རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུའི་སྐོར།
བོད་ཀྱི་གནའ་མི་རྣམས་མི་ལོ་སྟོང་ཕྲག་དུ་མའི་རིང་རང་བྱུང་ཁམས་ལ་དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱས་ཏེ་འཚོ་ཐབས་བྱེད་པའི་ནང་། ཐོག་མར་རང་བྱུང་གི་རྡོ་ཆས་སྤྱོད་པ་ནས་རིམ་བཞིན་རྡོ་ཆས་ཐབས་ཆག་བཟོ་ཤེས་པ་དང་། དེ་ཡང་རིམ་པས་འཕེལ་རྒྱས་བྱུང་བ་སོགས་ལ་བརྟེན་ནས་ཐོག་མར་རི་དྭགས་རྔོན་པ་དང་། དེ་ནས་ཐོག་མའི་འབྲོག་ལས་དར་བ། ས་བབ་ཀྱི་ཆ་རྐྱེན་ལ་བརྟེན་ནས་ལ་ལར་རགས་རྨོ་རགས་འདེབས་ཀྱི་ཞིང་ལས་ཀྱང་གཉེར་བ་སོགས་མདོར་ན་མི་རིགས་ཀྱིས་ཐོན་སྐྱེད་ལ་ཞུགས་པ་དང་ལག་ཆ་སྤྱོད་ཅིང་བཟོ་ཤེས་པ་ནས་རིམ་བཞིན་འཕེལ་རྒྱས་བྱུང་མཐར་མི་གྲངས་ཀྱང་ཆེས་ཆེར་འཕེལ་སྟབས་རུས་ཚན་མང་པོར་གྱེས་ཤིང་། རུས་ཚོ་སོ་སོར་ཡང་དར་འཕེལ་ཆ་མི་སྙོམས་པའི་ཐོན་རྫས་ཀྱི་ལྷག་མ་བྱུང་བ་དང་བསྟུན་ནས་ཚོ་པའི་ཁྲོད་ཀྱི་མི་རྒན་རབས་ཉམས་མྱོང་དང་ལྡན་པ་ཞིག་གིས་ཐུན་མོང་གི་ཐོན་སྐྱེད་དང་འཚོ་བའི་འགན་འཁུར་བྱས་འགོ་པ་རང་བཞིན་གྱིས་ཆགས་པ་དང་། ཁོང་ཚོས་ཚོ་པ་ཐུན་མོང་ལ་བསམ་གཞིགས་དང་བཀོད་འདོམས་བྱེད་ཅིང་། དེ་ལ་ཀུན་གྱིས་བརྩི་བཀུར་བྱེད་པའི་སྲོལ་དང་རུས་ཚན་གྱི་ཚོ་པ་སོ་སོའི་རྣམ་པ་ཆེ་ཆུང་ཅི་རིགས་སུ་ཆགས་པའི་དུས་རིམ་ཧ་ཅང་རིང་པོ་ཞིག་བརྒྱུད་མྱོང་བ་ཡིན་ནོ། །
ད་ཕན་མི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་གོང་དུ་སླེབས་དུས་བོད་ཀྱི་གནའ་མིའི་རུས་ཚོ་རྣམས་དར་རྒུད་སྣ་ཚོགས་བྱུང་ནས་རུས་ཚོ་སྟོབས་ཤུགས་ཆེ་བ་རེ་རེས་རུས་ཚན་ཆུང་བ་འགའ་ཤས་དབང་དུ་བསྡུས་ནས་བོད་ཁམས་སྟོད་སྨད་བར་གསུམ་དུ་སྡེ་དཔོན་ནམ་རྒྱལ་ཕྲན་བཅུ་གྲངས་ཤིག་ཆགས་པ་དང་། ཐག་རིང་ས་བཙན་དུ་གནས་པའི་རུས་ཚན་དེ་བས་མང་བ་ཞིག་སྔར་བཞིན་གམ་ནས་སོ་སོར་སྡོད་པ་བཅས་ལ་བོད་ཀྱི་ཡིག་ཚང་ནང་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུ་ཞེས་ཡོངས་སུ་གྲགས། འོན་ཀྱང་དེ་དག་བགྲང་ཚུལ་ལ་མི་འདྲ་བ་ཅུང་ཟད་མཆིས་པས་འདིར་ཏུན་ཧོང་གི་ཡིག་ཪྙིང་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་འདི་སྐད་དེ། “རྒྱལ་པྲན་(ཕྲན་)ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གནསྟེ། རྒྱལ་པྲན་(ཕྲན་)བགྱིད་པ་དང་། རྒྱལ་པྲན་གྱི་བློན་པོ་བགྱིད་པའི་རང་(རབས་)ལ། ཞང་ཆུང་ངར་པའི་རྗོ་(རྗེ་)། བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལོམ་མ་ཙེ་གཉིས། མྱང་རོའི་པྱེད་(ཕྱེད་)ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། ཡུལ་གནུབས་ཀྱི་གླིང་དགུ་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་རོའི་ཤམས་པོ་ན། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱེ་རྗེ་འི་མཁར་པ། བློན་པོ་དབོ་དང་རྡུག་གཉིས། ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང་། བློན་པོ་སས་པ་དང་མྱང་ནད་གཉིས། ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའི་ཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ་འུ། བློན་པོ་དང་དང་དིང་དི་གཉིས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཡུལ་འབྲོག་མོ་སྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་པོ་སྐྱང་རེ་གནག་……གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ། ཡུལ་ཆེའི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་པ་དང་། བློན་པོ་འཛངས་པ་དཀུའ་བོ་ཆེ་རྣམས་ཀྱིས་གཆིག་(གཅིག་)ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ་” (ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལྕགས་པར་དེབ་ངོས་༩༥—༩༧)ཅེས་གསལ་བ་དེའི་ཐོག་ནས་རང་རེས་བོད་ཀྱི་སྤྱི་ཚོགས་འདི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་པའི་དུས་རིམ་སྐབས་ཤིག་གི་ཡུལ་གྲུ་སོ་སོའི་སྡེ་ཚན་དང་དབང་སྒྱུར་པའི་མིང་སོགས་རགས་པ་ཙམ་ཞིག་ཤེས་པར་ནུས་སོ། །
སྤུ་རྒྱལ་གྱི་གདུང་རབས་བྱུང་ཚུལ།
གཉའ་ཁྲི་བཙན་པོ་འཁྲུངས་པའི་ས་ཆ་ནི་བོད་ལྗོངས་སྤོ་བོའི་ཡུལ་ཏེ། ཁོང་གི་ཡུམ་ནི་སྤོ་ཡུལ་གྱི་བུད་མེད་མོ་བཙུན་བྱ་བ་དེ་ཡིན་པའི་བུ་སྤུན་དགུའི་ཐ་ཆུང་དུ་གྱུར་ཅིང་། ཕ་ཡུལ་དང་བྲལ་ནས་བོད་ཀྱི་དབུས་ཕྱོགས་སུ་འབྱོན་དགོས་པའི་རྒྱུ་རྐྱེན་ཡང་ཁོང་ཐུགས་རྒྱུད་གྱོང་ལ་རྩལ་སྟོབས་ཆེ་བས་ཡུལ་དེའི་འགོ་པའི་བཪྙས་དམོད་དང་བསྡམས་ཁྲིམས་སོགས་འཁུར་དུ་མ་འདོད་པས་ཡུལ་མི་ཚོས་ཕྱིར་འབུད་བྱས་ཚུལ་རྣམས་སྐབས་དེའི་སྤྱི་ཚོགས་འཕེལ་རིམ་དང་། ས་ཡུལ་གྱི་ཆགས་བབ་སོགས་ཡུལ་དུས་ཀྱི་ལོ་རྒྱུས་དངོས་བབ་ཆགས་པ་ཞིག་ཡིན་པ་མ་ཟད། ལྷག་པར་ལྡེའུ་ཆོས་འབྱུང་ནང་བོན་གྱི་འདོད་ཚུལ་དྲངས་ཏེ་གཉའ་ཁྲི་བཙན་པོའི་གཤེགས་རབས་ཉི་ཤུ་རྩ་བདུན་ཞེས་པའི་ནང་གི་ས་མིང་དཔེར་ན་གཡུ་ཡུལ་གཡམ་ཁང་དུ་གཤེགས། དེ་ནས་བླ་འབྲུམ་གྱང་མདོར་གཤེགས། ཞེས་དང་དེ་ནས་དགས་ཡོན་མཁར་དུ་གཤེགས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས། དེ་ནས་དགས་ཡུལ་ཤིང་ནག་ཏུ་གཤེགས། དེ་ནས་ལྷ་ལུང་སྟག་པར་གཤེགས། དེ་ནས་ཡར་ཁྱིམ་སོག་ཀར་གཤེགས། དེ་ནས་ཙན་དང་སྒོ་བཞིར་གཤེགས་ཞེས་པ་སོགས་ས་མིང་མང་པོ་ཞིག་ད་ལྟའང་ངོས་འཛིན་རྒྱུ་ཡོད་པ་མ་ཟད། གོ་རིམ་ཡང་སྤོ་ཡུལ་ནས་ཀོང་པོ་དང་། དེ་ནས་དྭགས་པོ་བརྒྱུད་ཡར་ལུང་དུ་ཕེབས་པ་གསལ་པོ་མཚོན་ཡོད། ལྷག་པར་དུ་བླ་འབྲུམ་གྱང་མདོ་ཞེས་པ་ནི་ཡིག་ཚང་དུ་མའི་ནང་གཉའ་ཁྲི་བཙན་པོ་ཐོག་མ་“ལྷ་རི་གྱང་དོར་”ཕེབས་ཚུལ་འཁོད་པ་དེར་སྣང་ཞིང་། ལྷ་རི་གྱང་དོ་ནི་ཀོང་པོ་ཉིང་ཁྲི་རྫོང་ཁོངས་སྟག་རྩེ་ཆུས་ཀྱི་ན་ངུ་གྲོང་ཚོའི་འགྲམ་དུ་ཡོད་པའི་དུས་ཕྱིས་བོན་རིར་གྲགས་པ་སྟོན་པ་གཤེན་རབ་ཀྱི་གནས་རི་དེ་ཡིན་པ་དང་། ང་ལ་གཡའ་མ་གོང་ཞེས་པ་ནི་ལྕང་གླང་པས་བྱང་ལམ་གཡའ་ལེ་གོང་གསུངས་པ་དང་དོན་གཅིག་ཡིན་ལ། དེ་ནི་དྭགས་པོ་སྐྱེམ་སྟོང་ནས་སྣང་རྫོང་དུ་ཡོང་བའི་ལམ་བར་ན་ཡོད་པའི་དེང་སང་ཡང་ཀོང་པོ་ང་ལ་ཞེས་ཡོངས་སུ་གྲགས་པའི་ལ་ཆེན་དེ་ཡིན། ཡར་ཁྱིམ་སོག་ཀ་ནི་ཡར་ལུང་སོག་ཁ་ཞེས་པ་ས་དབྱིབས་སོག་པའི་གཟུགས་ལྟར་ལ་བཤད་པ་ཡིག་ཚང་གཞན་དུའང་གསལ་ཞིང་། མཐར་ཡར་ལུང་གི་བཙན་ཐང་སྒོ་བཞིར་ཕེབས་པ་སོགས་ངེས་པ་ཪྙེད་པའི་ར་འཕྲོད་ཐུབ་པ་དང་། དུས་མཚུངས་གཉའ་ཁྲི་བཙན་པོ་དང་ཁོང་གི་གདུང་རྒྱུད་ལ་སྤུ་རྒྱལ་ཞེས་པའི་མཚན་ཐོགས་དོན་ཐད་བཤད་ཚུལ་དུ་མ་ཡོད་ཀྱང་། སྤུ་བོའི་ཡུལ་ནས་བྱོན་པའི་རྒྱལ་པོ་དེ་ལ་མཚན་སྤུ་རྒྱལ་ཞེས་ཐོགས་པ་ལོ་རྒྱུས་བྱུང་བ་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱུང་བ་བཅས་མདོར་ན་གཉའ་ཁྲི་བཙན་པོ་ནི་ལྷ་དང་ཐེ་རང་མ་ཡིན་ལ། རྒྱ་གར་དང་རྒྱ་ནག་གི་མི་ཡང་མ་ཡིན་པར་བོད་རང་གི་མི་ཞིག་ཡིན་ནོ། །
དེ་ལྟར་གཉའ་ཁྲི་བཙན་པོས་བོད་ཀྱི་རྗེ་བོ་མཛད་པ་དེ་ནས་བཟུང་སྤུ་རྒྱལ་གྱི་གདུང་རབས་དབུ་བཪྙེས་ཤིང་། བཙན་པོ་དེའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང་། ཙོ་མི་ཕག་གར་གཉིས་ཀྱིས་བྱས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། བོན་གྱི་ལོ་རྒྱུས་ལ་ལར་གསས་མཁར་གཡུང་དྲུང་ལྷ་རྩེ་བྱ་བ་དང་། སྐུ་མཁར་ཕྱིང་བ་སྟག་རྩེ་ཡང་བཙན་པོ་འདིའི་རིང་ལ་བརྩིགས་པར་བཤད། བོན་གྱི་ལུགས་དར་རྒྱས་སུ་མཛད་ཅིང་། མཚེ་མི་གཤེན་གྱི་སྨུ་རྒྱལ་གྱིས་བོན་བསྒྱུར་བར་གྲགས། འོན་ཀྱང་བཙན་པོ་འདིས། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ་ཞེས་གསལ་བར་དཔགས་ན་སྐབས་དེ་དུས་ནས་བོན་གྱི་གྲུབ་མཐའ་གསར་ཪྙིང་དབར་དུའང་འགལ་བ་རྣོ་ངར་ཅན་ཞིག་བྱུང་མྱོང་བར་མངོན་ནོ། སྣུབས་རྗེ་སྲིད་པ་ལ་སོགས་འབངས་སུ་འདུས་ཤིང་། སྐབས་དེའི་འགོ་དཔོན་གྱི་ཁྲོད་དུ་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང་བར་སྣང་། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཀྱི་ཆིབས་ཁ་ཐུབ་པ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་གྲགས་པས་སྐུ་ཚེ་དེ་ཙམ་གྱི་རིང་པོ་མ་བཞུགས་པར་མངོན། བོན་གྱི་ལོ་རྒྱུས་དང་། རྒྱལ་རབས་ཆོས་འབྱུང་ལ་ལར་མཛད་པ་བསྐྱང་ཚུལ་རྒྱས་བསྡུས་མི་འདྲ་བ་འགའ་གསལ་ཡང་དོ་གལ་ཆེ་ཞིང་འཆད་པར་འོས་པ་ནི་དེ་ཙམ་ཞིག་ལགས་སོ། །
གདུང་རབས་གཉིས་པ་མུ་ཁྲི་བཙན་པོ་ནི། ཡབ་གཉའ་ཁྲི་བཙན་པོ་དང་། ཡུམ་མུ་ཚོ་བཟའམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་འཁྲུངས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདིས་ས་སྨན་ཏིང་ཏིང་མའམ་ས་དིང་དིང་མ་ཁབ་ཏུ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར་ཞེས་དང་། དེ་ཡང་“དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ།”(《ལུང་གི་སྙིང་པོ》 ཕྱི་པར་དེབ་ངོས་༧༢—༧༤))ཞེས་དུས་དེ་ཤིད་དུའང་བོད་ལ་ཡི་གེ་ཡོད་ཟེར་བ་དཔྱད་གཞི་ཙམ་དུ་བཀོད། མདོར་ན་མུ་ཁྲི་ནི་བོད་དུ་གཡུང་དྲུང་གི་བོན་དར་རྒྱས་སུ་མཛད་པའི་གདུང་རབས་ཁྲོད་ཀྱི་གཙོ་བོ་ཡིན་པར་གྲགས་ཤིང་། བོན་རྣམས་ཀྱིས་བརྩི་བཀུར་ཆེན་པོ་བྱེད་པར་སྣང་ངོ་། །
གདུང་རབས་གསུམ་པ་དིང་ཁྲི་བཙན་པོ་ནི། ཡབ་མུ་ཁྲི་དང་ཡུམ་ས་དིང་དིང་མ་གཉིས་ཀྱི་སྲས་སུ་བལྟམས། སྐུ་གཤེན་ཅོའུ་སྨིན་དཀར་གྱིས་བྱས། གསས་མཁར་ཁོ་མ་ཡོངས་རྩེ་བཞེངས། སོ་ཐམ་ཐམ་མ་ཁབ་ཏུ་བཞེས་སོ། །
གདུང་རབས་བཞི་པ་སོ་ཁྲི་བཙན་པོ་ནི། ཡབ་དིང་ཁྲི་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས། སེ་བཟའ་སྨན་མོ་ཁབ་ཏུ་བཞེས། སྐུ་གཤེན་ཅོའུ་འོད་དཀར་གྱིས་བྱས། གསས་མཁར་དགུ་ར་དགུ་འཁྱུད་བཞེངས་སོ། །
གདུང་རབས་ལྔ་པ་དེ་ཁྲི་བཙན་པོ་ནི། ཡབ་སོ་ཁྲི་བཙན་པོ་དང་ཡུམ་སེ་བཟའ་སྨན་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཅོའུ་ཤང་ས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། ཁབ་ཏུ་དར་བཟའ་མ་བྱ་བ་བཞེས་སོ། །
གདུང་རབས་དྲུག་པ་ཁྲི་སྤེ་བཙན་པོ་ནི། ཡབ་དེ་ཁྲི་དང་ཡུམ་དར་བཟའ་མའི་སྲས་སུ་འཁྲུངས། སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས། སྐུ་གཤེན་ཅོ་ན་མི་ཆེན། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། ཉང་རལ་ཆོས་འབྱུང་ལས། “བོད་ཀྱི་ཡི་གེ་ཡང་ཁྲི་པེ་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ་” (ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བརྒྱུད) དཔེ་ཪྙིང་བྲིས་མ་ཤོག་གྲངས་༡༧༥རྒྱབ་) ཞེས་གསལ། འདི་ཡན་ཆད་གདུང་རབས་རྣམས་འདྲ་སྟེ་སྲས་ཆིབས་ཁ་ཐུབ་པ་ན། ཡབ་དགོང་དུ་གཤེགས་པར་གྲགས་སོ། །
གདུང་རབས་བདུན་པ་དྲི་གུམ་བཙན་པོ་ནི། ཡབ་ཁྲི་སྤེ་བཙན་པོ་དང་ཡུམ་སྨན་ཁྲི་ཕྱུག་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཅོའུ་ཚེམས་དཀར་གྱིས་བྱས། གསས་མཁར་ས་ལེ་བྱེལ་ཚང་བཞེངས། དབལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། །
གདུང་རབས་བརྒྱད་པ་སྤུ་དེ་གུང་རྒྱལ་ནི། ཡབ་གྲི་གུམ་བཙན་པོ་དང་དབལ་བཟའ་ཁྲི་བཙུན་གྱི་སྲས་སུ་འཁྲུངས། བཙན་པོ་སྤུ་དེ་གུང་རྒྱལ་གདན་འདྲེན་མཁན་དེ་རུ་ལས་སྐྱེས་སམ། ཡང་ན་དེའི་བུ་ངར་ལས་སྐྱེས་ཡིན་དང་། རུ་ལས་སྐྱེས་དེ་བཙན་པོ་དང་ཡུམ་གཅིག་པ་ཡིན་མིན་སོགས་རྒྱལ་རབས་གཞན་ན་མི་འདྲ་བ་འགའ་ཞིག་མཆིས་རུང་། འདིར་ནི་ཏུན་ཧོང་གི་ཡིག་ཪྙིང་གཞིར་བཟུང་བ་ཡིན་ཅིང་། བློན་པོ་དེའི་བྱས་རྗེས་ཀྱི་སྐོར་ལ་མཁས་པའི་དགའ་སྟོན་ལས་འདི་ལྟར་འབྱུང་སྟེ།“རྒྱལ་པོས་མི་མཆོག་རུ་ལས་སྐྱེས་ཁྱོད་ཀྱིས། །ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན། །སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། །ཆེ་ཆུང་མེད་པའི་མི་ཀུན་ཁྱོད་ལ་སྨོན། །མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་ཞེས། །བཏགས་ཤིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། །རྒྱལ་པོས་ཁུ་བོར་ཁུར་བས་ཁུའི་རུས་སུ་ཐོགས་སྐད། །བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་། །”(ཆོས་འབྱུང་མཁས་པའི་དགའ་སྟོན་ལྕགས་པར་དེབ་ངོས་༡༦༣)ཞེས་གསལ། ། གཞན་ཡང་བཙན་པོ་འདིའི་སྐུ་རིང་ལ་ཞང་ཞུང་ནས་གཤེན་པོ་དུ་མ་སྤྱན་དྲངས་ཤིང་། བོན་གྱི་དཔེ་མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་རྒྱས་པར་མཛད་ཅེས་གྲགས་སོ།།