཏེ་བསྟོད་སྨད་བྱེད་པ་ལ་རིངས་ན་དཔྱད་པའི་ཕུགས་ཐག་ཐུང་བས་གནད་དོན་དཔྱིས་ཕྱིན་པར་དཀའོ། །
      རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མ་རྒྱུད་སངས་རྒྱས་གསུམ་གྱི་འགྲེལ་བའི་དབུ་འཆད་ལས། ཞང་ཞུང་བར་པའི་ཡུལ་སྲིད་པའི་ཁམས་རྣམ་པར་དག་པ་འཛམ་གླིང་ས་ཡི་སྙིང་བོ་ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། ཡབ་གཡུང་དྲུང་བོན་གྱི་རྒྱལ་པོ་གྱེར་ཝེར་ཐ་ཚན་ཧི་པང་རྐྱ་ཞེས་བྱ་བ། འཛམ་བུ་གླིང་གི་རྒྱལ་ཁམས་ལ་དབང་བསྒྱུར་བ་ཞིག་ཡོད་པ་ལ། ཡང་སྐུ་བགྲེས་ནས་དགུང་དུ་གཤེགས་པའི་དུས་ལ་ཐུག་པ་ལ་སྲས་མེད་ནས། མཐའ་གམ་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་རྒྱལ་པོ་དགུང་དུ་གཤེགས་ན་འབངས་ཀྱིས་རྒྱལ་ས་མི་ཟིན་པས། རང་ཅག་རྣམས་ཀྱིས་དབུས་གྱུར་རྒྱལ་ཁམས་དམག་གིས་བཅོས་ལ་ལོངས་སྤྱོད་བླངས་ཞེས་བགྲོས་པས། དབུས་ཀྱི་རྒྱལ་འབངས་ཀུན་ཏུ་སྡུག་ཅིང་བྲེད་ནས་གཤེན་རབས་ཐམས་ཅད་ཀྱིས་ལྷ་རྣམས་ལ་གསོལ་བ་བཏབ་པས། ཡུམ་སྲིད་པའི་ལྷ་མོ་འཁོར་དང་བཅས་པ་ནམ་མཁའ་ལ་བྱོན་ནས་ལུང་བསྟན་ཏེ། ལོ་གཅིག་ནས་རྒྱལ་བུ་འབྱོན་ཏེ་ཐོས་པ་རྒྱ་མཚོས་བོན་གྱི་བསྟན་པ་བསྐྱང་བར་ལུང་བསྟན་པས། བཙུན་མོ་ལྷ་ཟ་གཡུང་དྲུང་རྒྱན་ཞེས་བྱ་བ་ལས་མེ་ཏོག་ཨུད་དུ་འབར་བ་ཁ་ཟུམ་པ་ཞིག་བཙས་པར་གྱུར་ཏོ། །ཞེས་པས། ཞང་ཞུང་བར་པའི་ཡུལ་དང་། ཡང་མཁས་དབང་ཧ་རོ་སྦོ་ལེས། རྒྱའི་རྒྱལ་རབས་ལས་ཡེ་ཤུ་མ་ཤི་ཀ་འཁྲུངས་རྗེས་ཕྱི་ལོ༦༡༥ནང་སྐོར་ཨ་རབ་བའི་སྐུ་ཚབ་དོན་གཅོད་རྒྱ་ནག་གི་ཡུལ་དུ་བཞག ཨ་རབ་པའི་ཡུལ་ལ་རྒྱ་ཡིས་ཏ་ཞིག་དང་། ཏ་ཟིག་སོགས་འབོད་སྐད་གསུངས། འོན་ཀྱང་ཏ་ཟིག་ཅེས་པའི་མིང་དེ་རྒྱ་ཡིས་ཡུལ་དེ་ལ་གསར་ཏུ་དུ་བཏགས་པའི་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པས་ཆེས་སྔ་མོའི་དུས་ནས་ཡུལ་འདི་རྣམས་ལ་མིང་དེ་སྐད་བརྗོད་པ་ཡིན་པར་གསལ། དུས་དེར་རྒྱ་ནག་ནས་ཨ་རབ་པས་གོས་ཆེན་གྱི་འབུ་དང་། དེ་གསོ་བྱེད་ཀྱི་ཤིང་བཅས་བླངས་ཏེ། ཨ་རབ་པའི་ཡུལ་དུ་དར། དེའི་དུས་ཡུལ་གཉིས་ཀྱི་བར་འགྲོ་ལམ་དེང་སྐབས་ཤིན་ཅང་ཟེར་བའི་ལུང་པ་འདིའི་བརྒྱུད་ནས་འགྲོ་བས་འདིར་གོས་ཆེན་གྱི་ལམ་ཟེར་བའི་མིང་ཡང་ཆགས་ཡོད། ཇི་ལྟར་བཤད་པའི་ཞང་ཞུང་བར་པའི་ཡུལ་དང་། རྟག་གཟིགས་ཞེས་པའི་ལུང་གིས་བསྟན་པའི་དེ་ཨ་རབ་པའི་ལུང་པ་འདི་ཡིན་ཞེས་མཐའ་གཅིག་ཏུ་ངེས་པའི་རྒྱུ་མཚན་ད་དུང་མ་རྟོགས་པས་བཤད་པ་འདི་ཙམ་དུ་ལུས། 
       བསྟན་འབྱུང་༼༢༢༠༽ལས། ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨན། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། ཞེས་དང་། སྐྱབས་སྟོན་ཁྲོ་འགྲེལ་༼༣༡། ༤༽ལས། སྤྱིར་ཞང་ཞུང་དང་བོད་གཉིས་དང་པོ་ས་བགོས་ལ། གཙང་ཁ་རག་ཡན་མན་ཡིན་ལ། ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ། སུམ་པའི་སྟོང་བུ་ཆུང་ཡང་དེའི་མངས་རིས། ཞེས་དང་། མར་པ། སྟག་ལོ། གུ་རིབ། ཁྱུང་བྱིད། ཁྱུང་པོ། འུ་སངས། སུམ་པའོ། ། ཞེས་སོ། །སྦལ་ཏི། རྐང་ཕྲན། ལ་དྭགས། ཟངས་མཁར། གར་ཞྭ། ཉུང་ཏི། སྤི་ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང་། ཚང་རོ། ཏི་དཀར། སླེ་མི། ཝོམ་གློ། སེ་རིབ། དོལ་པོ། ཀྲུག་སྐྱེས་སོགས། ཀྵོར་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང་། རུ་ཐོག་གུ་གེ་སྤུ་ཧྲེང་བསྐོར་གསུམ་དབུས། བཟུང་པའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ། ཅི་ཤང་ཅི་ན་གུ་རུབ་ཚོ་བཅུ་དང་། ར་སངས་ནག་གཙང་ཤང་གྱེར་བྱང་རྒྱུད་བཅས། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་། བྱ་རུ་ཐོག་པའི་རྒྱལ་པོ་བཅོ་བརྒྱད་བྱོན། དེ་ཡང་གང་ཏི་སེའི་མདུན་ཉེ། རི་སྤོས་རི་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་འགྲམ་དུ་ཞང་ཞུང་སྲིད་པའི་རྒྱལ་པོའི་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་བྱོན། དེས་གངས་ཏི་སའི་མདུན་ཞོལ་དུ་གསས་ཁང་ནོར་བུ་སྤུངས་རྩིགས་བཞེངས། སངས་རྒྱས་སྟོན་པའི་ཞལ་འཇལ། ཁྲི་རྗེ་ལུང་བསྟན་མདོ་གསུངས། ག་ལྗང་གཡུ་ལོ་རྫོང་མཁར་དུ་བཞུགས། དེང་སྐབས་རྒྱང་གྲགས་དགོན་ཟེར་བའི་ས་གནས་ཀྱི་སྐོར་ཡིན་ཟེར། པུ་མར་ཧྲིང་གི་སྤུ་རེངས་ཡུལ་དུ་སྟག་ཆེན་རྔམ་རྫོང་མཁར་ཞེས་བྱ་བར། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་འོད་ཀྱི་བྱ་རུ་ཅན་བཞུགས། ཞང་ཞུང་ཙུ་ནའི་ཡུལ་ཤོད་དུམ་པ་ཚལ༼དེང་སང་གུང་དུམ་ཟེར༽དུ་གསེར་གྱི་མཁར་ཞེས་བྱ་བ་དེ་རུ་གུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་བཞུགས། ཞང་ཞུང་ཙི་ཎའི་ཡུལ་སྤོས་རི་ངད་ལྡན་རྩ་བར། གྲོང་ཁྱེར་སྟག་སྣ་གླིང་གི་དབུས།༼དེང་དུས་བོན་རི་སྟག་སྣ་རོང་ཟེར༽སྟག་སྣ་དབལ་གྱི་རྫོང་མཁར་ཞེས་བྱ་བ་དེ་རུ།༼ལ་དྭགས་ཀྱི་ཡུལ་དུ་ཡོད་པའི་སྟག་སྣ་ཟེར་བའི་འདི་ལ་སྟག་སྣ་སྟག་སྣ་གཟི་བརྗིད་རྒྱལ་པོའི་ཕོ་བྲང་ཡོད་པ་ཡིན་ནམ་སྙམ་ཡང་དཔྱད༽སྟག་སྣ་གཟི་བརྗིད་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་བཞུགས། ཞང་ཞུང་ཁ་ཡུག་གི་ཡུལ་མུ་རྫོང་ཆེན་པོ་ཁྲོ་ཆུ་མཁར་ཞེས་བྱ་དེ་རུ། སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་གྱིས་དབང་བསྒྱུར། ཞང་ཞུང་ཁྱུང་ལུང་གི་གྲོང་ཁྱེར་རྒྱལ་བ་མཉེས་ཡུལ་གྱི་ཁབ་ཁྱུང་ཆེན་སྤུངས་པའི་རི༼དེང་སྐབས་མཁར་གདོང་ཟེར༽ལ་གཡུང་དྲུང་སེམས་དཔའི་འདུས་སྡེ་ཆགས། ཡུལ་དབུས་སུ་དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨིང་རྡོ་ཅན་དེ་རུ། སླེ་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་གྱིས་མངའ་བསྒྱུར། ཞང་ཞུང་རུ་ཐོག་གི་ཡུལ་དུ། རུ་ཐོག་གནམ་རྫོང་མཁར་དུ། མུ་མར་ཐོག་རྒོད་རྒྱལ་པོ་ཨེནྜ་འོད་ཀྱི་བྱ་རུ་ཅན་བཞུགས་སོ། །
      གཞན་ཡང་དེ་རྣམས་གངས་རིའི་དཀར་ཆག་༥༩༩ལས། སྲིད་པ་གནས་ནས་བསྐོར་བའི་ཞང་ཞུང་སྲིད་པའི་རྒྱལ་པོ། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་། ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི། གངས་རི་ཆེན་པོའི་མདུན་རྒྱང་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ། །ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ། །ཞང་ཞུང་པུ་མར་ཧྲེང་༼དེང་སྤུ་ཧྲེང་ཟེར༽གི་ཡུལ་སྤུང་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་ཙི་ཎའི༼ལ་དྭགས་དང་འདི་གཉིས་ལ་བརྟག་དགོས༽ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། རྫོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་དྭ་རོག་ཡུལ་དུ་བདུད་འདུལ་དབར་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །
ཞང་ཞུང་རྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མུར་ནམ་མཁའི་རྒྱལ་པོ་བཻཌྰུརྱ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་ཁ་སྐྱོ་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་། ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེམྡ་འོད་ཀྱི་བྱ་རུ་ཅན་སོགས། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། དེ་རྣམས་སྐུ་ཚེ་ཡང་མི་ལོ་སྟོང་ཕྲག་བར་དུ་བཞུགས་པ་དང་། ཕུང་བོ་ལྷག་མེད་དུ་སངས་རྒྱས་པ་ཡང་ཡོད་པའོ། །ཞེས་སོ། །འདི་རྣམས་ཀྱིས་བླ་ན་བཀུར་བའི་བོན་གཤེན་གཡུང་དྲུང་སེམས་དཔའ་འདུས་པའི་སྡེ་ཡང་གྲངས་མང་དུ་འཕེལ་བའི་ཚུལ་བཤད་དོ། །འདིར་བཤད་བྱ་རུ་ཞེས་པའི་གོ་གནས་ཀྱི་ཐོབ་ཐང་བྱུང་བའི་རྟགས་དེ་བྱ་ཁྱུང་གི་རྭ་ཡི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་། གཞན་ཡང་མི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་ཙམ་དུ་མ་ཟད་མཆོད་པའི་ཞིང་དར་བཀུར་བའི་གནས་ལ་ཡང་བརྒྱན་སྲོལ་ཡོད་དོ། ། མཆོད་རྟེན་གྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། ཡི་དམ་ཁྲོ་བའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་འཁྲུངས་ཞེས་དང་། རྣམ་དག་སྒྲུབ་པ་༣༡༢ལས། བྱ་རུ་ཐོབ་པའི་གཤེན་བརྒྱད་དེ། འགྱུར་མེད་གསེར་གྱི་བྱ་རུ་ཅན། ཞེས་སོགས་བརྒྱད་བཤད་དོ། །བྱ་ཡི་སྤྱི་རྗེ་ཁྱུང་ཡིན་པར་བཤད་ཅིང་། དེ་ཡི་མགོའི་གཡས་གཡོན་དུ་རྭ་ཡི་རྣམ་པ་ཅན་ཕྲ་སྦོམ་དང་རིང་ཐུང་གི་ཚད་དབྱིབས་སོགས་གསལ་བར་བཤད་པ་དཀའ་ཡང་བློ་ཡིས་རགས་ཙམ་དཔྱད་ཚེ་བྱ་རྒྱལ་ཁྱུང་གི་རུ་ལ་བྱ་རུ་ཞེས་དང་། བྱ་ཁྱུང་གི་རུ་དབྱིབས་མཚུངས་པས་ཁྱུང་རུ་ཞེས་བརྗོད་པའི་ཕྱིར་རོ། །
ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་ཁྱུང་ལ་ཞུང་ཞེས་བརྗོད་ཅིང་དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས། ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད། ཡུལ་དེའི་སྐད་ནི། སྨར་གྱི་སྐད་དང་། དར་མའི་སྐད། དིར་མའི་སྐད་དང་། དར་མ་དིར་གྱི་སྐད། གུ་གེའི་སྐད་དང་། ཕལ་པོ་གླང་གི་སྐད་བཅས་དང་། དིར་མ་བྱང་རྒྱུད་སྐད། དར་མ་དིར་ནི་སྟོད་སྨད་ཕལ་སྤྱིའི་སྐད། ཡི་གེ་སྨར་ཆེ་ཆུང་ལས་སོགས་ཡིན། གཞན་ཡང་ཞང་ཞུང་དྲག་ཡིག་ཅེས་པའང་ཡོད་པའི་དཔེ་རིས་ཀྱི་རྒྱུན་ཡོད་པ་ནི། སྔར་ཞང་ཞུང་སད་ནེ་གའུས་བོད་རྒྱ་གྲི་གུམ་གྱི་དུས་རྟ་ནག་དུང་ཕོར་དུ་བོན་གཏེར་དུ་སྦས་དུས་ཞང་ཞུང་གི་དྲག་ཡིག་དང་བོད་ཡིག་འདྲེས་མར་དར་གྱི་ཐོག་ཏུ་བྲིས་པ་ཕྱིས་ཉིད་སྤྲུལ་སྐུ་གུ་རུ་རྣོན་རྩེས་གཏེར་ཐོན་པ་དེ་ཁོང་གི་གཏེར་སློབ་གཉལ་སྟོན་གཞོན་ནུ་འབུམ་གྱིས་གཏེར་དཔེའི་ཐོག་ནས་དཔེ་བཤུས་པ་ཡིན་ཏེ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བ་གཏེར་མ་ལས། སྤྲུལ་སྐུ་གུ་རུ་རིན་པོ་ཆེ་ལ་བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དཀར་ངོས་ལ་བྲིས། མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདྲེས་མར་སྣང་ངོ་། །ཞེས་པ་དང་། འགྲེལ་གྱི་དབུ་འཆད་ལས། ཞང་བོད་འདྲེས་མ་ལ་བོད་ཡིག་མང་བ་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང་། ཞེས་གསུངས། ཞང་ཞུང་གི་དྲག་འདི་གཏེར་དཔེ་དར་དཀར་ངོས་ལས་གཞོན་གྱིས་བཤུས་པའི་དཔེ་དེ་ཉིད་ལས། བླ་མ་གཡུང་དྲུང་སྙིང་བོས་བྲིས་པ་འདི་ལྟར་ཚུལ་འདི་རྣམས་ཀྱིས་ཞང་ཞུང་གི་ཡི་གེའི་ཚུལ་རྣམས་པོར་ཤེས་ཐུབ་པར་མངོན། གཞན་ཡང་ཞང་ཞུང་ལིག་མི་རྐྱའི་ཕྱག་ཐམ་སྨན་རིའི་བླ་བྲང་གི་རྩིས་སྤྲད་དུ་ཡོད་པ་འདིའི་ངོས་སུ་ཡང་ཞང་ཞུང་གི་ཡི་གེ་གསལ་འདུག་ཅིང་། དེ་ཡང་འདི་ལྟར། ཁ་ཚན་པ་ཤང་ལིག་ཞི་ར་ཙ་སྟེ། ཐམས་ཅད་དབང་སྒྱུར་སྲིད་པའི་རྒྱལ་པོ་ཞེས་པའི་དོན་ནོ། །
ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཕྱོགས་སུ་མཁར་བཞི་དང་། ཕྱོགས་ཀྱི་རྫོང་བཞིའོ། ། མཁར་བཞི་ནི། ཁྱུང་ལུང་དངུལ་མཁར། སྤུ་ཧྲེང་སྟག་ལ་མཁར། སྨེ་ཤང་བྱི་བ་མཁར། མ་པང་སྤོས་མོ་མཁར། གཞན་ཡང་གད་ཀྱི་བྱི་བ་མཁར་ནི། སྐྱབས་སྟོན་གྱི་འགྲེལ་༥༩ལས། མཁར་ལྔའི་ནང་ཚན་གད་ཀྱི་བྱི་བ་མཁར་ཟེར་བ་གཡག་དང་རྐྱང་གི་ཐོད་པ་བ་གམ་དུ་བཏགས་པ་དེ་རུ་རིག་འཛིན་ཀུན་འཚོགས་ཏེ། ཞེས་དང་། ཁ་ཡུག་འདམ་མཁར། གུ་གེ་རྩ་ཧྲིང་མཁར། བྱང་གི་ར་བཞི་མཁར། དེ་སོགས་མཁར་གཞན་ཡང་མང་དུ་ཡོད་པར་བཤད།
      ཕྱོགས་ཀྱི་རྫོང་བཞི་ནི། དྭང་ར་ཁྱུང་རྫོང་། སེ་རིབ་འབྲུག་མོ་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་། གཞན་ཡང་སྦིལ་ཏི་ཧྲང་རྫོང་སོགས་མང་ཞིག་ཡོད་སྐད་དོ། །གནའ་བོའི་གནས་ཡུལ་ཁང་རྫས་མི་རིགས་སོགས་རིམ་བཞིན་འགྱུར་ནས་སྔར་སྲོལ་ཇེ་ཉམས་སུ་གྱུར་པས་ད་ལྟ་ཞང་ཞུང་གི་ཡུལ་སྐད་དང་སྐད་ཡིག་མི་རིགས་བཅས་འདིར་ཡོད་འདི་ཡིན་ཞེས་སྨྲ་མི་ཤེས་པ་ལྟ་བུ་གྱུར་བཞག  འོན་ཀྱང་། ད་ལྟའི་སྐབས་སུ་སྟོད་ཕྱོགས་ཀྱི་ས་གནས་ཀྱི་རི་དང་ལུང་པ་ཆུ་སོགས་ཀྱི་མིང་སྔར་བཞིན་བསྡད་པ་དཔེར་ན། རྒྱུང་དགུ་དང་། དྭ་རོག། དྭང་ར། རྟ་སྒོ། མ་མིག། རུ་ཐོག། ཏི་རྩེ། གུ་གེ། ཁ་རྩེ། རི་ཏི། ཟ་ལང་། མ་པང་། ཏིང་རྩེ། ཡི་ཏི། ཏི་འོབ། སུ་སྨུར་སོགས་མང་པོ་ཡོད་ཅིང་། སྦིལ་ཏི། ཁུ་ནུ་སོགས་མཐའ་མཚམས་ཞང་ཞུང་གི་ཡུལ་སྐད་མ་བཅོས་པ་ཡི་ནང་དུ་ཞིབ་ཏུ་བརྟགས་ན་ཞང་སྐད་མང་པོ་འདྲེས་པ་ཤེས་པར་ནུས་སོ། །དེ་ནི་སྔར་གྱི་གོམས་གཤིས་རྙིང་པའི་འཕྲོ་ཡིན་ནོ། ། བོད་རྒྱལ་རྒྱུད་པ་འཁྱར་བས་སྟོད་ཞང་ཞུང་། ལ་དྭགས་གི་ས་གནས་བཟུང་ཕྱིན་ཡུལ་གྱི་མིང་ཡང་མངའ་རིས་སྐོར་གསུམ་དུ་ཆགས་སོ། །
      ཞང་ཞུང་སྒོ་པ་འདི་ལ་ཡང་སྒོ་ཕུགས་བར་གསུམ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང་། བར་པ་དྭང་ར་རྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད། གཞན་ཡང་ཞང་ཞུང་རྒྱལ་པོའི་དམག་གི་རུ་གྲལ་ལ་སུམ་པའི་སྟོང་བུ་ཆུང་ཞེས་སོགས་བཤད་པས་ཁྱུང་ཡུལ་རྩེ་དྲུག་འདི་ཡན་ཆད་ཞང་ཞུང་གི་མངའ་རིས་ས་བྱ་བར་གྲགས། མདོ་སྨད་དུ་སུམ་པ་ཞེས་པའི་ཡུལ་རིགས་སོགས་ཡོད་པར་བཤད་ཀྱང་དེ་ཞང་ཞུང་གི་མངའ་སྡེའི་སུམ་པ་ཡིན་མིན་བརྗོད་མ་ཤེས་སོ། །
      དེ་དུས་ཡོད་པའི་ཞང་ཞུང་གི་སྐད་སཾསྐྲྀཏའི་སྐད་དུ་མ་འདྲེས་པ་འདིས་ཞང་ཞུང་གི་བོན་ལ་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་པོར་ཡོད་པ་ལྟ་བུའི་བཤད་པ་བྱེད་འདུགད་ཀྱང་། གོང་གི་སྐད་ཀྱི་བྱུང་ཁུངས་འདི་རྣམས་ལ་བརྟགས་ན། སཾསྐྲྀཏ་སྨྲ་བ་ཡིན་ན་རྒྱ་གར་བ་ཡིན་པས་ཁྱབ་པ་མེད་ཅིང་། སྐད་དེ་ལས་བྱུང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་མུ་སྟེགས་ཀྱི་ཆོས་གཉིས་པོ་གང་རུང་ཡིན་དགོས་པའི་རྒྱུ་མཚན་ཡང་མ་མཐོང་ངོ་། ། 
      སྟོད་རྒྱུད་ཞང་ཞུང་གི་ས་སྐོར་འདི་ལ་སོག་པའི་ཇག་དཔུང་བྱུང་ནས་ནོར་འཕྲོག་མི་ཁྲིད་བྱེད་པ་ཐེངས་དུ་མ་བྱུང་བ་དང་། སྟོད་ཧོར་རམ་སེང་པས་ཀྱང་ཇག་དང་དམག་ཐེངས་དུ་མ་བྱས་པ་དབང་བསྒྱུར་བ་སོགས་ཇི་སྙེད་བྱུང་སྟེ། དྲང་དོན་མུན་སེལ་གྱི་གཏམ་རྒྱུད༼༡༤༥༽ལས། སྔོན་པུ་རང་གི་རྒྱལ་པོ་དང་གར་ལོག་སོག་པོ་སྐྱུང་སྐད༼སྐད་མ་ཤེས་ནས་བྱ་སྐྱུང་ཀའི་སྐད་ལྟར་གྲགས་པ་ཞིག་གོ་གནས་མིང་དུ་བཏགས་པར་མངོན༽ཀྱི་དམག་འཐབ་པ་ལ་མི་ཐམས་ཅད་གྲི་རུ་བསད། ནོར་ཟས་ཐམས་ཅད་ནི་གར་ལོག་དམག་གིས་ཁྱེར། བུད་མེད་ཐམས་ཅད་ནི་ཁོའི་ཡུལ་དུ་ཁྱེར་ནས། རང་ཡུལ་མིག་གིས་མི་མཐོང་ཞིང་། ལོ་རེ་བཞིན་དམག་དཔུང་སྡུད་ཀྱིན་ནོར་ཐམས་ཅད་བརླག་པར་བཏང་བ་ལ། བྲུ་ཤ་ཡུལ་གྱི་དྲང་སྲོང་བདེ་བ་རྒྱས་བྱ་བ་ཕྱི་ཡི་སྐྱབས་འགྲོ་ལ་ཡི་དམ་བྱེད་པ་ཞིག་གིས། སྐྱབས་འགྲོ་རྣམ་གསུམ་པོ་དེ། སྟག་པའི་བྱང་བུ་སོར་གསུམ་པ་རེར་བྲིས་ཕྲག་པ་ལ་བཏགས་པས། གནོད་པ་དང་སྨས་པ་མི་འབྱུང་བར་གྱུར་ནས་མི་ཐམས་ཅད་ཡིད་ཆེས་པར་གྱུར། ཞེས་དང་། པན་ཏའི་ཧོ་ཤ་བྱ་བ་ལ་སྟོན་པ་དགའ་ལྡན་བྱ་བ་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ། ཀློང་དུ་གྱུར་བ་ཞིག་གིས་ཁུམས་ནས། ཞེས་པ་ནས། པུ་ཧྲེང་དུ་བྱོན་ནས་བཞུགས་ཡོད་པ་ལ། སོགས་ནས། གར་ལོག་གི་རྒྱལ་པོ་ཡི་དམག་དཔུང་ཤིན་ཏུ་ཚབས་ཆེ་བ་བྱུང་བ་ལ། ཞེས་གསུངས་པའི་ཕྱིར། ཡི་གེ་འདི་ཡི་ནང་དུ་སྔར་པུ་ཧྲིང་ལ། དེང་སང་པུ་རང་ནས་ཁྱེར་ནས་བོད་མིག་གིས་མི་མཐོང་ཞེས་ཟེར་ལུགས་ལ་གཞིགས་ན་པུ་རོང་བོད་ཀྱི་ཁོངས་སུ་བཙུད་ཟིན་པའི་འོག་ཏུ་ཡུལ་དེར་སོག་དམག་བྱུང་བ་ཡིན་པ་འདྲ། དྲང་དོན་མུན་སེལ་སྒྲོན་མ་བོད་རྒྱལ་ཁྲི་སྲོང་གི་དུས་སུ་བརྩམས་པ་ཡིན་པས། བོད་རྒྱལ་ཁྲི་སྲོང་གིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཆམ་ལ་ཕབ་པའི་ལོ་རྒྱུས་ཁུངས་མ་ཡོད་ཀྱང་། སྲོང་བཙན་གྱི་དུས་སུ་ཞང་ཞུང་བཏུལ་ཚུལ་ནི། དེབ་ཐེར་དཀར་པོ༡༢༢ལས། ཞང་ཞུང་ལྟ་བུ་གཉེན་མཛད་ནས་ཀྱང་བཏུལ་ལོ། ཐབས་ཀྱིས་ཀྱང་བརྒལ་ཏེ། ཞང་ཞུང་བདག་མཛད་དུ། རྒྱལ་པོའི་སྲིང་མོ་བཙན་མོ་སད་མ་ཀ་ར། ལིག་མི་རྐྱ་ཆབ་སྲིད་ལ་གཤེགས་སོ། །བཙན་མོ་ནི་ལིག་མི་རྐྱའི་སོ་ནམ་དང་བུ་སྲིད་མི་མཛད་ཅིང་། ལོགས་ཤིག་ན་བཞུགས་པར། བཙན་པོ་དྲལ་གྱི་སྙན་དུ་གསན་ཏེ། བཙན་མོ་དེ་ལྟར་ལོག་པར་མཛད་ན། ཆབ་སྲིད་ཀྱི་བཀྲུག་མར་འགྱུར་བས། དེ་ལྟར་མ་མཛད་པར་ལིག་མི་རྐྱ་ཡི་སོ་ནམ་དང་བུ་སྲིད་ཟུངས་ཤིག་ཅེས། སྤུག་གྱིམ་བཙན་རྨང་ཆུང་ལ་བཀའ་བསྩལ་ཏེ། བཙན་མོ་མི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་འདུག་ནས། རྨ་ཆུང་མ་པང་དུ་སོང་སྟེ་བཙན་མོའི་སྤྱན་སྔར་ཕྱག་བགྱིས་ཚེ། བཙན་མོའི་ཞལ་ནས་བཙན་པོ་དྲལ་གྱི་ཐུགས་བདེའམ་མི་བདེ། ཞེས་དྲི་བ་མཛད་པར། ཐུགས་བདེ་ཞེས་གསོལ་ཏོ། །རྨང་ཆུ་གློ་བ་བདེའམ་མི་བདེ། ཞེས་སྨྲས་ན། གློ་བ་བདེའོ་ཞེས་གསོལ་ཏོ། །དེར་བཙན་མོས་རྨང་ཆུང་ཁྱེད་ནི། བཙན་པོ་དྲལ་གྱི་ཞལ་སྔ་ནས་འདྲ་བས། མགྲོན་གྱི་ཕྱག་ལེན་ལོངས་ཤིག་ཅེས། ཕྱག་ལེན་རྩལ་ནས་བཙན་མོས་མགུར་བླངས་པ། ཡུལ་གྱི་ནི་སྐལ་ཕོགས། ཁྱུང་ལུང་ནི་རྔུལ་མཁར་ཞིག སོགས་སོ། མགུར་བླངས་པའི་རྗེས་སུ། རྨ་ཆུང་མཆི་ཕྱག་བགྱིས་པ་ལས། བཙན་མོའི་ཞལ་ནས། བཙན་པོ་དྲལ་བ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། །བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ། །བཙན་པོས་བཀའ་བསྩལ་བ་ནི། རྔོ་ཅི་ཐོགས་ཀྱིས་འཚལ་ཞིང་མཆིས་སོ། །བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག་ཅེས་ཞུ་གཡག་གཅིག་ཕྱག་རྒྱས་བཏབ་ནས་བཀུར་རོ། །རྨ་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་འདི་ཞེས་མཆིས་ཕྱག་རྒྱས་བཏབ་སྟེ་བཀུར་བ་ནི་འདི་ལགས་ཞེས་གསོལ་བ་ལས། བཙན་པོས་རྒྱ་ཕྱེས་ནས་གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་ནས་ཡུ་བུས་ལིག་མི་རྐྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུ་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། རྗེ་བློན་ཀུན་བློང་བློང་སྟེ། ལིག་མི་རྐྱའི་སྲིད་བརླག་གོ །ཞེས་ལིག་མི་རྐྱ་ཡི་སྲིད་བརླག ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ། ། ཞེས་བཤད་པས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཟེར་བ་འདིའི་མིང་ཞང་རྒྱལ་དུ་མའི་ཟུར་དུ་ཡོད་སྟེ། དཔེར་ན་བོད་ཀྱི་རྒྱལ་པོའི་མིང་ཟུར་ལ་བཙན་པོ་ཡོད་པ་བཞིན་ནོ། དེ་ཡང་ལིག་མི་སྲིད་པ་དང་། རྐྱ་ནི་རྗེ་ལ་འཇུག་པས། སྲིད་པའི་རྗེ་ཞེས་ཞང་ཞུང་གི་རྒྱལ་པོ་མང་པོའི་མཚན་གྱི་ཟུར་དུ་ཡོད་པ་འདྲའོ། །
       ཡང་ལྡེབ༡༧༨ ལས། ཤིམས་ཀྱི་གུ་རན་དུ་ཞང་ཞུང་གིས་མཁོན་བགྱིས་ཏེ། ཞེས་དང་ཡང་ལྡེབ༡༧༩ལས། ཞང་ཞུང་ངོ་ལོག་ཅིང་། ཞེས་པའི་རྒྱལ་པོ་དེའི་རྗེས་སུ་རིམ་བཞིན་ཞང་ཞུང་གིས་ངོ་ལོག་སྟེ། བོད་ལ་འཁྲུགས་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་ཆུན་མས་བསླུས་ནས་ཞང་རྒྱལ་བཀྲོངས་པའི་གནས་དྭང་ར་ཁྱུང་རྫོང་གི་ཉེ་སར་ཡིན་ལ། སྔོན་མ་ཞང་རྒྱལ་བཏུལ་ས་ཁྱུང་ལུང་དུ་ཡིན་པར་མངོན་པས། དུས་དང་ལས་དོན་གཏན་ནས་མི་འདྲ་བས། འདིའི་ཚུལ་མགོ་མི་རྨོངས་པར་དགོས་སོ། ཁྲི་སྲོང་གི་དུས་སུ་ཞང་རྒྱལ་བཅོམ་ཚུལ་ནི། ཞང་ཞུང་གི་རྒྱལ་པོ་བོད་ཀྱི་རྒྱལ་པོས་མངོན་དུ་བཏུབ་བ་མི་ཐུབ་པས། བོད་ཀྱི་རྒྱལ་པོས་ངན་གཡོས་འདུལ་སྙམ་ནས། ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རུབ་ཟ་སྣང་སྒྲོན་ལེགས་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ་བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་དུ་གདུག་པ། སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ། སྣང་སྒྲོན་ལེགས་ལ་བྱིན་ནས་འདི་སྐད་སྨྲས་སོ། །སྣང་སྒྲོན་ལེགས་མ་ཁྱོད་ལྟ་བུ། ཞང་ཞུང་རྒྱལ་པོའི་ཁབ་ཀྱི་ཡང་ཆུན་བྱེད་པ། ཁྱོད་རང་ཨ་ཅང་ཆེས་ཏེ། བོད་ཀྱི་རྒྱལ་པོས་ཀྱང་མི་བཟོད་པར་འདུག་པས། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་ཁྱོད་རང་བོད་ཀྱི་རྒྱལ་པོའི་ཁབ་ཀྱི་ཡང་ཆེན་མ་བྱ། བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ །སྨྲས་པས། སྒྲོན་ལེགས་མས་ན་རེ། ཞང་ཞུང་རྒྱལ་པོ་ལ་དམག་སར་ཁེབས་པར་ཡོད། བོད་ཀྱི་རྒྱལ་པོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས། མངོན་དུ་བཏུལ་དུ་མི་ཐུབ་པས། ངན་དང་ཐབས་ཀྱིས་འདུལ་ན། ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་ཏ་ལ། ཞང་ཞུང་ཡུལ་ནས། སུམ་པ་གླང་གི་གྱིམ་ཤོད་དུ། སྐུ་རྐྱེན་དང་ཆས་ནས་མདུན་ལ་བཞུད་ཀྱི། དེར་སྒུགས་ལ་བཀྲོངས་མཛོད་ཅིག། དེའི་བྱ་གཏོང་བདག་གིས་བྱ་ཟེར་ཏེ། བུད་མེད་ཀྱི་བློ་ལ་ལྟོས་པ་ཅི་ཡང་མེད་པས། དེ་སྐད་སྨྲས་སོ། །ཚེས་དུ་ལ་འོང་བའི་བརྡ་ལ་བཙས་ཀྱི་ཁར་འཇོག་པར་ཆད་དོ། །དེ་ནས་བོད་ཀྱི་རྒྱལ་བློན་དམག་མི་སྟོང་མང་པོ་དང་ཆས་འོང་། སྣ་ནམ་ལེགས་གྲུབ་དང་རྒྱལ་པོ་སྔོན་ལ། ལ་བཙས་ཀྱི་ཁར་བྱོན་ནས་བལྟས་པས། ས་དེར་ཆུ་སླ་ང་གང་གི་ནང་ན། གསེར་ཆུང་གཅིག དུང་ཆུང་གཅིག དུག་མདེལ་གཅིག་དང་གསུམ་གདའ་འོ། །བོད་ཀྱི་རྒྱལ་པོའི་ཞལ་ནས། ཆུ་སླ་ང་གང་ནི་ཟླ་བ་ཕྱི་མའི་ཉ་ལ་འོང་བྱ་བ་ཡིན། གསེར་ཆུང་དང་དུང་ཆུང་ནི་དྭང་རའི་གསེག་ཕུག་དང་དུང་ཕུག༼གསེར་ཕུག་དང་། དུང་ཕུག་ཟེར་བའི་ལུང་པ་དེ་དེང་སྐབས་ནག་ཚང་སྒོ་ནག་གི་སར། དྭང་ར་ཁྱུང་རྫོང་གི་ཤར་ཕྱོགས་ཀྱི་ལ་བརྒལ་ནས་ཁ་བྱང་དུ་བལྟས་ནས་ཕྱིན་ན་འདུག་ཅིང་། དེང་སྐབས་ཀྱང་ས་མིང་དེ་ག་རང་འབོད་དོ༽གཉིས་སུ་དམག་ཆོས་ལ་སྒུགས་ཤིག་བྱ་བ་ཡིན། དུག་མདེལ་ནི། བརྣག་པ་སྐྱེད་ལ་བསྒུགས་ལ་སོད་ཅིག་བྱ་བ་ཡིན་ཟེར་ཏེ་བསྒུགས་སོ། །དེར་རྒྱལ་པོ་གཉིས་མཇལ་ནས། བོད་ཀྱི་དམག་མིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་སོ། །དེར་ཞང་ཞུང་འབུམ་སྡེ་ནི་ཕམ། བོད་ཀྱི་སྡེ་ནི་རྒྱལ་ལོ། །ཞེས་པ་དེ་ནས་བཟུང་ཞང་ཞུང་གིས་བོད་ལ་ངོ་ལོག་བྱེད་མ་ནུས་པར་བོད་ཀྱི་འོག་ཏུ་བཙུད་དོ། །དུས་ཚིགས་ནི་རགས་ཙམ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཡིན་པར་ཤེས་པ་ལ་དཔག་ནས་ཤེས་སོ། །

༼འབེལ་གཏམ་ལུང་གི་སྙིང་བོ༽ལས་ཟུར་བཏོན་ཞུས་པའོ། ། 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག