ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> ༢ སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་སྲིད་དབང་གི་ཁྱབ་ཁོངས།
༢ སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་སྲིད་དབང་གི་ཁྱབ་ཁོངས།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། མཁས་དབང་ཐུབ་བསྟན་ཕུན་ཚོགས།] [ཟླ་ཚེས། 11-04-05] [ཀློག་གྲངས། ]

གཉིས། ཁྲིམས་དང་ལས་ཀའི་སྒྲིག་གཞི།

  ཁྲིམས་དང་ལས་ཀའི་སྒྲིག་གཞི་ནི་དབང་སྒྱུར་གྲལ་རིམ་གྱིས་གཞན་ལ་དབང་སྒྱུར་བྱེད་པའི་གལ་ཆེ་ཤོས་ཀྱི་ལག་ཆ་ཞིག་རེད། རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རང་རང་གི་དགོས་མཁོ་དང་བསྟུན་པའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་རེ་ཡོད་པ་གོར་མ་ཆག ཡིན་ནའང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ཁྲིམས་དང་ལས་ཀའི་སྒྲིག་གཞི་གསལ་པོར་འཁོད་པའི་ཡིག་ཆ་ཤིན་ཏུ་རྙེད་དཀའ་བས། སྐབས་དེའི་གནས་ཚུལ་གསལ་པོར་བཤད་མ་ཐུབ་ནའང༌། ལྡེའུ་ཇོ་སྲས་ཀྱི་མཛད་པའི་《ལྡེའུ ་ཆོས་འབྱུང་》ལས། “དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས། དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས། བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས། གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས ། སྒྲུང་དང་ལྡེའུའུ་ཙམ་ནི་བྱུང༌། དགོངས་པ་འཕྲུལ་གྱི་རས་ཆགས་པས། གསང་གྲོས་རྣམ་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ། མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས། ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམ་བརྒྱད་བཀའ་རིམ་པར་གནང་སྟེ། འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞིས་ཡང་དཔྱ་འབུལ་ལོ། ” ཞེས་པའི་ཚིག་དོན་ལ་ཅུང་ཟད་དཔྱད་ན། རྒྱལ་པོ་གཉའ་ཁྲི་བཙན་པོས་ཐོག་མར་བོད་ཁམས་དབང་དུ་བསྡུས་ནས། རང་གི་མཆན་ཁེངས་སམ་དཔུང་རོགས་གཙོ་བོའི་མི་གཉིས་བསྐོ་བཞག་གནང་བ་ལ་ཕྱག་ཚང་ཞེས་པའི་མཚན་གྱི་གོ་གནས་གནང༌། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགོས་པ་གཟིགས་ནས་རང་གི་ནང་བློན་ཆེ་རྒུ་རྣམས་དང་ལྷན་ཅིག་ཏུ་ཕྱིང་བ་སྟག་རྩེར་ཕེབས་ཏེ་གསང་རྒྱའི་སྒོ་ནས་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅོས་ཡོད་པ་གསལ་ཏེ། དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ཞེས་པའི་ཚིག་དོན་ལ་དཔྱད་ན།
རྒྱལ་པོ་གཙོས་པའི་སྐུ་འཁོར་མཐོ་རིགས་རྣམས་ཀྱིས་ཕྱིང་བ་སྟག་རྩེར་གནས་བཅས་ཏེ་ཁྲིམས་ཡིག་དང་སྒྲིག་གཞི་བཟོ་བ་ལ། བློན་པོ་རྣམས་ཀྱིས་ཕྱི་ནས་རིམ་པར་བསྲུངས་ཏེ་གཞན་གྱི་འགྲུལ་ལམ་འགོག་གིན་ཡོད་པའི་དོན་དུ་ངེས་ཏེ། དགུ་རིམ་མམ་རིམ་པ་དགུ་ཞེས་པ་ནི་རང་རེ་བོད་ཀྱི་ཁ་སྐད་ཀྱི་གོམས་སྲོལ་དུ་ཤིན་ཏུ་ནན་པོའི་སྒོ་ནས་དམ་རྒྱ་བྱས་པའི་དོན་སྟེ། དཔེར་ན་རྒྱལ་རིམ་པ་དགུ་བཏབ། མནའ་ཐེངས་མ་དགུ་ལ་བསྐྱལ་ཅེས་པ་ལ་སོགས་ལྟར་རོ།
༡ ལས་ཀའི་སྒྲིག་གཞིའི་སྐོར། སྲིད་ཀྱི་ཇུས་གཞི་འགོད་པའི་སྒྲིག་གཞི་མཐོ་ཤོས་ལ་གསང་གྲོས་རྣམ་གསུམ་ཟེར། དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན། ཆོས་ལུགས། རིག་གནས་བཅས་ཀྱི་ཐད་ལ་འགྱུར་བ་གལ་ཆེན་བྱུང་ཚེ། དེ་ལ་དཔྱད་པ་དང་གྲོས་མོལ་གནང་ནས་གནས་ལུགས་གཏན་ལ་ཕབ་སྟེ་ཕྱི་ནང་གི་དམིགས་ཕྱེ། དེའང་གནད་དོན་གྱི་ངོ་བོ་གལ་ཆེ་ཆུང་དང་བསྟུན་པ་སོགས་ཀྱིས་དབྱེ་བས་གསང་གྲོས་ལས་ཁུངས་ལའང་མཐོ་དམན་རིམ་པ་གསུམ་དུ་ཕྱེས་ཡོད་པ་ལ་གསང་གྲོས་རྣམ་གསུམ་ཟེར།
ཆོས་དང་རིག་གནས་ཀྱི་འདུ་འགོད་བྱེད་ཡུལ་ལ་གཙུག་ལག་ཁང་ཟེར། དེ་ལ་གཙོ་བོར་བོན་གཞུང་ལྟ་ཀློག་བྱེད་ཅིང༌། ལྷ་གསོལ་བ་དང༌། གཡང་སྒྲུབ་པ། གཏོ་འཕེན་པ། ཡས་བརྫངས་པ་བཅས་བོན་གྱི་བྱེད་སྒོ་སྣ་ཚོགས་བྱེད། སྔར་གྱི་ལོ་རྒྱུས་དང་གཏམ་རྒྱུད་ཅི་རིགས་བཤད་པའི་སྒྲུང༌། མི་རྣམས་ཀྱི་རིག་པའི་རྩལ་སྦྱོངཞིང་བློ་གྲོས་ཀྱི་སྒོ་འབྱེད་པའི་ལྡེའུ་མིག་ལྟ་བུའི་ལྡེའུ་བཅས། མདོར་ན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་གསལ་བའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་ཆབ་སྲིད་སྐྱོང་བྱེད་ཀྱི་སྒྲུང་ལྡེའུ་བོན་གསུམ་ཞེས་པ་དེ་དག་དར་སྤེལ་བྱེད་ཡུལ་ལ་གཙུག་ལག་ཁང་ཟེར།
གཞན་ཡང་ཆད་གཉིས་དང་བཞེད་ལྔ་བཅས་ཁྲིམས་ཀྱི་ལས་ཀ་བྱེད་པའི་སྒྲིག་གཞི་དང༌། ཡིག་ཚང་རྣམ་དགུ་དང་དཔའ་མཚན་རྣམ་བརྒྱད་ཀྱི་བཀའ་འབེབས་པའི་དམག་དོན་གྱི་ལས་ཀ་བྱེད་པའི་སྒྲིག་གཞི། མཐའི་རྒྱལ་ཁབ་རྣམས་ལས་དཔྱ་སྡུད་པའི་དཔལ་འབྱོར་གྱི་ལས་ཀ་བྱེད་པའི་སྒྲིག་གཞི་བཅས་ཡོད། 
༢ ཁྲིམས་ཀྱི་སྐོར་ལ། གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས་ཞེས་པ་སྔར་གཡུང་དྲུང་བོན་གྱི་སྐབས་སུ་གཏན་འབེབས་བྱས་པའི་ལུགས་རྣམས་དེ་གར་རང་གཏན་འཇགས་བྱས། མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས་ཞེས་པའི་ཆད་ནི་བཅད་པའི་དོན་ཡིན་པས་དེས་ན་བཀའ་ཡིས་བཅད་པ་གནང་བའི་དོན་དུ་གོ་དགོས་ལ། དེ་ཡང་བཟང་ལ་ནོར་གྱི་དཔའ་དར་དང་བསྟོད་པའི་བསྔགས་བརྗོད་བགྱིད་པའི་བཀའི་བཅད་པ་དང༌། ཉེས་ཅན་དང་ངན་པར་ལུས་ལ་གཅོད་བརྡུང་དང་ནོར་ལ་འཕྲོག་ལེན་སོགས་བྱེད་རྒྱུའི་བཀའི་བཅད་པ་སྟེ། རྩ་བའི་ཁྲིམས་སྲོལ་གཉིས་པོ་དེའི་སྟེང་དུ་རྒྱལ་པོའི་སྲིད་ལ་ཕན་པའི་བཞེད་ལྔའམ་ལུགས་སྲོལ་ལྔའི་ཁྲིམས་ལུགས་བྱུང་ཡོད་ཀྱང་འདི་དག་གི་མིང་ཙམ་འཁོད་པའི་ཡིག་ཆ་ད་ཕན་ལག་ཏུ་མ་སོན་སྟབས་རེ་ཞིག་གསལ་བཤད་བྱེད་མ་ནུས་སོ།
ཡིག་ཚང་སྡེ་དགུ་ཞེས་པ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་པོ་སོ་སོའི་ཐོབ་ཐང་དང་བསྟུན་པའི་ཡིག་ཚང་གནང་བ་སྟེ། གསེར་ཡིག གཡུ་ཡིག དངུལ་ཡིག ཕྲ་མན་གྱི་ཡི་གེ ཟངས་ཡིག ལྕགས་ཡིག་དྲུག་པོ་དེ་དག་རེ་རེ་ལའང་ཆེ་ཆུང་གཉིས་རེ་དབྱེ་བས་བཅུ་གཉིས་བྱུང་ཡོད་པ་དེ་དག་གི་གཞི་འཛིན་ས་ཡིག་ཚང་སྡེ་དགུ་འདི་ཡིན་པར་ངེས།
དཔའ་མཚན་རྣམ་བརྒྱད་ཅེས་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ། དགྲ་འདུལ་གྱི་དཔའ་བོ་རྣམས་ལ་དཔའ་རྟགས་ཀྱི་ཆེ་བའི་མཚན་མར་སྟག་སྟོད་སྟག་སྨད་གཉིས། ཟེ་ཆེན་དང་ཟེ་ཆུང་གཉིས། གམ་རས་དང་སྟག་སློག་གཉིས་སྟེ་དཔའ་མཚན་རྣམ་དྲུག་བྱུང་ཡོད་པ་འདི་དག་དང་ངོ་བོ་གཅིག་པ་ཡིན་པར་མ་ཟད། དེ་དག་ཀྱང་གཞི་འདི་ལ་བཟུང་ནས་བཅད་བཅོས་དང་འཕྲི་སྣོན་བྱས་ཡོད་པ་གོར་མ་ཆག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག