ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> གནའ་སྔོན་ཞང་བོད་ལྗོངས་ཀྱི་བོན་སྲིད་གཉིས་འབྲེལ་གྱི་བྱུང་བ་ཟུར་ཙམ་གླེང་བ།
གནའ་སྔོན་ཞང་བོད་ལྗོངས་ཀྱི་བོན་སྲིད་གཉིས་འབྲེལ་གྱི་བྱུང་བ་ཟུར་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

ཐོག་མའི་གླེང་སློང༌།

   འཛམ་གླིང་འདི་ཡི་གཙུག་ན་འགྱིང་ཞིང་ཀུན་གྱི་ཡང་རྩེར་གྲགས་པའི་གནའ་གྲོང་སྟེ། ཞང་བོད་ཕུ་ནུ་གཉིས་ཀྱི་ཡུལ་ཁྱོན་དུ་སྐུ་འཁྲུངས་ཤིང་ན་ཚོད་རྒྱས་ཏེ། ལོ་རབས་སྟོང་ཕྲག་ལྷག་བདེ་བར་འཚོ་བའི་ཡུལ་འདིའི་གཅེས་ནོར་ཏེ། ཕུགས་ཡུན་ལོ་རྒྱུས་ཤིན་ཏུ་རིང་བའི་སྲིད་པའི་གངས་དཀར་གཉན་པོ་དང༌། མཛེས་ཤིང་ཡིད་དུ་འོང་བའི་ཡུལ་འདིའི་ཁྱད་ནོར་ཏེ་གྲང་བསིལ་བསིལ་དུ་ལྷུང་བའི་ཁ་བའི་གངས་འདབས་རྣམས་བརྒྱ་ཕྲག་བརྒྱད་དགུའི་དུས་ནས་འགོ་བརྩམས་ཏེ་རྒྱ་གར་གྱི་ཚ་བས་དྲག་པོ་དང་ཙི་ནའི་རྩུབ་ང་རྒོད་པོ་གཉིས་གཅིག་ཏུ་སྒྲིལ་ཏེ་ལོ་རབས་དང་མི་རབས་བསྟུད་ནས་སྲ་འཐས་ཀྱི་གངས་འདབས་རྣམས་བཞུས་ཤིང་གཤེར་ཁུར་གྱུར་ཏེ། ཕྱི་རོལ་མཐའ་ཡས་རྒྱ་མཚོ་ཆེན་པོའི་ནང་དུ་ཕབ་སྟེ་སླར་གྱེན་དུ་འཕྱུར་མི་ནུས་པ་རུ་བཟོས་ཟིན་ནའང། ད་དུང་ཡང་གདོད་མའི་གནའ་མཁར་ཞིག་རོའི་གསེང་བར་དང་གཡའ་རི་བྲག་རོང་གི་སུལ་བར་ན་ཆེས་མི་ཉུང་བ་འགའ་གབ་སྦས་ཀྱི་ཚུལ་དུ་ལྷག་ལུས་སུ་གནས་ཡོད་ཀྱང། སྐྱི་གཡའ་བའི་མནར་གཅོད་མང་པོ་མྱངས་པའི་རྐྱེན་ལས། ད་ལྟའི་དུས་རབས་འདིར་ཡང་ཁོ་ཚོས་རང་གི་བྱུང་རབས་དང་མྱངས་རབས་སོགས་གླེང་རྒྱུར་འཇིགས་ཏེ་རྗེས་ལུས་སུ་གནས་ཡོད། འོན་ཀྱང་ཉེ་རབས་ལོ་རྒྱུས་སྨྲ་བ་རེ་འགའ་དང་དཔྱོད་ལྡན་མེས་པོའི་ཞབས་རྗེས་སུ་འབྲངས་མཁན་དག་གིས་ས་བཅད་མ་སྟོང་ཙམ་དུ་གླེངས་ཡོད་ཀྱང༌། མེས་པོའི་བདེན་རབས་འཆད་ཀྱང་ཉན་འཇོག་བྱེད་མཁན་ཤིན་ཏུ་དཀོན། གང་ལགས་ཟེར་ན། སྤྱི་ཚོགས་དཔལ་འབྱོར་གྱི་འུར་ལངས་ཏེ་མི་རྣམས་མདུན་ནས་མདུན་དུ་བསྐྱོད་རྒྱུ་ལས་ཡ་ཐོག་གི་མེས་རབས་དང་འདས་སོང་ལ་ཕྱི་མིག་བལྟ་བའི་དུས་ཚོད་དཀོན་ནས་དཀོན་དུ་འགྲོ་བཞིན་པས་ཡིན། ཕྲན་རང་ཡང་རྣམ་གཡེང་སྒྱུ་མའི་བསླུ་བྲིད་ཀྱིས་མྱོས་ཏེ་ཉིན་ལྟར་མ་གི་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་མཐིལ་དུ་རྒྱུ་བཞིན་མི་ཚེ་ཟད་ལ་ཁད་ཀྱང༌། འདུས་སྡེའི་བཅའ་ཁྲིམས་བཟང་པོའི་རྐྱེན་ལས་གཞུང་ལུགས་སྦྱོང་རྒྱུའི་གོ་སྐབས་ཐོབ་ཅིང་དེའི་བར་གསེང་ནས་རང་ནུས་གང་ལྕོགས་ཀྱིས་ལོ་རྒྱུས་ཀྱི་ཤོག་བར་དུ་ཉུལ་ཁུལ་བྱས་ཏེ། ད་ལམ་ས་བཅད་མ་སྟོང་ཙམ་དུ་སྔར་གྱི་དུས་སུ་བོན་སྲིད་གཉིས་འབྲེལ་གྱི་སྒོ་ནས་རང་རེའི་ཞང་བོད་ཀྱི་རྒྱལ་ཁམས་བསྐྱངས་ཚུལ་སྐོར་ལ་ཅུང་ཙམ་གླེང་བར་འདོད།

གླེང་གཞི།

     སྤྱིར་བོན་དང་སྲིད་གཉིས་མཉམ་དུ་འཛོམས་པར་དཀའ་བ་སྟེ་ངེས་དོན་གྱི་བོན་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་སྲིད་ལ་ཐེ་གཏོགས་མེད་པ་དང༌། ཆབ་སྲིད་པ་ངོ་མ་ཞིག་ཡིན་ཚེ་ཆོས་ཀྱི་བག་ཆགས་དོར་དགོས་པ་སོགས་ཡིན་མོད་ཀྱང༌། འདིར་བཤད་པར་འདོད་པ་ནི་གནའ་རབས་ཞང་བོད་ཁུལ་དུ་བོན་གྱིས་འགྲོ་བ་འདུལ་སྐབས་རྒྱལ་གཤེན་བསྟན་པ་མཉམ་དར་ཞེས་ལོ་རྒྱུས་རྣམས་སུ་གྲགས་པ་ལྟར། ཆེས་སྔ་དུས་ཀྱི་སྐབས་དེར་ཆོས་ལུགས་ཤིག་དང་སྲིད་ལུགས་བར་ཐོག་མར་འབྲེལ་བ་བྱུང་བ་དང་འབྲེལ་བ་དེ་རིམ་པར་ཡར་རྒྱས་ཕྱིན་ཏེ་ལོ་རབས་མང་པོའི་རིང་དེ་གཉིས་མཉམ་འབྲེལ་གྱིས་སྤྱི་ཚོགས་ལདགོས་མཁོ་དང་དགེ་ཕན་ཞབས་འདེགས་སྒྲུབ་ཚུལ་བཅས་ཀྱི་སྐོར་ལ་གླེང་རྒྱུ་ཡིན། གདོད་མའི་དུས་ཀྱི་ཡ་ཐོག་སྲིད་པ་ཆགས་པ་ནས་བཟུང་སྤྱི་ཚོགས་ཀྱི་འཕེལ་འགྲོས་ལྟར། འབངས་མི་ཚོགས་ལ་དབང་སྒྱུར་མཁན་གྱི་རྒྱལ་པོ་དང་དཔོན་རིགས་ཚོས་རང་གི་མངའ་ཐང་དབུ་འཕང་རྒྱས་ཤིང་ཡུལ་ཁམས་བདེ་ལ་བཀོད་པའི་ཕྱིར་བོན་ཆོས་ལ་སྤྱོད་མཁན་གྱི་གཤེན་པོ་དང་རྫུ་འཕྲུལ་གྱི་ནུས་མཐུ་ལྡན་པའི་དཔོན་གསས་ཚོར་སྐྱབས་སུ་བཅོལ་བ་བཞིན་བོན་གྱི་བདེན་པ་དང་སྒྲུབ་གཤེན་གྱི་ནུས་པས་ཕན་ཐོགས་གལ་ཆེན་རེ་ཡོང་གི་ཡོད་པ་སྐབས་དེར་མངོན་གསལ་ལ་སོང༌། རང་གི་དཀའ་ངལ་སེལ་མཁན་དེ་ལ་ཡིད་ཆེས་བློ་གཏད་བྱེད་པ་ནི་འགྲོ་བ་སེམས་ལྡན་སྤྱི་ལ་ཡོད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན་སྟབས། གདོད་མའི་རྒྱལ་འབངས་ཚོས་ཀྱང་བོན་གཤེན་ཚོར་དེ་འདྲའི་ཡིད་ཆེས་དང་བློ་གཏད་གཙོ་བོར་བཅོལ་བའི་ཐོག་རིམ་གྱིས་གཤེན་པོ་རྣམས་རྒྱལ་འབངས་སྤྱི་ཡི་དབུ་བླ་དང་སྐྱབས་གནས་སུ་བཀུར་ཞིང་། བོན་གྱི་ཕྱག་ལེན་དག་རྒྱལ་འབངས་སྤྱི་ཡི་སྤྱོད་སྲོལ་དུ་ཆགས་པ་ཡང་ཡོད་ཆོག ལར་སྔར་གྱི་ཡུལ་ལུང་དེ་ཚོར་མངའ་དབང་སྒྱུར་མཁན་གྱི་དཔོན་རིགས་མང་པོ་ཞིག་ཆོས་བྱེད་ཀྱི་གཤེན་པོའམ་ཆོས་བདག་སྟེ། བོན་ཆོས་ཀྱི་གོ་གནས་ཡོད་པའི་ཐོག་འབངས་མི་དམངས་ཀྱིས་ཀྱང་ཆོས་མིན་གྱི་དཀའ་ངལ་ཆེ་ཕྲའི་རིགས་ཅི་ཞིག་བྱུང་ནའང་ཁོ་ཚོར་སྐྱབས་སུ་ཞུ་མཁན་ཡང་ཡོད། རིམ་པས་ཆོས་བྱེད་ཀྱི་གཤེན་པོ་ཚོས་ཀྱང་ཡུལ་འབངས་སྤྱི་ཡི་ཐུགས་འགན་མ་ཁུར་རང་ཁུར་ཆགས་པ་ཡང་ཡོད་སྲིད། གང་ལྟར་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་སྲོལ་ནི་ཐོག་མར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་འདུལ་བྱ་འགྲོ་བ་འདྲེན་པའི་ཆེད་དུ་ཚེ་ལོ་བརྒྱ་པའི་སྟོན་པར་འཇིག་རྟེན་གྱི་ཁམས་སུ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་བསྟན་ནས་རྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་དབུས་ཀྱི་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་སྲས་སུ་སྐུ་སྐྱེ་བ་བཞེས་ནས་བྱོན་ཡོད་ལ། དེ་ཡང་སྟོན་པ་མཆོག་སྐུ་སྐྱེ་བ་བཞེས་ནས་མི་ལོ་གཅིག་རིང་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་དང༌། དེ་ནས་འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་ཁྲིར་མངའ་གསོལ་ཞིང༌།སྟོན་པས་ཀྱང་དབང་བསྒྱུར་རྒྱལ་པོའི་བཀའ་ཁྲིམས་བསྩལ་ནས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་མཐའ་མནན། བོན་ཁྲིམས་དར་གྱི་མདུད་པས་དམ་དུ་བསྡམས་ཏེ། འདི་ཕྱིའི་འདུན་མའམ་གཞི་རྩ་སྤྱི་ཚོགས་ཀྱི་དགོས་འདུན་བསྐོང་བའི་ཆེད་རྒྱལ་ཁྲིམས་དང་བོན་ཁྲིམས་གཉིས་མཉམ་འབྲེལ་གྱི་སྒོ་ནས་གཏན་འབེབས་བྱས་ཏེ་རྒྱལ་ཁམས་བསྐྱངས་པ་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་ཀྱི་རྒྱལ་བུས་བཀའ་ཁྲིམས་བསྩལ་བའི་མདོ་ལས། དེ་ནས་སྟོན་པས་འཁོར་རྣམས་ལ་བཀའ་བསྩལ་པ། ཉོན་ཅིག་འདུས་པའི་འཁོར་རྣམས། ཞེས་པ་ནས། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ། ད་ལྟ་རྒྱལ་པོའི་སྲས་སུ་སྐྱེ་བ་བཞེས་ནས། ཚངས་རྒྱུང་ཉེར་ལྔའི་ཞིང་འདིར་འཁོར་ལོ་བསྒྱུར་རྒྱལ་གྱི་བཀའ་ཁྲིམས་ནོན་ཅིང༌། སྟོང་གསུམ་མི་བཅེད་འཇིག་རྟེན་ཤིན་ཏུ་འདུལ་དཀའ་བ་འདི་འདུལ་བ་ཡིན་པས། ཞེས་དང༌། མདོ་དེ་ཉིད་ལས། འཇིག་རྟེན་ཞིང་ཁམས་བདེ་ལ་བཀོད་པ་དང༌། སྣང་སྲིད་ཁ་ལོ་གྱེན་དུ་བསྒྱུར་པ་དང༌། གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བ་དང༌། འདི་ཕྱི་གཉིས་ཀ་བདེ་བ་འཐོབ་ཕྱིར་ཡིན། རྒྱལ་བུའི་ཁྲིམས་ལ་རྣམ་པ་གཉིས་ཡིན་ཏེ། དོན་དམ་དངོས་པོར་བདེན་པའི་བོན་ཁྲིམས་དང༌། ཀུན་རྫོབ་མཚན་མ་བདེན་པའི་བཀའ་ཁྲིམས་གཉིས། ཞེས་དང༌། ཡང་མདོ་དེ་ཉིད་ལས། བདག་གི་འཁོར་དུ་གཏོགས་པ་ཐམས་ཅད་ཀུན། འཇིག་རྟེན་ཁམས་ན་རྒྱལ་པོ་མང་ལགས་ཀྱང༌། རྒྱལ་པོའི་གོང་དུ་ཆེ་བ་བླ་མཆོད་ཡིན། ཚངས་རྒྱུང་ཞིང་ལས་རི་རབ་མཐོ་ལགས་ཀྱང་། དེ་བས་གོང་དུ་དཔག་བསམ་ལྗོན་ཤིང་ཡིན། ཞེས་སོགས་གསུངས་ཤིང༌། རྒྱལ་བུས་བཀའ་ཁྲིམས་བསྩལ་བའི་མདོ་འདི་ནི་འཛམ་གླིང་འདིར་ཆོས་ལུགས་ཤིག་དང་སྲིད་ལུགས་བར་མཉམ་འབྲེལ་བྱས་པའི་ཁྲིམས་སྲོལ་གཏན་འབེབས་ཀྱི་ཡིག་ཆ་ཐོག་མ་རུ་འཇོག་ཆོག མདོར་ན་སྟོན་པས་གཤེན་གྱི་དགུང་ལོ་སོ་གཅིག་མ་བཞེས་ཀྱི་བར་རྒྱལ་པོའི་ཁྲིར་བཞུགས་ནས་དབང་བསྒྱུར་འཁོར་ལོ་བསྒྱུར་རྒྱལ་གྱི་སྒོ་ནས་འགྲོ་བ་དྲངས་པའོ། ། དུས་དེ་ནས་བཟུང་སྟེ་འོལ་གླིང་གཙོས་གཡུང་དྲུང་བོན་ལ་སྤྱོད་པའི་ཕྱོགས་མཐའི་རྒྱལ་ཕྲན་ཚོས་རྒྱལ་བུའི་བཀའ་ཁྲིམས་ལྟར་རང་གི་རྒྱལ་ཁམས་དེ་བོན་སྲིད་གཉིས་འབྲེལ་གྱིས་བསྐྱངས་སྲོལ་བྱུང་བ་ལས་རིམ་པར་ཞང་བོད་ཀྱི་ཁུལ་དུ་ཡང་དེའི་སྲོལ་དེ་དར་རྒྱས་སུ་བྱུང་ཡོད་སྐོར་འོག་ནས་རིམ་པར་འཆད་རྒྱུ་ཡིན།

ཞང་ཞུང་ཡུལ་དུ་བོན་སྲིད་ཀྱི་འབྲེལ་བ་བྱུང་ཚུལ་སྐོར།

      ཞང་ཞུང་ཡུལ་འདི་ལ་སྒོ་ཕུགས་བར་གསུམ་དུ་ཕྱེ་བ་དང༌། ཕུགས་པ་དེ་སྟོན་པ་གཤེན་རབ་མི་བོའི་འཁྲུངས་གཞིས་འོལ་མོ་ལུང་རིང་དང༌། བར་པ་དེ་རྒྱལ་མཁར་བ་ཆོད་ཅེས་གཡུང་དྲུང་བོན་གྱིགསང་སྔགས་ཀྱི་གྲུབ་ཆེན་མི་ལུས་བསམ་ལེགས་ཀྱི་འཁྲུངས་སའི་ཞིང་ཁམས་ཀྱི་ཁྱོན་ལ་བཞག་ཀྱི་ཡོད། ཡུལ་དེར་རྒྱལ་ཁམས་བོན་བཞིན་བསྐྱངས་ཚུལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་དབུ་འཆད་ལོ་རྒྱུས་སུ་གསལ་བ་ལྟར། ཕྱི་ཡི་རྒྱལ་ཁམས་ནི་རྣམ་དག་པད་མ་གཡུང་དྲུང་ཀློང་གི་ལུགས་སུ་བསྐྱང་བ་ཡིན་ཏེ། ཡུལ་སྡེ་སུམ་ཅུ་རྩ་གཉིས་ལ་རྒྱལ་ཕྲན་སུམ་ཅུ་རྩ་གཉིས་བསྐོ་ལ། ཁྲིམས་ནིདྲང་སྲོང་ཐེག་པའི་ལུགས་དང་བསྟུན་ཏེ། སྲོག་བཅད་ན་མགོ་གཅོད། མ་བྱིན་བླངས་ན་མིག་འབྱིན།རྫུན་སྨྲས་ན་ལྕེ་བྲེགགཞན་དབང་ལ་མི་གཙང་པར་སྤྱད་ན་འབྲས་བུ་ཕུད། དེ་ལྟར་བྱས་པས་ཕྱི་ཡིརྒྱལ་ཁམས་ལ་ངན་པ་མེད་ཅིང་བདེ་བར་འགྱུར་རོ། །ཞེས་དང༌། ནང་གི་རྒྱལ་ཁམས་ནི་ཀུན་གསལ་བྱམས་མ་ཆེན་མོ་འབུམ་གྱི་ལུགས་སུ་སྐྱོང་བ་ཡིན་ཏེ། ཞིང་ཁམས་ཀྱི་སྤྱི་རྗེ་བཞི། ཁྲིམས་ཀྱི་འདུལ་དཔོན་བརྒྱད། བཀའ་ཁྱེར་གྱི་དཔང་པོ་བཅུ་དྲུགཡོན་ཏན་གྱི་བློ་འཛིན་སོ་གཉིས། འཕྲིན་ལས་ཀྱི་འདུལ་དཔོན་ལྔ་ཅུ་བསྐོ་ལ། ཁྲིམས་ནི་ཡེ་གཤེན་གཡུང་དྲུང་སེམས་དཔའི་ལུགས་སུ་བསྟུན་ཏེ། འགྲོ་བའི་དོན་དུ་གང་འགྱུར་བ་དང༌། ལས་ཀྱི་གྲུབ་གང་ཆེ་བ་དང༌། དགེ་བའི་འཕེལ་སྟོབས་གང་ཆེ་བ་དང་བསྟུན་པའི་བྱ་བ་ཡོངས་སུ་བསྒྲུབས་པས་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ།།ཞེས་དང་ཡང༌། གསང་བ་རྒྱལ་པོའི་ཕོ་བྲང་ནི། ཐུགས་རྗེ་ཉི་མ་གསང་མཆོག་གི་ལུགས་སུ་བཅའ་བ་ཡིན་ཏེ། རི་བོ་ཆེ་ལྔ་ལ་གསས་ཁང་ཆེན་པོ་ལྔ། དེ་ལ་བདེ་ཆེན་གྱི་མཆོད་རྟེན་བཞི་བཞི། མཐུ་རྩལ་གྱི་འདུ་གནས་མཁར་ཆེན་བརྒྱད་བརྒྱད། འདོད་ཡོན་འབྱུང་བའི་གྲོང་ཁྱེར་བཅུ་དྲུག་པ་རེ་རེ། དེའི་ཕྱི་རིམ་རིན་པོ་ཆེའི་རྩིག་པའི་དཀྱུས་རིང་གཉིས་སྦགས་ལ། ནང་ཁྱམས་སུ་ཁྲིམས་ཀྱི་སྡེ་སྐྱོང་གི་དམག་དང་ཆས་པའི་བརྒྱ་ཉི་ཤུའི་ཕོ་བྲང༌། ཕྱི་ཁྱམས་ཀྱི་རྒྱུན་གྱི་འདོད་ཡོན་ལོངས་སྤྱོད་འདབ་པའི་སྡེ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་ཕོ་བྲང༌། མཐའ་ལྕགས་རི་ཆེན་པོ་གཅིག་གིས་ཡོངས་སུ་བསྐོར་བ། དམག་གི་རྒྱལ་པོ་བཞི། དྲག་པོའི་ཁྲིམས་སྐྱོང་བརྒྱད། དེ་དག་རེ་རེ་ལའང་འཁོར་དང་སྡེ་དང་བྲན་དུ་བཅས་པའི། མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ། དབུས་ཀྱི་མཁར་ཆེན་བརྒྱད་དང་བཞི་བཅུ་དང༌།སྟོང་རྩ་བརྒྱད་བརྩིགས་ནས། ཁྲིམས་ནི་དཀར་ཐེག་པའི་ལུགས་དང་བསྟུན་ཏེ། རྒྱལ་པོ་དང༌།བླ་མ་དང༌། རྒྱལ་ཁྲིམས་དང༌། རྒྱལ་བུས་དཔེ་མཚོན་ནས་བསྐྱངས། ཞེས་རྒྱལ་ཁྲིམས་ཀྱང་བོན་ཁྲིམས་ཀྱི་ལུགས་བཞིན་བསྒྱུར་ཏེ་ཡུལ་ཁམས་དེའི་མི་རྣམས་སོ་སོའི་རྣམ་དཔྱོད་མཐོ་དམན་ལ་ལྟོས་ནས་བོན་ཕྱི་ནང་གསང་གསུམ་དང་ཕྱི་ནང་རིག་པའི་གནས་ལྔ་སོགས་ལ་ཉམས་ལེན་ལྷུར་ལེན་མཛད་པས་ཐེག་པ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་རྒྱལ་གཤེན་བསམ་ལེགས་ཉིད་དང་དགོངས་པ་མཉམ་པ་ལྔ་བརྒྱ་སོགས་བྱུང་བ་དང་མཐར་རྒྱལ་ཁམས་སྟོང་པ་ཙམ་གསང་ཆེན་རྒྱལ་བའི་གོ་འཕང་ཐོབ་པར་གསུངས་ཡོད། ཞང་ཞུང་སྒོ་པ་ནི་དབུས་ཀྱི་མཁར་ཁྱུང་ལུང་དངུལ་མཁར་ནས་ཕྱེས་ཏེ་སྟོད་མངའ་རིས་སྐོར་གསུམ་གཙོས་བོད་ཀྱི་ནུབ་བྱང་ཕྱོགས་ཀྱི་ཡུལ་ལྗོངས་ཕལ་ཆེ་བ་དང༌། རྒྱ་གར་ནང་གི་ལ་དྭགས་དང་ཁུ་ནུ། བལ་པོའི་ནང་སྟོད་བྱང་ཕྱོགས་ཀྱི་ཡུལ་ལུང་ཆ་ཚང་ཞང་ཞུང་སྒོ་པའི་ས་ཁྱོན་དུ་བརྩིས་ཡོད། དེ་བཞིན་སྒོ་པ་ལ་ཡང་སྒོ་ཕུགས་བར་གསུམ་དུ་ཕྱེ་རྒྱུ་ཡང་ཡོད། འོན་ཀྱང་ཕྱིས་བྱུང་ལོ་རྒྱུས་ཕལ་ཆེ་བའི་ནང་ཞང་ཞུང་ནི་བོད་ཀྱི་ཕྱོགས་གཏོགས་རྒྱལ་ཕྲན་ཆུང་ངུ་ཞིག་ཡིན་པ་ལས་བསྟན་མེད། བོན་གྱི་ལོ་རྒྱུས་ཡོངས་གྲགས་སུ་དེ་ལས་ལྡོག་ཏེ་ཞང་ཞུང་ཡུལ་ཁྱོན་ནི་ཧ་ཅང་གི་རྒྱ་ཆེ་ཞིང་དམག་འབུམ་སྡེ་ལྷག་ཡོད་རབས་སོགས་དང༌། བོད་ནི་དེའི་ཟུར་གྱི་རྒྱལ་ཕྲན་ཞིག་ཡིན་པ་དང་དམག་ཁྲི་སྡེ་ཙམ་ལས་མེད་པར་བསྟན་ཡོད། བཤད་ཕྱོགས་འདི་སྔར་གྱི་རྒྱ་ནག་ཐང་གོང་མའི་རྒྱལ་རབས་སུའང་འཁོད་ཡོད་འདུག་པ་སྟེ། སྤྱི་ལོ་༢༠༠༤ལོའི་པོ་ཏ་ལ་དུས་དེབ་འདོན་ཐེངས་བཅུ་པའི་ཐོག་ཞང་ཞུང་ཤེས་རིག་སྐོར་གླེང་བ་ཞེས་པའི་རྩོམ་ཡིག་ལས་འདི་ལྟར་བཤད་འདུག ཞང་ཞུང་དང་ཐང་གོང་མའི་བར་གྱི་འབྲེལ་བ་དེ་ཐང་བོད་ཀྱི་འབྲེལ་བ་ལས་སྔ་སྟེ། སྤྱི་ལོ་༦༣༡ལོའི་ཟླ་༡༢པར་ཞང་ཞུང་གི་ལེགས་སྐྱེས་འབུལ་མི་ཐང་གོང་མའི་དྲུང་དུ་འབྱོར་བར།གོང་མ་མཆོག་ནས་ཐག་རིང་ནས་ཕེབས་པའི་ཕོ་ཉ་དེར་བསྔགས་བརྗོད་ཆེན་པོ་གནང་བ་དང་སྦྲགས་འབུལ་བའི་སྐྱེས་སུ་ཕྱག་རྟགས་ཀྱི་རྫོངས་བ་གྱ་ནོམ་པ་བསྩལ་ནས་ཕྱིར་མངགས། ཞེས་པ་ནས་ཡང༌། འོན་ཀྱང་སྤྱི་ལོ་༦༤༤ལོར་སླེབས་སྐབས་ཞང་ཞུང་རྒྱལ་པོས་སྲོང་བཙན་སྒམ་པོའི་གཅུང་མོ་སད་མ་དཀར་ལ་མ་འདོད་པའི་རྣམ་འགྱུར་ངན་པ་བསྟན་པ་ལས། སྐབས་དེའི་ཞང་ཞུང་གི་སྟོབས་ཤུགས་དེ་བཙན་པོའི་སྟོབས་ཤུགས་ལས་ཆེ་བ་ཡོད་པ་དང༌། བོད་རྒྱལ་བཙན་པོ་ཚང་ལ་མཐོང་ཆུང་བྱས་པ་མཚོན་ཡོད། ཅེས་སོགས་ཐང་ཡིག་ཏུ་འཁོད་ཚུལ་བྲིས་འདུགགང་ལྟར་ཞང་ཞུང་བར་པའི་ཡུལ་འདིར་ཡང་རྒྱལ་གཤེན་མཆོད་ཡོན་གྱི་སྡེ་གཉིས་འཕེལ་རྒྱས་བྱུང་ཚུལ་ཡང་ཐོག་མར་སྟོན་པ་གཤེན་རབ་མི་བོ་མཆོག་ཞང་ཞུང་སྨར་གྱི་ཡུལ་རི་བོ་གངས་ཅན་ཏི་སེའི་མདུན་རྒྱང་རི་གཡུ་ལོ་རྫོང་མཁར་དུ་ཞབས་བཅགས་ཤིང༌། ཞང་ཞུང་བོན་གྱི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་རིན་པོ་ཆེའི་མཆོད་སྤྲིན་སྣ་ཚོགས་ཕུལ་ཏེ། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང༌། སྒོས་བདག་གཞན་གྱི་ཚོགས་རྫོགས་སྒྲིབ་སྦྱོང་ཆེད་གཡུང་དྲུང་གསང་བའི་བཀའ་ལུང་ཞུས་པ་བཞིན། སྟོན་པས་མདོ་ཁྲི་རྗེ་ལུང་བསྟན་གྱི་བོན་སྡེ་དེ་ཉིད་རྒྱལ་པོ་འཁོར་བཅས་ལ་གསུངས་ཤིང་། བོན་སྡེ་དེ་ཡང་མི་དབང་ཧོས་རྗེ་ཁྲི་ཝེར་ལ་བསྟན་པ་བཞག་ཅིང༌། གསས་ཁང་ནོར་བུ་སྤུངས་བརྩེགས་བཞེངས་པས། རྒྱལ་པོ་ཉིད་ཀྱང་གཡུང་དྲུང་བོན་གྱི་བསྟན་སྦྱིན་ཆེན་པོར་གྱུར། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་དང་ཞང་ཞུང་བོན་གྱི་རྒྱལ་ཁམས་སུ་ཐོགས་པ་དེ་ནས་བྱུང༌། ཞེས་སྔ་རབས་བོན་གྱི་གླེང་གཏམ་དུ་གྲགས། སྐབས་དེ་ནས་བཟུང་གཡུང་དྲུང་བོན་གྱི་རིང་ལུགས་འདི་ནི་རྒྱལ་ཁབ་འདི་ཡི་ཡུལ་ལུང་ཀུན་ཏུ་ཁྱབ་སྟེ་རྒྱལ་རབས་དང་མི་རབས་མང་པོའི་རིང་སྔར་སྟོན་པ་གཤེན་རབ་མི་བོས་དམུ་རིགས་འཕྲུལ་གྱི་རྒྱལ་པོ་གནང་སྐབས་ཀྱི་རྒྱལ་ཁམས་སྐྱོང་ཚུལ་བཞིན་ཡུལ་འདིར་ཡང་གཙོ་བོ་རྒྱལ་པོ་རང་གིས་དབུ་ཁྲིད་ནས་གཡུང་དྲུང་བོན་གྱི་གསང་སྔགས་དང་ཡང་རྩེ་རྫོགས་པ་ཆེན་པོ་སོགས་ལ་ཉམས་ལེན་མཐར་ཕྱིན་ནས་མཐར་ཕུང་པོ་ས་ལ་མ་བཞག་པར་ཟག་མེད་འཇའ་ལུས་སུ་གཤེགས་པ་སོགས་གྲངས་ཀྱིས་མི་ལང་བ་བྱུང་བའོ། །

བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་བྱུང་བའི་སྐོར།

      བོད་ཡུལ་འདིར་བོན་སྲིད་གཉིས་འབྲེལ་གྱི་རྒྱུད་རིམ་ནི་ཕྱོགས་བསྡོམས་བྱས་ན་དུས་རིམ་བཞི་ཡི་སྒོ་ནས་བཤད་ཆོག་པ་སྟེ། དང་པོ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་གྱི་རིང་བོན་སྲིད་མཉམ་འབྲེལ་ཐོག་མར་བྱུང་བ་དང༌། བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་རྒྱལ་གཤེན་བར་ཆབ་སྲིད་ཀྱི་ཐོབ་དབང་ཆེད་འགལ་འཁྲུག་ཤོར་བ། སླར་རྒྱལ་སྲས་སྤུ་སྡེ་ནས་སྲོང་བཙན་བར་བོན་སྲིད་མཉམ་འབྲེལ་བྱུང་བའི་བརྒྱུད་རིམ་དང༌། སྲོང་བཙན་ནས་རིམ་པར་བོན་གཤེན་གྱི་སྐུ་དབང་མར་ཉམས་པ་དང་མཐར་བོད་ཡུལ་འདིར་གཤེན་པོས་སྲིད་ཀྱི་འགྲོ་དོན་གནང་ཕྱོགས་དེ་རེ་ཞིག་མཇུག་བསྡུས་ཚུལ་བཅས་སྡེ་ཚན་བཞིར་ཕྱེས་ཏེ་འཆད་རྒྱུ་ཡིན། དེ་ཡང་སྟོན་པ་གཤེན་རབ་མི་བོའི་མཛད་ཆེན་རྣམ་པ་བཅུ་གཉིས་ལས་བསྟན་པ་རྗེས་བཞག་གི་མཛད་པའི་སྐབས་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་ཕྱི་རབས་ཀྱི་དོན་དུ་ལུང་བསྟན་པ། མདོ་དྲི་མེད་གཟི་བརྗིད་ལས། ནམ་མཁའ་སྣང་བ་མདོག་ཅན་ཁྱོད། ཁྲི་བདུན་བར་ལ་བདུན་ཚིགས་དང༌། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ཅེས་ལུང་དུ་བསྟན་ཞིང༌། གནའ་རབས་བོད་ཀྱི་གཏམ་དུ།གནམ་ལ་ཉི་ཟླ་ཟུང་གཅིགས་ལ་རྒྱལ་གཤེན་ཟུང་གཅིགཅེས་གནའ་རབས་ཀྱི་ལོ་རྒྱུས་ཁག་དང་བོད་མི་མེས་པོ་ཚོའི་ཞལ་རྒྱུན་དུ་འབྲུག་ལྟར་གྲགས་ཤིང༌། མཁས་དབང་དཔལ་ཚུལ་གྱི་བསྟན་འབྱུང་ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། གཤེན་ལ་སྔ་བ་སྣང་བ་མདོག་ཅན་དང༌། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དང༌། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་ཞེས། སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ཡིན། ཞེས་དང༌། རྒྱལ་རབས་བོན་གྱི་འབྱུང་གནས་ལས་འཛམ་བུ་གླིང་ན་མང་ཞིང་ཆེ་བར་གྲགས་པའི་མེས་པོ་སེང་གེ་འགྲམ་གྱི་རྒྱུད་པ་ནི་བོད་ན་མེད། རྒྱལ་ཁྲིམས་མེད་ཀྱང་བོན་ཁྲིམས་དར་ལ་རྒྱས་པས་བོད་ཁམས་བདེ་ཞིང་སྐྱིད། གཤེན་ནམ་མཁའི་མདོག་ཅན་བོད་ན་བཞུགས་པའི་དུས་སོ། །ཞེས་གསུངས་པ་ལྟར་བོད་འདིར་རྒྱལ་པོ་མ་བྱུང་བའི་སྔ་རོལ་དུ་ཡུལ་ཕྲན་ཐོར་བུ་འམ་རྒྱལ་ཕྲན་སིལ་མ་དེ་ཚོ་བོན་ཁྲིམས་ཀྱིས་བསྡམས་ཏེ་བོན་གཤེན་གྱིས་དབུ་ཁྲིད་ནས་བསྟན་སྲིད་སྐྱོང་གི་ཡོད་པ་གསལ་པོར་བསྟན་འདུགགང་ལྟར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཉིད་ཤེས་ལྡན་གྱི་བོན་པོ་ནུས་པ་ཅན་བཅུ་གཉིས་ཀྱིས་གཙོས་བོན་འབངས་ཡོངས་ཀྱིས་ཐབས་མཁས་ཀྱི་དཔུང་ཤུགས་ལ་བརྟེན་ནས་སྤྱི་ལོའི་སྔོན་གྱི་ལོ་༡༡༣༧ལ་བོད་ཀྱི་རྒྱལ་པོ་དང་པོར་མཚན་གསོལ་བ་ནས་བཟུང༌། གཡུང་དྲུང་བོན་གྱི་ལུགས་ལ་ཆབ་སྲིད་འཛིན་པའི་རྒྱལ་པོ་རེར་གོང་དུ་བཀུར་རྒྱུའི་བོན་གཤེན་ཏེ་རྒྱུན་དུ་རྒྱལ་པོས་ཕྱི་ནང་གི་མཛད་འཕྲིན་ཆེ་ཕྲ་གང་ཞིག་གནང་ནའང་སྔོན་དུ་མོ་རྩིས་གཏོ་དཔྱད་སོགས་ཀྱིས་ལེགས་ཉེས་ཅི་ཡོང་བརྟགས་ཤིང་ལྷ་སྲུང་བོན་སྐྱོང་གི་ཚོགས་ལ་འཕྲིན་བཅོལ་སོགས་གནང་མཁན་མཆོད་གནས་སམ་སྐུ་སྲོག་སྲུང་བའི་བོན་གཤེན་གཅིག་དང༌། དབུ་ཡི་རྒྱལ་པོ་གཙོས་འཁོར་འབངས་ཀུན་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་སྟོན་ཅིང་དབང་དང་གདམས་ངག་སྟོན་པའི་དཔོན་གསས་གཅིགརྒྱལ་པོས་ཕྱི་ཡི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་བར་འབྲེལ་མོལ་གྱི་བཀའ་ཡིག་གཏོང་ལེན་དང་ཐུན་མིན་བོན་གྱི་གཞུང་ལུགས་ཀྱི་དགོངས་དོན་དག་ཞང་སྐད་ལས་བོད་སྐད་དུ་ལོ་ཙཱ་སྒྱུར་མཁན་ཏེ་བོན་གྱི་ལོ་པན་ཞིགདུས་རྣམ་ཀུན་རྒྱལ་པོ་རང་གིས་སྒྲུབ་པ་ཉམས་ལེན་གཙོ་བོར་བྱེད་རྒྱུའི་ཐུགས་དམ་གྱི་བོན་ཞིགརྒྱལ་པོ་རང་གི་བོན་ལ་སྤྱོད་ཅིང་རྒྱལ་འབངས་ཀུན་གྱི་དད་རྟེན་དུ་བཞེངས་པའི་ཐུན་མིན་བོན་གྱི་གསས་ཁང་ཞིག་བཅས་སྔ་ཐོག་གི་སྲོལ་ལྟར། གཉའ་ཁྲི་བཙན་པོའི་སྐུ་སྲུང་བའི་གཤེན་ནི་ཡ་ངལ་མཚེ་གཅོའུ་གསུམ།འདྲེན་པའི་དཔོན་གསས་དང༌། བཀའ་ཡི་ལོ་པཎ་ནི་གཤེན་ནམ་མཁའ་སྣང་བ་མདོག་ཅན། ཐུགས་དམ་གྱི་བོན་ནི་སྤྱི་སྤུངས་བོན་སྐོར་རམ་དབལ་རམ་སོགས། གསས་ཁང་ནི་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་ཡོད་པ་མ་ཚད་རྒྱལ་ཁབ་ཀྱི་སྲིད་ཁྲིམས་དང་རྒྱལ་དམངས་ཀྱི་བྱེད་སྒོ་གང་དང་གང་ཞིག་སྤེལ་ནའང་གཞི་རྩ་བོན་གྱི་སྲོལ་ལས་མ་འདས་པར་གནའ་བོའི་རིག་གནས་དང་བོན་གྱི་གཞུང་ལུགས་ཀྱི་ཁྱད་ཆོས་དག་སྤྱི་ཚོགས་ཀྱི་མཁོ་མདུན་དང་ཆབ་སྲིད་སྲ་བརྟན་གྱི་གཞི་རྩར་དམིགས་ཏེ་སྲིད་ལུགས་དང་མཉམ་བསྲེས་བྱས་ཤིང་བོན་གཤེན་དག་ལའང་ཆབ་སྲིད་ཀྱི་གོ་གནས་ཆེས་མཐོན་པོ་རེ་ཕུལ་ཡོད་པ་སྟེ། སྐབས་དེར་བོད་ནི་གསར་དུ་གཅིག་བསྒྱུར་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་དེའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་སྟོབས་འབྱོར་ཆེ་ཤོས་དེ་ཞང་ཞུང་ཡིན་ཞིང་ཞང་ཞུང་ནི་མཐའ་གཅིག་ཏུ་བོན་གྱི་བསྟན་པར་དད་ཞེན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ད་དུང་སྐབས་དེར་བོད་ཡུལ་དུ་བོན་གྱི་དམིགས་གསལ་གྱི་བྱེད་སྒོ་ཁག་སྤེལ་བར་དབུ་འཁྲིད་མཁན་ནམ་ལམ་སྟོན་མཁན་གྱི་བླ་མ་གཙོ་བོ་དེ་ཞང་ཞུང་ནས་བོན་གྱི་རིག་འཛིན་ཞིག་སྤྱན་འདྲེན་སྲོལ་ཡང་བྱུང་ཡོད།འོན་ཀྱང་བོད་ཀྱི་ཆོས་པས་བྲིས་པའི་ལོ་རྒྱུས་ཁག་ཏུ་རྒྱལ་པོ་འདི་ཡི་མཚན་ཙམ་ལས་ཁོང་གི་སྐུ་གཤེན་སུ་ཡིན་དང་བོན་གང་ལ་སྤྱད་རབས་སོགས་བྲིས་མེད། མཁས་དབང་དུང་དཀར་བའི་ཆོས་སྲིད་ཟུང་འབྲེལ་ལས་བོད་ཀྱི་ཆབ་སྲིད་དང་བོན་པོའི་ཆོས་ལུགས་གཉིས་ཟུང་འབྲེལ་བྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་སངས་རྒྱས་ཆོས་བོད་དུ་མ་དར་གོང་ནས་བྱུང་ཟིན་ཡོད་པ་ལྟ་བུ་ཞིག་འདུག་རུང་ཞིབ་ཏུ་བརྟགས་སྐབས། དེ་དུས་རྒྱལ་པོ་ཚོར་སྐུ་བོན་ཟེར་བའི་བླ་མ་ཞིག་ཡོད།དེ་རྣམས་རྒྱལ་པོའི་སྐུ་རིམ་བྱེད་མཁན་ཙམ་ཡིན་པ་ལས་སྲིད་དབང་འཛིན་མཁན་ཡིན་ཚོད་མི་འདུག ཅེས་ཐུགས་ཐག་ཆོད་པོའི་སྒོ་ནས་གསུངས་ཡོད་ཀྱང༌། མཁས་དབང་ཁོང་བོན་གཞུང་དང་བོན་གྱི་བྱུང་རབས་ལ་དེ་ཙམ་གྱིས་གཟིགས་ཁོམ་མ་བྱུང་བར་ནམ་རྒྱུན་བོད་ཀྱི་ཆོས་འབྱུང་ཁག་གི་གསུང་ཚུལ་ཙམ་ལ་དཔྱད་ཞིབ་ཀྱི་སྒོ་ནས་འདི་འདྲ་ཞིག་གསུངས་པ་ཡིན་ཚོད་དུ་སྣང༌། འོན་ཀྱང་རང་རེའི་བོད་ཀྱི་ཆོས་འབྱུང་རེ་ཤས་སུ་སྔར་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་གསུངས་ཡོད། བོན་གྱི་ལོ་རྒྱུས་སུ་སྒྲུང་ལྡེའུ་ཞེས་པས་ཆབ་སྲིད་བསྐྱངས་ཚུལ་གྱི་ཐ་སྙད་དེ་དཀོན་པོ་རེད་འདུག གཉའ་ཁྲི་བཙན་པོའི་སྐབས་ཀྱི་རྒྱལ་གཤེན་བར་གྱི་མཆོད་ཡོན་འབྲེལ་བ་བཤད་ཟིན་ཞིང༌། འོག་ནས་མུ་ཁྲི་ནས་རྒྱལ་རབས་རྗེས་མ་དག་གི་སྐབས་རྒྱལ་གཤེན་བར་གྱི་མཆོད་ཡོན་གྱི་འབྲེལ་བ་དང་གཤེན་པོའི་སྐུ་དབང་ཐོབ་ཐང་ངམ་གཤེན་པོར་ཆབ་སྲིད་ཀྱི་སྐུ་དབང་ཅི་ཡོད་སྐོར་བཅས་འཆད་རྒྱུ་ཡིན། སྤྱི་ལོའི་སྔོན་གྱི་ལོ་༡༠༧༤ལ་བོད་རྒྱལ་མུ་ཁྲི་བཙན་པོ་འཁྲུངས། ཁོང་གི་སྐུ་གཤེན་གཅོའུ་ལན་ཚས་མཛད། གསས་ཁང་ཁོ་མ་ནེའུ་བཏབ། འདྲེན་པའི་དཔོན་གསས་ནི་ནམ་མཁའ་སྣང་བ་མདོག་ཅན་ནོ། གཤེན་སྣང་བ་མདོག་ཅན་ནི་བོད་རྒྱལ་གཉའ་ཁྲི་ཡབ་སྲས་གཉིས་ཀའི་དཔོན་གསས་ཡིན་པ་མ་ཚད། རྒྱལ་སྲས་མུ་ཁྲིས་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་པའི་གཙོ་བོ་ཡང་ཡིན་པར་གསུང་མཁན་གཅིག་དང༌། གཉའ་ཁྲིའི་ཡར་སྔོན་ནས་བོད་དུ་བྱོན་ཟིན་པར་འདོད་པ་རྒྱལ་རབས་བོན་གྱི་འབྱུང་གནས་ལྟར་ལོ་རྒྱུས་གསུང་སྒྲོས་གཉིས་སུ་འདུག་ཀྱང་བདེན་མིན་གྱི་ཁ་ཚོན་གཅོད་དཀའ་བར་བསམ། གང་ལྟར་རྒྱལ་སྲས་མུ་ཁྲིས་གཤེན་པོ་དེ་དག་གིདྲུང་ནས་སྤྱི་སྤུངས་ལ་སོགས་བོན་རྣམས་ཞུས་ནས། བསླབ་པས་དོན་གོ བསྒྲུབ་པས་དོན་གྲུབ། བསྒོམ་པས་དོན་རྟོགས་ནས་རྟག་གཟིགས་ལ་སོགས་འཛམ་བུ་གླིང་གི་ལོ་ཙཱ་བསྒྱུར། བོད་ཡུལ་དུ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་ལྷག་བཙུགས་ནས་བོན་གྱི་རིག་འཛིན་ཆེན་པོར་གྱུར། ཅེས་གསུངས་པ་ལྟར༌། མུ་ཁྲི་བཙན་པོ་ནི་སྐབས་དེའི་བོད་ཀྱི་རྒྱལ་པོ་ཡང་ཡིན་ལ་བོན་གྱི་གསང་སྔགས་ཀྱི་གྲུབ་ཆེན་ཞིག་ཏུའང་གྱུར་པས་ད་ལྟ་ཡང་གསང་སྔགས་བླ་རྒྱུད་ཀྱི་གྲངས་སུ་འདྲེན་བཞིན་པ་ཡིན། དུས་སྐབས་དེར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་རྒྱུ་འབྲས་ཀྱི་བོན་ཡོངས་སུ་རྫོགས་པ་བོད་ཡུལ་དུ་དར་ཡོད། མདོར་ན་བོད་རྒྱལ་གཉའ་ཁྲི་ཡབ་སྲས་ནས་བཟུང་གནམ་གྱི་ཁྲི་རབས་བདུན་པོ་ཆ་ཚང་གི་རིང་བོན་ཆོས་ཀྱི་དབུ་འཕང་རབ་ཏུ་རྒྱས་ཤིང༌། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ཡང་བོན་ཁྲིམས་ལས་མ་འགལ་བའི་སྒོ་ནས་གཏན་འབེབ་གནང་ཡོད་པ་སྟེ། བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས། མངའ་རིས་ནི་རྒྱལ་པོའི་མངའ་རིས་སུ་བསྒྱུར་ཏེ། དེའི་དུས་སུ་བོད་དང་ཞང་ཞུང་གི་སྐོར་འདིར། མི་རྗེ་ལྷ་ཡི་མཛད་པས་དཔལ་མཐོ། སྐུ་སྲོག་གཤེན་གྱི་བཙས་པས་ཚེ་རིང༌། ལས་སྤྱོད་དགེ་བ་སྤྱད་པས་ལམ་རྒྱུད་གཙང༌། དམུ་ཐག་གནམ་ནས་དྲངས་པས་འཛེག་སྐས་བཟང༌། གཙང་རིགས་ལྷ་རུ་བསྟེན་པས་སྡོང་གྲོགས་བྱེད།རྒྱལ་གྱིས་བོན་གཤེན་བཀུར་བའི་དོན་སྒོམ། ཞེས་དང༌། གྲུབ་པ་ཐོབ་པའི་གཤེན་དགུས་ནི་འགྲོ་དོན་མཛད། མཁས་པ་ཉི་ཤུས་ཉན་བཤད་ཀྱི་རྐང་བཙུགས། མཐུ་ཆེན་མི་དགུས་བསྟན་པ་བསྲུངས།བོན་ཆེན་བཞི་བཅུ་རྩ་གཉིས་ནི་ལྷ་གཤེན་གྱི་འཕྲིན་ལས་བསྒྲུབས། དྲང་སྲོང་རྣམས་ནི་ཕྱི་ཚུལ་དང་ནང་ཁྲིམས་ལ་ཉེས་སྐྱོན་མེད། སྒོམ་ཆེན་རྣམས་ནི་སྐྱེ་མེད་ཀྱི་དོན་སྒོམ། སྒྲུབ་པ་པོ་རྣམས་ནི་གསང་སྔགས་ཀྱི་དོན་བསྒྲུབས། དེ་དུས་གཤེན་པོ་མཐུ་རྩལ་ཅན་རྣམས་ཀྱི་གྲུབ་རྟགས་ལ་དབུ་ཡི་རྒྱལ་པོཡང་ཐུགས་དགྱེས་ཏེ། རྒྱལ་གྱི་གོང་ན་གཤེན་མཐོ་བ་འམ་བཙུན་པའི་ཆེ་རྟགས་ཕུལ་ཏེ། སྐུ་ལ་གཙིགས་བྱིན་ཏེ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་བཅད་ཅིང་གཏུབ་དུ་མེད་པ་དང༌། དར་ལ་སེང་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང༌། གཡི་དཀར་དང་སྤྱང་དཀར་གྱི་སླག་པ་ལ། སྟག་གཟིག་གུང་གསུམ་གྱི་ཏོང་ཁ་བཏགས་པ་དང༌། ཟ་འོག་གི་ལྷམ་ལ་དངུལ་དཀར་གྱི་ཆག་སྒྲོག་བཏགས་ཏེ། གདན་ཁ་ནས་ཆིབས་ལ་འབབ་འཛེགས་བྱེད་དོ། །གསུང་ལ་གཙིགས་བྱིན་པ་གཤེན་ངག་ཚིག་གསུམ་མ་སྨྲས་བར་དུ། རྒྱལ་བློན་སྨྲ་བརྗོད་བྱེད་པ་མེད། ནང་པར་གྲོ་ལ་གཤེགས་ཙམ་ན། རྔ་གཤང་ཐང་གསུམ་མ་བསྒྲགས་ཚེ། རྒྱལ་བློན་གྲོ་ལ་བྱོན་དབང་མེད། གཤེན་གླུ་ཐང་གསུམ་མ་བླངས་པར། རྒྱལ་བློན་བྲོ་གླུ་ལེན་དབང་མེད། ཐུགས་ལ་གཙིགས་བྱིན་པ། ལྷ་རིགས་གཤེན་གྱི་གདུང་རྒྱུད་ལ། ཁ་གཉེར་བྱས་ན་ཁ་བཀྲལ། མིག་ཟུར་བལྟས་ན་མིག་བྲུ། སྣ་གཉེར་བྱས་ན་སྣ་གཅོད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། ལག་དམར་དངོས་སུ་འབུལ་བ། བརྐུས་པའི་ནོར་ནི་ར་འགྱུར་དགུ་རུ་གཅོད། དཔྱ་ཁྲལ་རྒྱལ་པོ་དང་མཉམ་པར་བྱས་སོ། ། བར་གྱི་གོང་ལ་བཙན་པོའི་གདན། གཡས་གྲལ་ལ་བོན་དང་གཡོན་གྲལ་ལ་བློན་སྡོད་པ། རྨངས་ཕལ་པ་ནི་འོག་ནས་བཀའ་སྡོད་དོ། བདེ་སྐྱིད་ཕུན་སུམ་ཚོགས་ཏེ། རྒྱལ་གྱི་སྐུ་འཚོ། བློན་གྱི་བུ་གསོ། ཤི་བ་གནས་སུ་འདུར། དད་པ་ཅན་ལྟ་སྤྱོད་ཀྱིས་འདྲེན། ཤིན་ཏུ་དར་ཞིང་གཉན་པར་བཞུགས་སོ། །ཞེས་སྒྲ་འགྲེལ་ལས་བཤད་པ་ལྟར་དར་རྒྱས་གསལ་སྒྲོན་དུ་དྲངས་འདུགགོང་གི་ལུང་དྲངས་མ་ཐག་པ་དེ་ཚོའི་དོན་ལ་ཞིབ་ཏུ་བསམ་ཚེ་བོད་རྒྱལ་གནམ་གྱི་ཁྲི་བདུན་རིང་བོན་སྲིད་གཉིས་ཀྱི་འབྲེལ་བ་དང་དེའི་སྐབས་གཤེན་པོའི་སྐུ་དབང་ཡང་ག་འདྲ་ཞིག་ཡོད་པ་གསལ། དཔེར་ན་དར་རྒྱས་གསལ་སྒྲོན་ལས་གསུངས་པ་ལྟར། བོན་ཆེན་བཞི་བཅུ་རྩ་གཉིས་ནི་རྒྱལ་གྱི་སྐུ་འཚོ་བའི་གཤེན་བཅུ། བློན་གྱི་གྲོས་འཚོ་བའི་གཤེན་བཅུ། རྒྱ་བོད་ཀྱི་མཐའ་སྲུང་བའི་སྟོད་ན་བཅུ། སུམ་པ་སྟོང་སྡེ་སྨད་ན་སྲུང་བའི་གཤེན་བཅུ། བཀྲ་ཤིས་གཡང་ལོན་ངོ་སྤྲོད་གཉིས་ཏེ་བཞི་བཅུ་རྩ་གཉིས་སོ། །འདིར་དམིགས་བསལ་གྱི་འགྲེལ་བཤད་ཞུ་མ་དགོས་པར་གཤེན་པོ་དེ་དག་གི་མཚན་གྱི་རྣམ་གྲངས་དང་ཆབ་སྲིད་ཀྱི་གོ་གནས་ལས་གཤེན་པོ་ཚོས་སྲིད་དབང་ག་ཚོད་བཟུང་མ་བཟུང་གསལ་པོར་མཐོང་ནུས་པར་འདུག མདོར་ན་རྒྱལ་པོ་དེ་ཀུན་ཀྱང་གཡུང་དྲུང་བོན་གྱི་འབྲས་བུ་གསང་སྔགས་ཀྱི་གདམས་པ་ལ་ཉམས་ལེན་བསྒྲུབ་པ་མཐར་ཕྱིན་གནང་བ་ལ་བརྟེན་ནས་སྐུ་འཇའ་འོད་དུ་གཤེགས་པ་ལ་ཁྲི་བདུན་འོད་ཀྱི་དམུ་ཐག་ལ་བརྒྱུད་ནས་མཁའ་ལ་གཤེགས་ཟེར་བ་ཡང་བྱུང༌།

གྲི་གུམ་སྐབས་རྒྱལ་གཤེན་བར་གྱི་འགལ་བ་འཁྲུག་རྩོད།

   སྔར་གྱི་ལོ་རྒྱུས་བསྔོགས་ཏེ་བོན་སྲིད་མཉམ་འབྲེལ་སྐོར་ལ་ཕྱི་མིག་བལྟ་སྐབས་ཆབ་སྲིད་ཀྱི་འགྲན་ཟླ་དང་མཐོ་རིམ་གྱི་གོ་གནས་ཀྱི་ཆེད་དུ་བོན་གྱི་གཤེན་པོ་དང་ཆབ་སྲིད་ཀྱི་རྒྱལ་པོ་གཉིས་ཀྱི་བར་དུ་ནང་འཁྲུག་ཤོར་ཏེ་སྐབས་འགར་བོན་གཤེན་མཐའ་རུ་སྤྲད་པའི་དུས་སྐབས་ཀྱང་ཚེས་ཡོད། བོད་རྒྱལ་བརྒྱད་པ་གྲི་གུམ་སྐབས་བོན་གཤེན་དང་རྒྱལ་པོའི་བར་འགལ་བ་འཁྲུག་རྩོད་བྱུང་བའི་རྐྱེན་རང་རེའི་ལོ་རྒྱུས་མང་ཆེ་བའི་ནང་གྲི་གུམ་བདུད་རྒྱལ་ཡིན་རབས་དང་ཐེའུ་རང་གི་སྤྲུལ་པ་ཡིན་རབས་སོགས་གླེང་ཞིང་གྲི་གུམ་གྱིས་བོན་བསྣུབས་སྐོར་བཤད་ཡོད་ཀྱང༌། དོན་ངོ་མར་སྔོན་རྒྱལ་པོ་ཡབ་མེས་ཚོས་བོན་གཤེན་ལ་གཙིགས་ཆེན་བཀུར་ཡོད་པ་དང༌། བོན་གཤེན་ཚོས་ཀྱང་རྒྱལ་ཁབ་ཀྱི་ཐུགས་འགན་རྒྱ་ཆེན་པོ་བཞེས་བཞིན་མཐོ་རིམ་གྱི་དབང་ཚད་རྒྱལ་པོ་དང་མཉམ་པར་ཕུལ་ཡོད་པ་བཅས་ལ་རྒྱལ་པོ་གྲི་གུམ་གྱི་སྐབས་སུ་གཤེན་པོ་འགའ་ཡིས་སྔོན་གྱི་ཐོབ་དབང་བེད་སྤྱད་ཐོག་ཧ་ཅང་གིས་མཛད་སྤྱོད་རྩུབ་དྲགས་པ་དེ་དག་རྒྱལ་པོའི་བློན་པོ་འགའ་ཡིས་ཐུགས་ལ་མ་བབས་སྟབས་རྒྱལ་པོར་ཕྲ་མ་ཞུས་པར། རྒྱལ་པོས་གཡུང་དྲུང་བོན་ནི་གཉེན་ཅིང་གཏིང་ཟབ་པས། གཙང་རིགས་ཀྱི་ལྷ་ནི་ཡ་ང་ཞིང་རུ་འཐུར། འོ་སྐོལ་རང་ལ་ཉེས་པ་མི་འོང་ངམ་གསུངས། ཞེས་གསུངས་ཚུལ་ལ་གཞིགས་ཚེ་ཐོག་མར་རྒྱལ་པོའི་དགོངས་པར་བོན་བསྣུབ་རྒྱུར་ཐུགས་མོས་མེད་པའི་བཟོ་བསྟན་འདུག རིམ་པར་ཉེ་སྐོར་གྱི་བློན་ངན་འགས་བསྐྱར་ཞུ་ཡང་ཞུ་བྱས་པ་དང༌། གཞན་ཡང༌། དར་རྒྱས་གསལ་སྒྲོན་ལས། ཕྱི་རྒྱུད་ཀྱི་ལུང་དྲངས་པ་ལྟར་ན། ལྡེ་གྱིམ་ཚ་རྨ་ཆུང་གིས་བསྟན་སྲུང་མཐུ་ཆེན་བསྒྲུབས་ཏེ། མཐུའི་དྲེགས་པ་སྐྱེས་པས། རྒྱལ་པོ་དང་བར་དུ་སྙན་ཕྲ་ཞུགས་པར་བཤད་ཡོད། གང་ལྟར། བོན་དང་འབྲེལ་བའི་ལོ་རྒྱུས་ཕལ་མོ་ཆེ་ལས་བཞེད་པ་ལྟར། ཆེ་གསུམ་དབང་གིས་མེ་འབར་བ་དང༌། ཆུང་གསུམ་ཕྲ་མའི་ཤིང་བསྣན་ཞེས་པ་ལྟར། རྒྱལ་པོ་ཀུན་གྱི་གཙོ་བོར་གྱུར་པས་མངའ་ཐང་གི་དྲེགས་ཆེ་སྟེ་ཞེ་སྡང་གི་མེ་འབར། གཤེན་པོ་མཐུ་དང་ཡོན་ཏན་གྱི་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར། བློན་པོ་བློ་ཡི་དྲེགས་ཆེ་སྟེ་ཕྲག་དོག་གི་མེ་འབར། ཆུང་གསུམ་ནི་བན་དེ་དང་བཙུན་མོ་བློན་པོ་ནས་ཕྲ་མ་བཅུག་སྟེ། ཞེས་སོགས་ལ་ཞིབ་ཏུ་བརྟགས་སྐབས་དེ་ཡི་དུས་སུ་གཤེན་པོ་ཚོའི་དབུ་འཕང་མཐོ་དྲགས་པས། རྒྱལ་པོའི་དབང་ཚད་ལ་གནོད་སྐྱོན་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པར། གོང་བཤད་ལྟར་བློན་པོ་འགའ་ཡིས་ཕྲ་མ་བཅུག་པར་བརྟེན་བོན་གཤེན་དང་རྒྱལ་པོའི་བར་འགལ་ཟླ་བྱུང་ཞིང་མཐར་རྒྱལ་པོས་བོན་བསྣུབས་དགོས་པ་བྱུང་ཞིང༌། བོན་གཤེན་ཕལ་ཆེ་བ་འབྲས་བུའི་བོན་སྡེ་འཁྱེར་ནས་ཕྱི་ཡི་ཡུལ་དུ་བྲོས་བྱོལ་ལ་ཕེབས་དགོས་པ་སོགས་ཡ་ང་བའི་གནས་སུ་ཆགས།འདི་ནི་བོད་ཡུལ་དུ་བོན་གྱི་བསྟན་པ་ཐེངས་དང་པོར་བསྣུབས་པའི་དུས་སྐབས་ཤིག་ཏུ་བཤད་ཀྱི་ཡོད། འོན་ཀྱང་རྒྱུ་ཡི་བོན་ནི་མ་བསྣུབས་པར་རྒྱུད་འཛིན་གྱི་གཤེན་པོ་འགའ་ཞིག་ཀྱང་དབུ་ཡི་མཆོད་གནས་སུ་སྔར་མུས་ལྟར་བཀུར་བར་བཤད་ཡོད། གང་ལྟར་གྲི་གུམ་གྱིས་གཤེན་པོ་རྒྱང་ཕུད་བཏང་ཞིང་བོན་བསྟན་རེ་ཞིག་བསྣུབས་ཀྱང་དེ་ནས་རྒྱལ་པོ་རང་གི་ཆབ་སྲིད་ལའང་ལམ་ལྷོང་མ་བྱུང་བར་ལྷོ་བྲག་ལོ་ངམ་གྱིས་རྒྱལ་པོ་བཀྲོངས་ཤིང་རྒྱལ་སྲིད་བཅོམ་པས། དུས་སྐབས་དེ་ནི་བོན་སྲིད་གཉིས་ཀར་ཉམས་ཆགས་ཤོར་བའི་དུས་སྐབས་ཤིག་ཏུ་ཆགས་ཀྱི་ཡོད།

རྒྱལ་སྲས་སྤུ་ལྡེ་ནས་བོན་སྲིད་མཉམ་འབྲེལ་སླར་གསོ་བྱུང་བ།

    ལོ་ངམ་གྱིས་སྤུ་རྒྱལ་གྲི་གུམ་བཙན་པོ་བཀྲོངས་ནས་ལོ་བཅུ་བཞི་སོང་བའི་རྗེས་རྒྱལ་སྲས་སྤུ་ལྡེ་དང་རུ་ལས་སྐྱེས་གཉིས་དཔུང་ཤུགས་གཅིག་ཏུ་བསྒྲིལ་ནས་ལོ་ངམ་གྱི་ཆབ་སྲིད་བརླག་ཅིང་བོད་ཁམས་དབང་དུ་བསྡུས་ནས་སྤུ་ལྡེ་རྒྱལ་པོར་འཁོད། ཞང་ཞུང་གི་ཡུལ་ནས་སློབ་དཔོན་སྟོང་རྒྱུང་གཙོས་གཤེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་ནས་ཀོང་ཡུལ་བྲེ་སྣ་བྱ་བའི་སར་རྒྱལ་གྱི་གྲི་འདུར་ཞེས་པའི་བོན་གྱི་བྱེད་སྒོ་སྤེལ་བས། གསོན་པོར་བཀྲ་ཤིས་ཏེ་སྤུ་ལྡེས་རྒྱལ་ས་ཟིན། གཤིན་པོར་གནས་སྤར་ཏེ་གྲི་གུམ་ཐར་པར་དྲངས་སོ། །ཞེས་བོན་གྱི་ལོ་རྒྱུས་སུ་གསལ། གཞན་ཡང་བོན་གྱི་ལོ་པན་ཁྱུང་པོ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་གཉིས་ཞང་ཞུང་ནས་གདན་དྲངས་ཏེ་ཁོང་རྣམ་པ་གཉིས་ཀྱིས་བོན་གྱི་མཛོད་སྒོ་དང་ཐེག་པ་སྣ་ཚོགས་ཞང་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་བོན་བསྟན་བསྐྱར་དར་གྱི་དབུ་ཚུགས། སྔར་གྱི་རྒྱལ་མེས་ཀྱི་མཛད་སྤྱོད་བཞིན་བོན་གཤེན་རྣམས་གོང་དུ་བཀུར་ཅིང་སྐུ་དབང་དང་ཆེ་མཐོང་སྔར་མུས་ལྟར་ཕུལ་བ་དང་རྒྱལ་ཁམས་སུ་བོན་ཁྲིམས་སྲིད་པའི་ཐོ་ཆེན་སླར་བཙུགས་པར་གྲགས། དུས་སྐབས་དེ་ནས་བཟུང་བོད་རྒྱལ་ས་ཡི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ། རིག་པ་ཅན་གྱི་རྒྱལ་པོ་བཞི། ཡོན་ཏན་ཅན་གྱི་རྒྱལ་པོ་ལྔ་ཡི་བར་རིམ་པར་བརྒྱུད་དེ་ཆབ་སྲིད་འཛིན་པའི་རྒྱལ་པོ་རེར། སྐུ་སྲོག་སྲུང་བའི་གཤེན་རེ་དང༌། འདྲེན་པའི་དཔོན་གསས་རེ། ཐུགས་དམ་གྱི་བོན་རེ། བྱ་བཞག་ཐབས་ཀྱི་གསས་ཁང་རེ་བཅས་གོང་སྨྲས་ལྟར་བྱུང་ཞིང་སྐུ་གཤེན་གྱི་ཐོབ་དབང་ཡང་སྔར་ལྟར་བེད་སྤྱོད་གནང་བཞིན་བོན་སྲིད་མཉམ་འབྲེལ་གྱི་རྒྱུན་བསྐྱངས་ཡོད། དམིགས་བསལ་དུ་བོད་རྒྱལ་སྟག་རི་གཉན་གཟིགས་སྐབས་སུ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་བོན་པོའི་ཆོས་ལུགས་བར་སྔར་ལས་འབྲེལ་བ་ཟབ་ཏུ་བྱུང་བར་བཤད།
    བོད་རྒྱལ་སྲོང་བཙན་སྒམ་པོ་ནས་རིམ་པར་བོན་སྲིད་ཀྱི་འབྲེལ་བ་ལ་ཉམས་ཆགས་ཤོར་བ། དུས་རབས་བདུན་པའི་སྐབས་ཏེ་བོད་རྒྱལ་སྲོང་བཙན་སྐབས་སུ་རྒྱལ་གཤེན་བར་གྱི་འགལ་ཟླ་འཁྲུག་རྩོད་ནི་གྲི་གུམ་སྐབས་དང་མི་འདྲ་བར་ཁྱིམ་མཚེས་རྒྱ་དཀར་ནག་དང་བལ་པོ་སོགས་ཀྱི་གཡོ་ཇུས་དང་རྒྱུད་སྐུལ་ལ་བརྟེན་ནས་སྟོན་པ་ཤཱཀ་ཐུབ་ཀྱི་ཆོས་བོད་ཡུལ་འདིར་སྤེལ་ཞོར་རང་བཞིན་གྱིས་བོན་བསྟན་ལ་ཉམས་རྒུད་ཆེན་པོ་ཕྱིན་པར་བརྟེན་གཤེན་པོ་དང་རྒྱལ་པོའི་བར་འགལ་བ་བྱུང་བ་ཞིག་ཡིན། དེ་ཡང་སྟོན་པ་ཤཱཀ་ཐུབ་ཀྱི་ཆོས་དེ་ཡང་དག་པ་ཡིན་རབས་དང་བོད་རང་གི་བོན་བསྟན་འདི་ཡང་དག་མིན་པའི་རྒྱུ་མཚན་གྱིས་བན་ཆོས་བོད་དུ་སྤེལ་བ་ཞིག་མིན་པར་སྟོབས་འབྱོར་དང་མངའ་ཐང་རབ་ཏུ་རྒྱས་བཞིན་པའི་སྤུ་རྒྱལ་གྱི་རྒྱལ་ཁམས་འདི་ཁོ་ཚོས་ནམ་ཞིག་དབང་དུ་བསྒྱུར་རྒྱུའི་ཇུས་ངན་བཏིང་ཞིང་ཐོག་མར་གཉེན་འབྲེལ་གྱི་འབྲེལ་བ་དང་རིམ་པར་ཆོས་ཀྱི་འབྲེལ་ལམ་བཙུག་པས། བོན་བསྟན་ཉམས་པའི་འགོ་ཚུགས་པ་ཞིག་ཡིན།

མཇུག་བསྡུ་དང་འབྲེལ་བའི་གཏམ།

     ད་ལན་ཕྲན་གྱིས་སྔར་གྱི་དུས་སུ་བོན་སྲིད་གཉིས་མཉམ་འབྲེལ་གྱི་སྒོ་ནས་རང་རེའི་རྒྱལ་ཁམས་བསྐྱངས་ཚུལ་སྐོར་ལ་ཟུར་ཙམ་གླེང་འདོད་ཀྱི་ཀུན་སློང་ནི ། འདི་ནས་ཡར་བརྩིས་པའི་མི་ལོ་ཆིག་སྟོང་མ་ཟིན་ཙམ་གྱི་བར་དུ་རང་རེ་ཞང་བོད་ཀྱི་ལྗོངས་སུ་བོན་གྱི་ཆོས་ལུགས་ལས་གཞན་པའི་ཆོས་ལུགས་ཤིག་ཡུལ་འདི་རུ་སླེབས་མེད་པ་བན་བོན་ལོ་རྒྱུས་སྨྲ་བ་དང་དེང་གི་ཕྱི་ནང་བོད་རིག་པ་ཞིབ་འཇུག་པ་དག་གིས་བཤད་པ་གཅིག་མཐུན་དུ་གྲགས་ཀྱང༌། དེའི་སྐབས་གཤེན་པོའི་བོན་ལུགས་དང་རྒྱལ་པོའི་སྲིད་ལུགས་གཉིས་མཉམ་འབྲེལ་གྱིས་རྒྱལ་ཁམས་བོན་བཞིན་ཇི་ལྟར་བསྐྱངས་བའི་སྐོར་ལ་དཔྱད་བརྗོད་སྤེལ་མཁན་དཀོན་པ་དང༌། ཡོད་པ་དེ་ཡང་གླེགས་བམ་རྙིང་པའི་ཁྲོད་དུ་བཞུགས་ལུས་སུ་བསྡད་པ་དང༌། ཉེ་རབས་ལོ་རྒྱུས་སྨྲ་བ་རེ་འགས་གླེང་ཡོད་ཀྱང་རྒྱས་པར་གླེང་རྒྱུར་འཇིགས་ཏེ་ཡིག་འཕྲེང་རེ་གཉིས་ཀྱིས་ཆོག་ཤེས་མཛད་པ་ལས་དམིགས་བསལ་གྱི་གསལ་ཁ་བཏོན་མི་འདུག འགའ་ཞིག་གིས་གླེང་བ་དེ་ཡང་ཕྱོགས་ལྷུང་གི་ང་འཚུབ་དང་འགྲོགས་ཏེ་གཡམ་རྒྱུགས་ཙམ་ལས་ཁུངས་ལྡན་གྱི་ལོ་རྒྱུས་དང་འབྲེལ་ཏེ་བཤད་པ་ཤིན་ཏུ་དཀོན། བོད་དུ་སངས་རྒྱས་ཤཱཀ་ཐུབ་ཀྱི་བསྟན་པ་དར་རྗེས་ཀྱི་ཆོས་སྲིད་ཟུང་འབྲེལ་ཇི་ལྟར་བྱུང་བ་དང་དེའི་སྐབས་ཆོས་སྲིད་ཟུང་འབྲེལ་བྱས་པའི་དགེ་ཕན། ཆོས་ཀྱི་མངའ་ཐང་ཇི་ལྟར་རྒྱས་རབས་སོགས་ཀྱི་སྐོར་ལ་བོད་གཞིས་བྱེས་གཉིས་ཀ་ནས་དཔྱད་བརྗོད་མང་པོ་སྤེལ་བ་མ་ཚད་དེའི་སྐོར་ལ་དམིགས་བསལ་གྱི་མཁས་པའི་བགྲོ་གླེང་ཡང་ཚོགས་ཟིན་པ་རེད། ཡང་ཕྱོགས་གཅིག་ནས་བལྟས་ན་བོན་དང་འབྲེལ་བའི་རྒྱལ་རབས་བསྟན་འབྱུང་ཕལ་ཆེ་བ་བོན་སྲིད་མཉམ་འབྲེལ་བཤད་པའི་གླེགས་བམ་ཞིག་ཏུ་བཤད་ན་མི་འགྲིག་པ་མི་འདུག་ཀྱང༌། དམིགས་བཀར་དུ་བོན་ཆོས་ཡ་མ་བྲལ་བའི་སྒོ་ནས་སྔར་གྱིརྒྱལ་ཁམས་བསྐྱངས་ཚུལ་སྐོར་ལ་གསར་དུ་དཔྱད་བརྗོད་སྤེལ་མཁན་དཀོན་པོར་ཆགས། དེས་ན་ཕྲན་གྱིས་སྔར་གྱི་ལོ་རྒྱུས་བསྔོགས་ཏེ་བོན་སྲིད་མཉམ་འབྲེལ་གྱི་བྱུང་རབས་ཉུང་བསྡུས་ཙམ་དུ་བྲིས་པ་འདི་ལོ་རྒྱུས་ཀྱི་ཁ་སྐོང་དུ་འགྱུར་རེ་མེད་ཀྱང་རང་ཉིད་ལོ་རྒྱུས་ལ་གོམས་འདྲིས་སུ་ཆགས་ཆེད་ཁོ་ནར་དམིགས་པ་ཞིག་ཡིན་པས་བཤད་ཐལ་ཆེ་བ་དང་བྲིས་ཐལ་ཆེ་བ་ཡོད་ན་ཐད་ཀར་ཡོ་བསྲང་གི་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག