༼རེ་བ་ཞིག་ལ། ངེད་གཡུང་དྲུང་བོན་གྱི་དགོན་སྡེ་གྲགས་ཅན་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་དུ་ཡོད་པའི་རྡོ་རིང་གི་ངོས་སུ་ཡོད་པའི་ཡི་གེ་དག་འདིར་བཀོད་ཡོད་མོད་འདྲ་པར་དུས་ལྟར་དུ་རེག་མ་སོང་བས་ཁྱེད་ཅག་ལ་འདྲ་པར་མཆིས་ཚེར་ངེད་དྲ་བར་མཁོ་འདོན་གནང་བའི་རེ་བ་ཆེ།༽
མཆོག་གསུམ་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དང་བོ་ལ་མཆོད་བརྗོད་སོགས་ཡི་གེ་མི་གསལ་བས་འབྲི་རྒྱུ་མ་རྙེད། ཐིག་ཕྲེང་ལྔ་དྲུག་ཙམ་གྱི་འཕྲོ་ནས། ཟབ་དོན་དཀའ་གཏེར་མ་བུ་ཁ་སྤྲད་སོགས། བརྗོད་ཀྱི་མི་ལང་མདོར་བསྡུས་ཟུར་ཙམ་ལགས། རྣམ་འདྲེན་དེ་ཡི་རྗེས་འཛིན་མཆོག་གྱུར་བ། སྨོན་རྒྱལ་རིམ་སྤྱོན་རབ་འབྱམས་དབང་གྲགས་དང་། ཐོས་དབེན་སངས་རྒྱས་རིན་ཆེན་དཔལ་བཟང་ཟུང་། འདིའི་བར་ན་ཚིག་རྐང་གཅིག་འབྲི་རྒྱུ་མ་ལོན། རྟེན་འབྲེལ་དགེ་ལེགས་ངོ་མཚར་བཀའ་ཡི་རྟགས། རང་འདིར་རྣམ་འདྲེན་ཀུན་གྲོལ་བྱིན་རླབས་ལགས། སྔོན་བཞིན་རོང་ཁམའ་སྤྱོན་མཆོད་བླ་རབས་ཀུན། གཞི་འདིའི་བསྟན་སྦྱིན་རབ་རྒྱལ་མིང་གི་མཚན། བསྟན་སྦྱིན་རབ་རྒྱལ་རྡོ་རྗེའི་རྒྱལ་གྱི་སྲས། སྲས་པོ་ནམ་མཁའ་ཡེ་ཤེས་རྒྱལ་བོ་མཚན། ཆུང་ངུའི་དུས་ནས་ཐུགས་སྐམ་བློ་རྩལ་རྫོགས། སྲིད་ཞུའི་ཤེས་བྱ་མཁྱེན་ཡང་ཆ་ཤེས་གང་། སངས་རྒྱས་བསྟན་པ་རིན་ཆེན་དགུང་དུ་བཏེགས། ཁྱོན་མང་ཐ་གྲུ་ཕུ་མདའ་བར་གསུམ་དུ། ཕྱི་ནང་ལྷ་ཡི་གཞལ་ཡས་ཁང་བཞེངས་དང་། རྩ་གསུམ་རིས་འབུར་བྲུག་རྡུང་འབའ་འདྲ་སོགས། བཀའ་ཡི་གླེག་བམ་བྲི་སྒོ་ཀློག་སྒྲུབ་དང་། གསུམ་ལྡན་འདུས་སྡེ་མཆོད་བསྐུལ་མཛད་དཀར་པོས། ས་ཁམས་འགེངས་ཤིང་རྒྱལ་རྒྱུད་འཛིན་པ་ཡིན། སློབ་དཔོན་མཁས་མཆོག་ཚུལ་ཁྲིམས་དབང་རྒྱལ་དང་། བསོད་ནམས་ཕུན་ཚོགས་རྒྱལ་བ་འོད་ཟེར་དང་། བསོད་ནམས་དབང་གི་རྒྱལ་བོ་གྲགས་རྒྱལ་དང་། སྟོན་པ་ཟེ་བཅས་བཟང་བོར་སྤྱོད་པའོ། །འོན་ཀྱང་སྣང་མུན་དཀར་ནག་ངང་ཚུལ་བཞིན། སྔོན་ལས་དུས་ཀྱི་འཁྲུག་པ་ཆེ་ལངས་པའི། དབང་མེད་སྡིག་པ་མི་བསག་ཀ་མེད་གྱུར། འོན་ཀྱང་མཐར་དམག་ཞི་ནས་རང་སར་བསྐྲད། རོང་ཁམས་རྒྱལ་བོ་བཅུ་བོ་གཡོག་ཏུ་བསྡུས། གོང་མ་ལྷ་ཡི་ལུང་བཞིན་དགོན་ཆེན་གཡུང་དྲུང་ལྷ་སྟེང་འདུས་སྡེ་བསྐྲུན། དེ་ཡང་ལུང་ལས་ཆུ་ཚན་ཕུན་ཚོགས། ལྷ་སྡེ་ཚོགས་པ་ཡི་ས་ཕོ་བྱི་བ་ལོར་བསྟན་པའི་འགོ་བོ་ཟུགས། གཤེད་གཞི་ལོ་བ་བསྟན་རིམ་དྲི་མེད་འབྱུང་། སྤྱོད་པའི་དུས་ན་ནུབ་ཀྱང་མཐའ་ནས་དར། ཞེས་སོགས་གསུངས་བཞིན་མི་ཟད་མེ་ཁྱི་ལོ། ཟླ་བ་ལྔ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། རྨང་བཏིང་གསུམ་ལྡན་བསོད་ནམས་རྒྱལ་མཚན་པས། གཞི་བརྟན་མངའ་དབུལ་དགེ་བའི་ལྟས་མང་རྨད། ལས་བྱེད་གཡོག་ཀྱང་ཅག་ལའི་རོང་མི་དང་། བཅན་ལའི་འབངས་མི་ཝོ་གཞིའི་མངའ་འབངས་དང་། སེ་མོ་རྫུང་འགའ་ཅོག་ཙེ་གསུམ་གྱི་འབངས། དམ་བྷའི་བློན་འབངས་ཁྲོ་སྐྱབས་གཟིམས་གཡོག་འབངས། དགེ་བཤེས་འཁོར་འབངས་ཡར་རྒན་རྒྱལ་བོའི་འབངས། བཅུ་པོས་ལས་བྱས་ཟླ་བཞིའི་ཁོངས་སུ་གྲུབ། ཕག་ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་གྲུབ། ཟླ་ལྔའི་ཡར་ཚེས་བོད་རོང་ལྷ་བྲི་མཁས། ལྔ་བཅུ་གཅིག་གིས་ཟླ་གཉིས་ཁོངས་སུ་འགྲུབ། དེ་ཚེ་མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྲག་ངེས་བླ་མ་ཤེས་རབ་གཡུང་དྲུང་དང་། རྟོགས་ལྡན་རྣམ་བཞིས་ལམ་གྱི་རབ་གནས་མཛད། རྟེན་འབྲེལ་འཇའ་གུར་འུར་ཆེམ་དད་སྤྲོ་མངོན། ཁྲས་བུའི་རབ་གནས་བཀའ་བླུགས་རྒྱལ་བསྟན་དང་། སྨོན་རྒྱལ་རབ་འབྱམས་བསྟན་པའི་རྒྱལ་མཚན་དང་། སྨོན་རྒྱལ་མཁན་རྗེ་སངས་རྒྱས་རིན་ཆེན་སོགས། བྱས་རྗེ་འཇའ་དང་རྟེན་འབྲེལ་ངོ་མཚར་རྨད། བཤད་གྲྭ་དགའ་ལྡན་རབ་སྤྲོའི་གཞིའི་རབ་གནས། རྣམ་དག་བླ་མ་གཡུང་དག་གི་བྱས། དེ་སོགས་བདག་མི་དབང་ནམ་མཁའི་མཚན། འཇིག་རྟེན་སྒྱུ་མའི་རྣམ་རོལ་མངོན་གཟིགས་པས། གོང་ནས་རིག་འཛིན་ཀུན་གྲགས་གྲགས་པའི་དྲུང་། ཁྱིམ་བསྟེན་དགེ་བསྙེན་སྡོམ་པ་ནོད་པའི་མཚན། ནམ་མཁའ་གཡུང་དྲུང་ཡེ་ཤེས་དབང་གི་རྒྱལ། ཞེས་གསོལ་གཞུང་མཐུན་འཛོལ་མེད་བསྲུང་བར་མཛོད། མཁན་པོ་གསུམ་ལྡན་བསོད་ནམས་རྒྱལ་མཚན་དྲུང་། སོ་ཐར་ཚུལ་ཁྲིམས་གོང་སྤར་མནོད་པའི་ཆེད་མཚན་ནི་ནམ་མཁའ་ཡེ་ཤེས་ཞེས་སུ་གསོལ། ཚངས་སྤྱོད་ཚུལ་མངའ་དབང་བཞིའི་བརླན་གྱིས་བསྐྱེད། བྱང་སེམས་འདབ་ལེགས་མངར་བའི་ཡོངས་སུ་གཏམས། དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་ན། ལུང་དང་མཐུན་པར་ས་འཛིན་ས་བྱི་ལོའི། ཟླ་བ་དང་བོའི་ཡར་ཚེས་ཤིས་པའི་ཉིན། ལུང་ལས་མི་བསླུ་འབུམ་ཕྲག་འཁྱིལ་བའི་སྟོང་། བརྒྱ་ཕྲག་ལྷག་ལ་ཆས་གོས་མཆོད་རྫས་དང་། འབྲུ་དང་བཞེས་ཚོགས་ཡོགས་རྒྱག་མི་དམན་བཏང་། གོང་དུ་བཀུར་བའི་སྨོན་རྒྱལ་རབ་འབྱམས་དང་། མཁན་ཆེན་བསོད་ནམས་རྒྱལ་མཚན་གཉིས་བཅས་བཞུགས། གླིང་གི་བཅའ་འགྲིགས་ཚོགས་ཀྱི་དགེ་སྤྱོད་སོསག། མ་མཉམ་མི་ཉམས་མཉམ་མེད་རྗེ་སུ་འབྲེངས། རྒྱལ་བསྟན་ལེགས་བྱས་བི་ཤོས་འོར་སྩལ་བསྐྲུན། དབང་ཕྱོགས་སྤོ་མཐོན་ཕྲག་པར་གཟི་འབར་ཆེ། རྒྱ་མཚོའི་གོས་ཅན་སྔ་འགྱུར་པད་ཚལ་རྒྱས། ལུས་ཅན་རྐང་དྲུག་དོན་གཉིས་རོ་ལང་དཀྱེས། མཆོད་ཡོན་དགོན་གསུམ་ལོ་རབས་ཟུར་ཙམ་མོ། །གསུམ་པ་མཇུག་སྡུད་བཀྲས་སྨོན་སྤེལ་བ་ནི། མཐའ་ཀླས་ཕྱོགས་བཅུའི་རྒྱལ་བ་ཡོངས་ཀྱི་རྩ་བ་དཔལ་ལྡན་བླ་མ་ཞེས། བསྟོད་འོས་སྐྱབས་ཀྱི་མཆོག་གྱུར་ཨེ་མ་ཨེ་མའོ་བསོད་ནམས་ཞིང་གི་མཆོག་ཁྱེད་ཀྱི་དྲིན་ལས་མངོན་མཐོ་ངེས་ལེགས་སོགས་ཏེ་དགོས་དགུའི་རེ་ཕྲས་ཀུན། སྦྱིན་མཛད་ཁྱབ་བདལ་ཀུན་གྲོལ་གྲགས་དབང་རྩ་གསུམ་བཀའ་བསྟོད་བཅས་ཀྱིས་གཟིགས་གང་གི་ཐུགས་རྗེ་སྐབས་གསུམ་དབུས་འགྱིང་རྩེ་བརྒྱ་སྙིལ་བར་འཆང་བ་ཡིས། ལོག་ཚོགས་ཕས་ཀྱི་རྐྱེན་ངན་སྟོབས་ངན་སྟོབས་ལྡང་རིམ་མང་ས་ཡི་འོག་ཡིབས་ཤིང་། ཁྱོན་ཡངས་ནོར་འཛིན་ལྗོངས་ཚར་ལྷ་མི་ལེགས་བྲས་བགྲང་ཡས་གྲངས་མང་བ། འཆི་མེད་གྱུར་བས་འཚོ་ཞིང་དགེ་ལེགས་དཔལ་སྤྱོད་ཕན་ཡོན་འབར་གྱུར་ཅིག ཁྱད་པར་ཤར་རོང་ཐ་གྲུ་རྣམ་དག་བཀོད་དབུས་སྐྱོང་དམ་པ་ཡིས། བསྐྱིལ་མི་འདུས་སྡེ་རྒྱ་མཚོའི་འཕྲིན་ལས་ཟབ་རྒྱས་གཏིང་རིང་རབ་དར་ངོས། ཚད་གསུམ་བདེན་གཉིས་ལེགས་ལམ་བཤད་གྲྭའི་དཔལ་འབར་མཐའ་ནས་དབུས་ཁྱབ་པས། སྔ་འགྱུར་རིང་ལུགས་ལྷ་ཆུའི་རྒྱུན་རིང་གྲོགས་པོ་རྟག་བརྟན་རྒྱས་གྱུར་ཅིག རབ་མང་རྒྱལ་ཕྲན་ས་འཛིན་དབུས་ན་རབ་བརྟན་རྒྱལ་རྒྱུད་རབ་བརྗིད་པ། ལྷུན་མཐུག་རིང་བ་རི་ཡི་སྤོབ་པ་ལྷུན་རྫོགས་ལྡན་པའི་ལྷུན་མོས་ཤིང་། བསྟན་པ་བོན་གྱི་ཉི་མ་རྟག་འཛིན་བསྟན་སྲིད་མི་ནུབ་བསྟན་དཔལ་མཐོ། གཡོ་མེད་ལྷ་མི་དཀྱིལ་ན་དབྱིག་གཏེར་གཡོ་ཞིང་ལོངས་སྤྱོད་གཡོ་བྲལ་ཤོག དེ་ལྟར་བསྟན་པའི་སྦྱིན་བདག་མི་དམན་དད་པའི་དཔལ་མཐོ་སི་ཡི་ཕྲག གོང་མ་གོང་མའི་རྒྱུད་འཛིན་ཕན་བདེ་སྤེལ་མཛད་སྨོན་རྒྱལ་སུ་རྨའི་གཟི། འཆད་མེད་ཡང་ནས་ཡང་འཆར་ལེགས་ཚོགས་དེ་མཐུས་ཁམས་གསུམ་རི་དྲུག་འགྲོ། ཀུན་ལ་སྙིགས་མའི་རྒུད་ཞི་དགའ་བདེ་ལོངས་པྱོད་བཀྲ་ཤིས་མཐའ་བརྟན་ཤོག འདི་སོགས་སྟོང་ཁམས་ལེགས་བྱས་བསྡོམ་སྟེ་ཆབས་གཅིག་མཁའ་འགྲོ་བར་བསྔོ། དོན་དེས་འཁོར་བར་འཁོར་སྤང་བདེ་མི་ལམ་ལྔ་བརྒྱུད་དེ་རིམ་པར་བགྲོད། ས་བཅུ་རིམ་སྤྱོད་བདག་དོན་ལྷུན་གྲུབ་ཕྱི་ནང་གསང་བའི་འོག་མིན་དབྱིངས། འཁོར་ནས་གཞན་དོན་དམ་པ་ཕར་འདས་སྟོང་ཁམས་དུས་ཀྱི་འདྲེན་ནུས་ཤོག གང་འདི་སྐྲུན་པོ་མཆོད་ཡོན་དངོས་ཀྱི་བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། ཉོན་ཤེས་སྒྲིབ་བྱང་ལམ་བསྒྲོད་པ་རྣམས་བདེ་ཆེན་གོ་འཕང་མྱུར་ཐོབ་ནས། སླར་ཡང་བཤེས་གཉེན་དེ་དཔལ་འགྲོ་བའི་མགོན་ཏུ་སྟོབས་བཅུ་མངའ་བའམ། འཁོར་ལོས་བསྒྱུར་བའི་མངའ་འཛིན་བསྟན་འགྲོ་ཕན་བདེའི་མཛད་མཁོར་བྱེད་གྱུར་ཅིག གང་འདི་མི་དབང་བརླབ་གསུམ་འཛིན་པའི་བཞེད་དུ་སྒྲ་བ་བདྷའི་མིང་། བདག་ཀྱང་ཚེ་རབས་འདི་ནས་ཀུན་ཏུ་བོན་དང་གང་རྟོག་སླ་འཛོལ་མིན་པར། དམུ་རྒྱལ་སྲས་ཀྱི་རིང་ལུགས་བླ་ནས་བླར་འདེགས་བྱེད་མངའ་ཐོབ་ནས། མཐར་ཐུག་མི་འཁོར་མི་འཁྲུལ་རྣམ་འདྲེན་རྒྱས་པའི་དྲུང་དུ་སྐྱེ་བར་ཤོག དེ་སྐད་རྒྱ་ཆེན་སྨོན་བཏབ་འདི་ཀེགས་མེད་ཡོངས་སུ་འགྲུབ་པར་ཤོག །