ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ༄༅།།གསོ་བ་རིག་པའི་བྱུང་འཕེལ།
༄༅།།གསོ་བ་རིག་པའི་བྱུང་འཕེལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁས་དབང་བྱམས་པ་འཕྲིན་ལས།] [ཟླ་ཚེས། 11-11-01] [ཀློག་གྲངས། ]

   ཨོཾ་སྭ་སྟི། བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་རིག་པའི་ལོ་རྒྱུས་མདོར་བསྡུས་བརྗོད་པར་བྱ་བ་ལ་ཐོག་མར་སྤྱི་ལོའི་སྔོན་གྱི་དུས་ནས་གནའ་རབས་ཞང་ཞུང་སྨན་དཔྱད་ཀྱི་རྐང་འཛིན་དུ་གྱུར་པ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞེས་བྱ་བ་སྟོན་པ་གཤེན་རབ་མི་བོ་ཆེ་ལ་སྲས་བརྒྱད་ཡོད་པའི་ནང་ནས་བགྲེས་ཤོས་འདི་ཡིན་པ་དང་། སྨད་དཔྱད་མཁྱེན་པའི་སྐོར། 《བསྟན་པ་ཉེར་གཏད་ཀྱི་མདོ》ལས་ཀྱང་། དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་སྔ་རབས་ཞང་ཞུང་གི་གསོ་རིག་བསྟན་པའི་སྒྲོན་མེ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡིན་པར་ཁུངས་སྐྱེལ་བྱས་འདུག ལྷག་པར་དུག་ལ་ཤིན་ཏུ་ཕན་པའི་སྨན་མཆོག་དབང་པོ་རིལ་བུ་ཞེས་པ་ཐོག་མ་གསར་རྙེད་ཐུབ་མཁན་སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་དྲང་སྲོང་དཔྱད་བུ་ཁྲིད་ཤེས་ཁོ་ན་ཡིན་པ་བོད་ཀྱི་སྨན་རྫས་རིག་པ་མཁས་ཅན་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་གསུང་རྩོམ《གསོ་རིག་གི་ཡིག་ཐོ་གསལ་བྱེད་མལླི་ཀའི་རྒྱུན་ཐག》ཅེས་པའི་དཀར་ཆག་ཀུ་ཡི་ནང་ཚན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་གི་ཐིག་ལེ་ལས་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་མཛད་པའི《དུག་བཅོས་གཡུང་དྲུང་འཁྱིལ་བ》ཞེས་པའི་ནང་། སྲོག་ཆགས་ལས་བྱུང་བའི་དབང་པོ་རིལ་བུས་དུག་ལ་ཕན་པའི་རྒྱུ་མཚན་གསུངས་པ་དེས་བོད་རྗེ་གཉའ་ཁྲི་བཙན་པོས་བོད་འདིར་རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་དོགས་པ་དྲུག་སྟོན་པའི་སྐབས་ཤེས་པ་ཅན་རྩིབ་ལྷ་སྐར་མ་ཡོལ་སྡེས་དུག་ལ་སྨན་ཡོད་ཅེས་གསུངས་པ་ནི་སྐབས་དེར་དུག་ཕོག་པར་བཅོས་ཀ་ཡོད་པ་གསལ་པོར་བསྟན་ཅིང་། དེས་མ་ཚད་མཁས་པའི་དབང་པོ་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་《མན་ངག་པོ་ཏི་དམར་པོའི་ནང་བྱིས་པའི་རྣ་རྩ་བརྟག་ཐབས》སྐོར་གྱི་དཔེ་ཆའི་དབུ་ལ་དྲང་སྲོང་དཔྱད་ཁྲི་ཤེས་ལ་ཕྱག་འཚལ་ལོ་ཞེས་བཀོད་དེ་དོན་དུ་བྱིས་པའི་རྣ་རྩ་བརྟགས་ཐབས་སྐོར་ནི་ཞང་ཞུང་སྨན་དཔྱད་ཀྱི་ནང་ཚན་གལ་ཆེན་ཡིན་པ་དོན་གྱིས་གྲུབ་ཡོད། ལྷག་པར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་སྨན་དཔྱད་སྐོར་གྱི་ཟིན་བྲིས་མཇུག་ཏུ། དཔྱད་ཡིག་འདི་ནི་རྒྱལ་པོའི་ཕྱག་སྦལ་ནའང་མེད་དེ་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ནས་བྲིས་པའོ། །ཞེས་འབྱུང་བར་བལྟས་ན་ཞང་ཞུང་དུ་སྨན་དཔྱད་ཀྱི་སྐོར་མང་པོ་ཡོད་པར་གདོན་མི་ཟ། དཔེར་ན་རྗེ་གཉའ་ཁྲིའི་སྐབས་ཤེས་པ་ཅན་བཅུ་གཉིས་ཀྱི་གྲས་སུ་ཕན་ཤེས་སྨན་དཔྱད་ཅེས་པ་ནི་སྨན་པའི་ལས་རིགས་ཡིན་པ་གསུངས་པའི་ཁར། 《རྒྱལ་རབས་གསལ་བའི་མེ་ལོང་》ལས། རྒྱུའི་བོན་རིགས་བཞིའི་ནང་ནས། ཕྱྭ་གཤེན་བལ་ཐོན་ཅན་གྱིས་ལྷ་དང་སྨན་གསོལ། ཕྱྭ་དང་གཡང་འགུགས། དུར་གཤེན་མཚོན་ཆ་ཅན་གྱིས་གནམ་གྱི་རྒྱུ་སྐར་བལྟ། ས་ཡི་འདྲེ་བཏུལ་ཞེས་གསུངས་པ་བཅས་མདོར་ན་བོད་ཀྱི་སྨན་རྩིས་རིག་པའི་ཐོག་མའི་འབྱུང་ཁུངས་ནི་གནའ་རབས་ཞང་ཞུང་ཁོ་ན་ཡིན་ལ། གོང་གསལ་ཀྱི་ཁུངས་ལྡན་ཡིག་ཆ་འདི་རྣམས་ལ་བརྟེན་ནས་དེང་གི་ཆར་བོད་ལུགས་གསོ་རིག་ལ་ལོ་ངོ་2300ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ཁས་ལེན་གནང་བ་མ་ཟད། 《ཀྲུང་གོའི་གསོ་རིག་ཀུན་འདུས》ལས་བོད་ཀྱི་གསོ་བ་རིག་པ་ཞེས་པའི་ལོ་རྒྱུས་ནང་དུའང་བཀོད་ཡོད་ལ་བོད་ཀྱི་གསོ་རིག་འདི་ཉིད་བློ་གྲོས་དང་ཤེས་རབ་ལྡན་པའི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ལ་ངོས་འཛིན་དང་མཐབ་རྩོད་བསྟུད་མར་བྱས་པའི་མེས་རྒྱལ་གསོ་རིག་ནོར་བུའི་བང་མཛོད་ནང་གི་ནོར་བུ་གཙོ་བོ་ཞིག་ཡིན། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་འཕགས་ཡུལ་ནས་སྨན་པ་དགའ་བྱེད་བི་ཇི་དང་། བི་ལྷ་དགའ་མཛེས་གཉིས་བོད་དུ་ཕེབས་ཤིང་སྨན་དཔྱད་ཀྱིས་འགྲོ་དོན་བསྐྱངས་པའི་དྲིལ་ཆེན་པོ་བསྒྲགས་པ་རྒྱལ་པོས་གསན་རྗེས་སྨན་པ་གཉིས་ཕོ་བྲང་ཡུམ་བུ་བླ་མཁར་དུ་གདན་དྲངས་ཏེ་བསྙེན་བཀུར་ཞབས་ཏོག་བཟང་པོས་སྲི་ཞུ་དང་བཀུར་བསྟི་ཚད་མེད་པ་གནང་ནས་འཕགས་ཡུལ་གྱི་གསོ་དཔྱད་བོད་དུ་ཁྱབ་སྤེལ་ཡོང་ཕྱིར་རྒྱལ་པོ་རང་གིས་སྲས་མོ་མཛེས་ཤིང་ལྟ་ན་སྡུག་པ་མཚན་ལ་ཡིད་ཀྱི་རོལ་ཆ་ཞུ་བ་དགའ་བྱེད་བི་ཇིའི་བཙུན་མོར་ཕུལ་ནས་དུས་རེ་ཞིག་སོང་བའི་ཚེ་ན་ངོ་མཚར་བའི་ལྟས་དང་བཅས་སྲས་ཤིག་བྱུང་བར་འཕགས་ཡུལ་སྨན་པའི་ཁྱད་ཆོས་ཀྱི་མཚན་དང་ལྡན་པ་དུང་གི་ཐོར་ཅོག་ཅེས་གྲགས་པ་བོད་འབངས་བསོད་ནམས་ཀྱི་དཔལ་དུ་སྐུ་འཁྲུངས། དགའ་བྱེད་བི་ཇི་བོད་དུ་ལོ་སྐོར་གཉིས། (ལོ་སྐོར་རེར་ལོ་བཅུ་གཉིས)བཞུགས་ནས་གསོ་དཔྱད་བསྟན་པ་དར་སྤེལ་དང་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་གནང་ཡོད། དེ་ནས་དུང་གི་ཐོར་ཅོག་ཅན་སྐུ་ན་རིམ་གྱིས་སོན་པའི་དུས་སུ་ཡབ་གྱི་དྲུང་ནས་འཕགས་ཡུལ་གྱི་གསོ་དཔྱད་དུ་མ་གསན་ཅིང་ནད་པའི་འགྲོ་དོན་ཕྱོགས་མེད་དུ་བསྐྱངས་ཏེ་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་མཛད་རྗེས་རླབས་པོ་ཆེ་ཡོད་མཁན་གྱི་གྲས་ཤིག་ཡིན། དེ་དུས་སྨན་དཔྱད་སྐོར་དར་རྒྱས་གོང་འཕེལ་བྱུང་བའི་སྐོར་ལ་མཚོན་རྟགས་མང་པོ་བྱུང་བ་སྟེ་གནའ་རབས་ཀྱི་ཡིག་རྙིང་། 《གསོ་དཔྱད་ཉི་མའི་འོད་ཟེར》ཞེས་པའི་ནང་། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་སྨན་ལ་བསིལ་དྲོད་ཀྱི་དབྱེ་བ་དང་། སྤྱོད་ལམ་དྲག་དལ་གྱི་དབྱེ་བ་ཡོད་ཚུལ་གསུངས་པ་འདི་ནི་སྐབས་དེར་སྨན་དཔྱད་ལག་ལེན་གྱི་ཚད་གཞི་ཧ་ཅང་མཐོན་པོར་སླེབས་ཡོད་པ་སྨོས་ཅི་དགོས། ཁྱད་པར་སྨན་པ་དུང་གི་ཐོར་ཅོག་ཅན་བྱུང་བ་ནས་བཟུང་བོད་རྒྱལ་རེ་དང་བླ་སྨན་རེ་ཟུང་འབྲེལ་དུ་བྱུང་ནས་མཐར་མངའ་བདག་འོད་སྲུང་དང་། ཡུམ་བརྟན། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་ལྡེའི་བར་དུ་བྱུང་ཡོད་ལ། དེ་ཡང་གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་གདུང་རྒྱུད་དྲི་མ་མེད་པ་ཡིན་པའི་སྐོར《གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར》དུ་འཁོད་ཡོད་ལ། གནད་དོན་དེར་གཞིགས་ན་པུར་རྒྱལ་བོད་ཀྱི་རྒྱལ་རབས་ཉེར་བདུན་ཙམ་ནས་སྨན་བཅོས་ཐད་ལ་བླ་སྨན་དང་བདེ་སྲུང་གི་ལམ་ལུགས་ལྟ་བུ་ཆགས་ཟིན་པ་འདི་བཞིན་མི་རིགས་གཞན་དག་དང་བསྡུར་ཚེ་ཡུལ་ལུང་གང་དུའང་དེ་ལྟ་བུའི་ལུགས་སྲོལ་བྱུང་བ་ནི་ཆེས་སྔ་བ་ཡིན་པ་གོར་མ་ཆག། དེ་རྗེས་བོད་རྒྱལ་འབྲོང་གཉན་ལྡེའུ་ས་གདོན་གྱིས་ཟིན་པར་རྒྱལ་རྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་འབྱུང་བའི་ཆེད་དུ་ལྷོ་ཁ་ཡར་ལུང་ཞང་མདར(ད་ལྟ་ལྷོ་ཁ་འཕྱོང་རྒྱས་རྫོང་ཁོངས་སུ་ཡོད་པ་དང་། ཕལ་སྐད་དུ་ཞང་མདོ་ཟེར)གསོན་པོར་དུར་དུ་བཞུགས་ནས་གསོན་ཆས་ཟླུམ་བུ་ཞེས་སུ་གྲགས་པ་དང་། དེའི་སྐོར་བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་སུ་བཀོད་པ་ད་ལྟའང་མཇལ་རྒྱུ་ཡོད། སྔོན་ཆད་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ནས་ས་གདོན་ནམ་མཛེས་ནད་ཅེས་པ་འགོས་ཁྱབ་རང་བཞིན་གྱི་ནད་ངན་གདུག་པ་ཅན་ཡིན་པར་ངོས་འཛིན་ཐུབ་ཐོག་སྔོན་འགོག་གི་ཚུལ་དུ་རྒྱལ་པོ་རང་ཉིད་གསོན་པོར་དུར་དུ་བཞུགས་པ་དེས་རྒྱལ་རྒྱུད་ཕྱི་མ་རྣམས་ལ་དེ་ལྟ་བུའི་ནད་ངན་མི་འབྱུང་བའི་སླད་དུ་ཐབས་ཤེས་དེ་འདྲ་བ་གནང་བ་ནི་ཕན་ཡོད་ཀྱི་བྱ་ཐབས་ཡིན་པ་གདོན་མི་ཟ། དེ་དང་འདྲ་བར་འབྲོང་གཉན་ལྡེའུའི་སྲས་དམུས་ལོང་དཀོན་པ་བཀྲ་ལ་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་རྒྱལ་བུའི་སྤྱན་དབྱེ་དགོས་པའི་སྐོར་གྱི་ཞལ་ཆེམས་འབྲོང་གཉན་ལྡེའུ་དུར་དུ་བཞུགས་ཁར་གསུངས་པ་ལྟར་དེ་རྗེས་རྒྱལ་ཕྲན་འ་ཞ་རྗེ་བྱ་བའི་སྨན་པས་དཀོན་པ་བཀྲའི་སྤྱན་གསེར་གྱི་ཐུར་མས་ཕྱེ་རྗེས་སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་པ་ལོ་རྒྱུས་མང་པོའི་ནང་དུ་འཁོད་པ་དང་། དུས་དེ་དང་དེའི་ཚེ་ན་མིག་འབྱེད་ལག་ལེན་གྱི་ཆུ་ཚད་མཐོ་ཙམ་ཡོད་པ་དེ་ཡང་ད་ལྟ་བལྟས་ནས་ཡ་མཚན་དང་ངོ་མཚར་ཆེ་བའི་གནས་ཚུལ་ཡིན་པ་དཔྱོད་ལྡན་ཀུན་གྱི་མཁྱེན་སྤྱོད་དུ་གྱུར་པ་དེ་ལྟར་རོ།།
དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་མིང་ཚིག་བརྗོད་པ་མཐའ་དག་ཡི་གེར་གདབ་ཏུ་རུང་བ་སྟེ་ཆ་ཚང་བའི་བོད་ཡིག་ཀུན་གྱིས་སྤྱོད་དུ་རུང་བ་དེས་དམ་པའི་ཆོས་དང་རིག་གནས་གཞན་དག་སྨན་རྩིས་ལ་སོགས་པ་སྔར་གྱི་རྨང་གཞིའི་ཐོག་ཡར་རྒྱས་གོང་འཕེལ་ཤུགས་ཆེར་ཕྱིན་པ་རང་ཅག་བོད་ཀྱི་གསོ་རིག་དང་རྩིས་རིག་གཉིས་ཀྱང་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཏེ་གསོ་རིག་ལུགས་ཆེན་གསུམ་གྱི་བཤད་སྲོལ་དང་འཚོ་བྱེད་སྨན་པའི་ཆེ་བསྟོད་བསྩལ་ཏེ་སྐབས་དེར་རྒྱའི་ཧ་ཤང་མ་ཧ་དེ་བ་དང་བོད་ཀྱི་ལོ་ཙཱ་བ་དྷརྨ་ཀོ་ཥ་གཉིའ་ཀྱིས་ཀོང་ཇོས་བསྣམས་པའི་སྨན་དཔྱད་ཆེན་མོ་བོད་ཡིག་ཏུ་བསྒྱུར་པ་དང་། ད་དུང་རྒྱ་གར་དང་རྒྱ་ནག ཏ་ཟིག་གསུམ་གྱི་སྨན་པ་ཐུན་མོང་ཐོག《མི་འཇིགས་མཚོན་ཆ་བམ་པོ་བདུན་》བསྒྱུར་གནང་མཛད་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་གསོ་རིག་ཤིན་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་མཚོན་ཡོད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་རྣམ་གཉིས་ཀྱི་ཐུགས་རྗེ་ལས་ཕྱོགས་རིས་ཀྱི་སྨན་པ་དང་། མཐའ་བཞིའི་སྨན་པ་མཁས་པ་ཁག་ཅིག་བོད་དུ་གདན་དྲངས་ནས་རིག་གཞུང་སྤེལ་རེས་ཀྱི་ཐབས་ལམ་བཟང་པོ་བརྒྱུད་དེ་སླར་ཡང་སྨན་རྩིས་རིག་གནས་ཀྱི་བྱ་བཞག་དབྱར་གྱི་ཆུ་གཏེར་བཞིན་བོད་ཀྱི་ས་གནས་ཡོངས་ལ་ཁྱབ་གདལ་བྱུང་བ་དང་འབྲེལ་གངས་ཅན་སྨན་པའི་གཙུག་རྒྱན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་སྤྱི་ལོ་708ལོར་བྱོན་ཏེ་འགྲོ་མང་སྲོག་གི་དཔུང་གཉེན་དམ་པ་གསོ་རིག《རྒྱུད་བཞི》ཞེས་པ་འགྲོ་བའི་སྦྱི་ནོར་དུ་སྤེལ་བར་མཛད། དེའི་སྐོར་མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོས། འཐབ་བྲལ་ལྷ་ཡི་ཡུལ་ནས་མ་འོངས་ཤིང་། ཆུ་གཏེར་ཆེན་པོ་དག་ཀྱང་མ་བསྲུབས་ལ། ཁ་བའི་ལྗོངས་འདིར་བདུད་རྩིས་ཡོངས་གང་བ། །འཆི་མེད་བུམ་པ《རྒྱུད་བཞི》ཞེས་པ་བྱུང་། །ཞེས་གསུངས་པ་དང་། 《རྒྱུད་བཞི་》འཆད་ཉན་གོང་འཕེལ་ཆེད་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་དགོན་པ་ལྟ་ན་སྡུག་ཅེས་པ་ཕྱག་བཏབ་ཅིང་། སྨན་པ་འབུམ་རམས་པ་སོགས་སྔ་ཕྱིར་སྨན་སློབ་སྟོང་ཕྲག་ཙམ་བསྡུས་ཏེ་འགྲོ་བ་ནད་པ་དུ་མའི་ནད་ཀྱི་ཟུག་རྔུ་མཐའ་དག་བདུད་རྩི་སྨན་གྱིས་ཞི་བར་མཛད་ནས་སྐྱེ་འགྲོ་དུ་མའི་མགོན་སྐྱབས་དམ་པར་གྱུར་པར་བརྟེན་སྨན་བླ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་མཚན་གྱི་སྙན་གྲགས་ས་སྟེང་ཡོངས་ལ་ཁྱབ་པ་དང་། མཚན་ཙམ་ཐོས་པས་ཀྱང་སྐྱེ་བོ་མང་པོས་བཀའ་དྲིན་རྗེས་དྲན་དང་དད་པའི་སྤུ་ལོང་མི་གཡོ་བ་གཅིག་ཀྱང་མེད། དེ་དང་དུས་མཚུངས་པར་གངས་ཅན་ཡོངས་ལ་ཆོས་དང་རིག་གཞུང་དུ་མ་ཞིག་ཁྱབ་སྤེལ་བྱུང་བ་སོགས་ཀྱི་མཛད་རྗེས་རླབས་ཆེན་ཡོད་མཁན་ལོ་ཆེན་བཻ་རོ་ཙ་ན་ཞེས་པ་དང་ཧ་ཤང་མ་ཧ་ཡ་ན་གཉིས་ཀྱིས་བསྒྱུར་པའི་《སྨན་དཔྱད་ཟླ་བའི་རྒྱལ་པོ》ལེའུ་བརྒྱ་དང་སོ་གཉིས་ཀྱི་བདག་ཉིད་ཅན་དངོས་སུ་མཇལ་རྒྱུ་ཡོད་ལ། སྡེ་དགེ་པར་ཁང་དུ་ཤིང་པར་དང་དེང་དུས་མི་རིགས་དཔེ་སྐྲུན་ཁང་ནས་ལྕགས་པར་དུའང་དཔེ་བསྐྲུན་གནང་ཡོད། ད་དུང་སྐབས་དེར་སྨན་གཞུང་ཤིན་ཏུ་རྩ་ཆེན《རྒྱལ་པོའི་བླ་ཡིག་འོད་འབར་རམ་བི་ཇིའི་པོ་ཏི་ཁ་སེར།》《སྒྲོལ་མའི་སྔོ་འབུམ།》《འཇམ་དབྱངས་སྔོ་འབུམ》བཅས་ཡིག་རྙིང་བྲིས་མ་རིན་ཐང་གཞལ་དུ་མེད་པ་དེ་ཚོ་མིག་ལམ་དུ་བཏོན་རྒྱུ་ཡོད་པ་དེ་བཞིན་རང་རིགས་བོད་རིགས་མི་དམངས་ཀྱི་འོད་སྟོང་འཕྲོ་བའི་རིག་དངོས་གཞན་ལ་མེད་པའི་ཁྱད་ནོར་འདི་དག་ལས་ལ་བརྩོན་ཞིང་བློ་གྲོས་དང་ཤེས་རབ་ལྡན་པའི་བོད་རིགས་མི་དམངས་ཀྱི་གཟི་བརྗིད་དང་སྤོབས་པ་ཞིག་ཡིན། དེ་རྗེས་དུས་རབས་བཅུ་གཅིག་པའི་ནང་ད་ལྟའི་རྒྱལ་རྩེ་རྗེང་ཁོངས་སྒོ་བཞི་རེ་ཐང་ཞེས་པར་གཡུ་ཐོག་རྙིང་མའི་སྐུ་བརྒྱུད་བཅུ་གསུམ་པར་གསར་མ་ཡོན་ཏན་མགོན་པོ་བྱོན་པ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེས་འཕགས་ཡུལ་དུ་ལན་དྲུག་བྱོན་པ་དང་དེ་བཞིན་བལ་ཡུལ་སིངྒ་ལ་ཚུན་ཆད་དུ་ཕེབས་ནས་སློབ་དཔོན་མང་པོའི་ཞལ་མཇལ་གསུང་ཐོས་གདམས་ངག་མང་པོ་ཐུགས་སུ་ཆུད་དེ་མཐར་དཔལ་ལྡན་《རྒྱུད་བཞི》ལ་ལེགས་སྒྲིག་དང་ཁ་སྣོན་མི་ཉུང་བ་བསྐྱོན་ཏེ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་བསྩལ་པ་དང་ཆབས་ཅིག《རྒྱུད་བཞིའི》གསང་རྒྱ་བཀྲོལ་ཏེ་རང་གི་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ལ་བུམ་པ་གང་བྱོའི་ཚུལ་དུ་བཀའ་དྲིན་བསྩལ་ཞིང་སུམ་སྟོན་གྱི་སློབ་མ་སྣོད་དང་ལྡན་པ་གཞོན་ནུ་ཡེ་ཤེས་ལ་བརྒྱུད་དེ་རིམ་བཞིན་གངས་ལྗོངས་སུ་གསོ་རིག་《རྒྱུད་བཞི》འཆད་ཉན་དང་ལག་ལེན་མན་ངག་བཅས་པ་ཆ་ཚང་ཞིང་འཆུག་པ་མེད་པ་བླ་སློབ་དམ་ཚིག་དྲི་མེད་དྭངས་གཙང་གི་བརྒྱུད་འཛིན་པར་བྱེད་ཐུབ་པ་ནི་ཡོངས་གཏད་ལེའུ་ལས། དེ་ལྟར་སྣོད་ལྡན་གཅིག་ལས་གཅིག་བརྒྱུད་དེ། །རྒྱུན་མི་ཆད་པར་འགྲོ་དོན་བྱེད་པར་བསྔོ། །ཞེས་པའི་ཐུགས་སྨོན་བཟང་པོའི་མཐུ་ནུས་ཡིན་པ་གོར་མ་ཆག དུས་རབས་བཅོ་ལྔ་པའི་མཇུག་དང་བཅུ་དྲུག་པའི་དུས་མགོར་བོད་ཀྱི་གསོ་རིག་ལ་འཕེལ་རྒྱས་བྱུང་བའི་མཚོན་རྟགས་བྱང་ངམ་རིང་དང་ས་སྐྱ་ཁུལ་གཙོ་བོར་བྱས་ཏེ་ས་ཁད་མཐོ་བ་དང་ངད་ཅན་གྲང་བའི་ཡུལ་གྱི་ཁྱད་ཆོས་ལ་གཞིགས་པའི་བྱང་ལུགས་ཞེས་བྱང་བ་རྣམ་རྒྱལ་གྲགས་བཟང་གི་སྲོལ་གཏོད་མཛད་པ་དང་། བོད་ཀྱི་ལྷོ་རྒྱུད་ཁུལ་ས་ཆ་དམའ་བ་དང་རོང་ས་རླན་ཅན་སྣུམ་པའི་ཡུལ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཟུང་ལུགས་ཞེས་ཟུར་མཁར་མཉམ་ཉིད་རྡོ་རྗེས་གཙོ་བོ་མཛད་དེ་ཟུར་ལུགས་བྱུང་བ་བཅས་མདོར་ན་དཔལ་ལྡན་《རྒྱུད་བཞི》ལ་བྱང་ཟུར་ལུགས་གཉིས་ཀྱིས་སྲི་ཞུའི་བྱི་དོར་རྨ་མེད་པ་གནང་སྟེ་སྔོན་ཆད་《རྒྱུད་བཞིའི་འགྲེལ་པ》རྣམས་ཀྱི་རྨང་གཞིའི་ཐོག་སླར་ཡང་གཞུང་འགྲེལ་གསལ་བཤད་མང་དག་གཅིག་གནང་བ་དང་འབྲེལ་གནམ་གཤིས་དང་ཁོར་ཡུག་མི་འདྲ་བའི་གནས་ཚུལ་འོག་སྔོ་སྨན་གྱི་ངོས་འཛིན་མི་འདྲ་བར་བརྟེན་ནས་ལུགས་སོ་སོའི་སྨན་གྱི་སྦྱོར་ཚད་ཀྱང་གསར་གཏོད་མང་པོ་གནང་བ་དེས་སྨན་བཅོས་ལག་ལེན་ཐད་ཡར་རྒྱས་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་འདེད་ཤུགས་ཆེན་བྱུང་ཡོད། ད་དུང་སྔ་རྗེས་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་མཛད་པའི་གྲ་ཐང་《རྒྱུད་བཞི》དང་། ལྷུན་ལྡིང་བདུད་རྩི་འགྱུར་མེད་ཀྱིས་ཞུས་དག་མཛད་པའི་རྟག་བརྟན་དཔར་མ། ད་དུང་རྫོང་དགའ་དཔར་མ། བོ་དོང་དཔར་མ། སྒམ་པོ་དཔར་མ་སོགས་ཀྱང་བྱང་ཟུར་མཁས་པའི་དབང་པོའི་བརྒྱུད་འཛིན་རྣམས་ཀྱི་མཛད་པ་འཕྲིན་ལས་དང་ཁ་བྲལ་ཐབས་མེད་པ་ཡིན་ནོ།།
དུས་རབས་བཅུ་བདུན་པའི་སྐབས་སུ་རྒྱལ་བ་ལྔ་བ་ཆེན་པོ་དང་། མི་དབང་སངས་རྒྱས་རྒྱ་མཚོའི་ཐུགས་རྗེའི་ཉེར་ལེན་ལས་གསོ་དཔྱད་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་བྱུང་སྟེ་སྨན་གྱི་སློབ་གྲྭ་གསར་འཛུགས་གནང་བའི་གྲས་སུ་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་གཞན་ཕན་གླིང་དང་གཞིས་ཁ་བསམ་འགྲུབ་རྩེར་སྨན་གྱི་སློབ་གྲྭ་དྲང་སྲོང་འདུས་པའི་གླིང་། དེ་བཞིན་གསང་ཕུ་ཉི་མ་ཐང་གི་སྨན་གྱི་སློབ་གྲྭ་དང་། ཁྱད་པར་ལྕགས་པོ་རིར་སྨན་གྱི་སློབ་གྲྭ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་གནང་བ་དང་ཕྱོགས་མཚུངས་རྒྱལ་དབང་ལྔ་བ་ཆེན་པོའི་བཀའ་དྲིན་ལས་གྲྭ་ཐང་《རྒྱུད་བཞི》སོར་བཞག་གིས《རྒྱུད་བཞི》དཔར་མ་དང་། 《ཆ་ལག་བཅོ་བརྒྱད།》གཡུ་ཐོག་གསར་རྙིང་གི་《རྣམ་ཐར》སོགས་དང་མི་རྗེ་སྭ་རས་རྩོམ་སྒྲིག་གནང་བའི《རྒྱུད་བཞིའི་འགྲེལ་པ་བེེཌཱུརྱ་སྔོན་པོ》དང་《མན་ངག་ལྷན་ཐབས།》གྲ་ཐང་《རྒྱུད་བཞིར་》རྩ་ཚིག་ཆད་ལྷག་དང་། བརྡ་རྩིང་གོ་དཀའ་བ། ཡིག་ནོར་གྱི་རིགས་ལ་དཔྱད་གསུམ་དག་པའི་སྒོ་ནས་པོ་ཏྭ་ལའི་《རྒྱུད་བཞི་》དཔར་མ་གསར་དུ་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེས། དེ་མིན་སྔོན་མེད་ཀྱི་སྨན་ཐང་བྲིས་ཆ་བརྒྱད་ཅུ་ཐམ་པ་དང་《དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།》རྩིས་ཀྱི་བསྟན་བཅོས་《བེེ་ཊཱུརྱ་དཀར་པོ》དང་དེའི་བུ་ཡིག《དྲིས་ལན་གཡའ་སེལ་》སོགས་གསར་རྩོམ་མཛད་དེ་སྨན་རྩིས་ཀྱི་བསྟན་པ་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་པ་ཞིག་བྱུང་། དུས་རབས་བཅོ་བརྒྱད་པ་ནས་བཟུང་གསོ་རིག་མཁས་པའི་དབང་པོ་འབྲི་གུང་ཆོས་གྲགས་མཆོག་དང་དངོས་སློབ་ཚེ་དབང་བསྟན་པ། དཔོན་ཚང་ཡེ་ཤེས། སྨན་རྫས་རིག་པ་མཁས་ཅན་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། སི་ཏུ་ཆོས་ཀྱི་འབྱུང་གནས། ཀ་རྨ་ངེས་ལེགས་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་སྨན་རྩིས་བསྟན་པའི་གསལ་བྱེད་རིམ་པར་བྱོན་ནས་བར་སྐབས་སྨན་རྩིས་ཀྱི་བྱ་བཞགས་ཅུང་ཟད་ཉམས་ཆག་བྱུང་བ་རྣམས་སླར་གསོ་ཐུབ་སྟེ་གཞན་ཕན་གསོ་དཔྱད་རིག་པ་དང་དཀར་ནག་རྩིས་ཀྱི་རིག་པ་སོགས་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟར་དྲན་དབང་མང་པོའི་ཐུགས་ལ་སྤྲོ་བ་རྒྱས་ཐུབ་པའི་སྐལ་བཟང་དགའ་སྟོན་གྱི་རྣམ་པ་བཟང་པོས་ཕྱོགས་ཀུན་ཏུ་ཁྱབ་པ་ཞིག་བྱུང་ངོ་།
དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བླ་ན་མེད་པའི་ཐུགས་དགོངས་རྨད་དུ་བྱུང་བ་ལས། སླར་ཡང་པོ་ཏཱ་ལའི་གསོ་རིག《རྒྱུད་བཞི》དང་། འགྲེལ་པ་《བེེ་སྔོན།》《མན་ངག་ལྷན་ཐབས་》བཅས་ཀྱི་དཔར་གཞི་གསར་བཀོད་ཐོག་སྤྱི་ལོ་1916ལོར་རྒྱལ་དབང་མཆོག་གིས་བླ་སྨན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་ནས་བཅུ་གསུམ་པ་ཆེན་པོར་སྙན་སེང་ཞབས་སྐུལ་ཡང་ཡང་ཞུས་མཐར་ལྷ་སར་སྨན་རྩིས་ཁང་སློབ་གྲྭ་གསར་འཛུགས་ཀྱིས་ཐོག་མར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་དངོས་སློབ་གཟེངས་སུ་ཐོན་པ་འབྲས་སྤུངས་སྨན་སྦྱིན་པ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་སྨན་རྩིས་སློབ་གྲྭའི་སློབ་དཔོན་དུ་བསྐོ་བཞག་གནང་། སྔ་ཕྱིར་དམ་པ་དེས་སློབ་དཔོན་མང་དག་གི་ཞབས་ལ་གཏུགས་ནས་སྨན་རྩིས་གཙོ་བོར་གྱུར་པའི་རིགས་གཞུང་མཐའ་དག་ལ་ཉམས་བཞེས་མཐར་ཕྱིན་པ་གནང་སྟེ་མཁས་པའི་སྙན་གྲགས་མྱུར་དུ་ཐོན་པ་དང་། རྒྱལ་དབང་མཆོག་གིས་གཟིགས་སྐྱོང་བླ་ན་མེད་པའི་སྐུའི་སྨན་གྱི་གོ་གནས་ཀྱང་གསོལ་རས་བསྩལ། སྨན་རྩིས་སློབ་གྲྭ་བཙུགས་ནས་བཟུང་ཐོག་མར་རྒྱ་ཁྱབ་ཏུ་བྱིས་པ་ཉེར་སྤྱོད་དང་། སྐྱེས་སྐར་བརྟག་པའི་རྩིས་འབྲས་གཙོ་བོར་བཞག་སྟེ་འགྲོ་ཕན་བཟང་པོས་དུས་འདའ་བ་དང་དེ་རྗེས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་བཞེས་ཐུན་མོང་མ་ཡིན་པ་རྣམས་རྒྱུད་འཛིན་ཁར། སྨན་རྩིས་སློབ་གྲྭའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གཞུང་ལུགས་འཆད་ཐབས་དང་སྨན་བཅོས་ལག་ལེན་སོགས་ལ་བསྣན་ཁ་ཅི་རིགས་དང་འགའ་ཞིག་སར་གསར་རྩོམ་མཛད་དེ་བོད་ཀྱི་དགོན་སྡེ་ཁག་དང་། དམག་སྒར་ཁག་དེ་མིན་བློ་གསལ་དོན་གཉེར་ཅན་ཕྱོགས་དང་རིས་སུ་མེད་པ་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་ལ་ཉེ་བ་གསོ་སྐྱོང་མཛད་པ་དང་། དེ་ཚོའི་ནང་བོད་ལྗོངས་ཙམ་དུ་མ་ཟད་ཨ་མདོ་དང་། ཁམས་ཕྱོགས། འབྲུག་པ། འབྲས་ལྗོངས། ལ་དྭགས་སོགས་ཀྱི་སྨན་རྩིས་སློབ་མ་མི་ཉུང་ཞིག་ཀྱང་མཆིས་སོ།
སྤྱི་ལོ1959ལོར་བོད་ལ་དམངས་གཙོའི་བཅོས་བསྒྱུར་གཏོང་སྐབས་སྨན་རྩིས་ཁང་འདི་ཉིད་ཉམས་ཆག་ཏུ་གྱུར་ནའང་ད་ལྟའི་ཆར་སྔར་གྱི་སྨན་རྩིས་སློབ་གྲྭ་འདི་དག་སྨན་བཅོས་ལས་ཀ་དང་། སློབ་ཁྲིད་བྱ་བ། ཚན་རིག་ཞིབ་འཇུག། སྨན་སྦྱོར་ཐོན་སྐྱེད་བཅས་ལས་འགན་ཁག་བཞི་འགྲུབ་མཁན་གྱི་ཚན་པ་ཞིག་ཏུ་གྱུར་ཡོད། ད་ཕན་ལོ་ངོ་སུམ་ཅུ་སོ་ལྔ་ལྷག་ཙམ་རིང་གི་འགྱུར་ལྡོག་ལ་བལྟས་ན་མི་རྣམས་ཀྱི་བསམ་ཚོད་ལས་ཡོངས་སུ་བརྒལ་བ་དང་རང་ཅག་སྨན་པའི་ཁྲོད་ནས་འགའ་ཤས་ཀྱི་འཕེལ་རྒྱས་འདི་ལྟ་བུ་ནི་རྨི་ལམ་དུའང་མ་བྱུང་བ་དང་། ད་ལྟའི་སྨན་ཁང་འདི་ནི་ལོ་རྒྱུས་ཐོག་འཁོད་པའི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་གཉསི་སུ་མེད་པ་ཞིག་རེད་ཅེས་བསྔགས་བརྗོད་གནང་གིན་འདུགདེ་དང་དུས་མཚུངས་བར་བོད་ལྗོངས་ས་གནས་ཁག་ལ་སྨན་རྩིས་ཁང་གསར་འཛུགས་བྱས་ཡོད་ལ་སྔ་རྗེས་སུ་བོད་སྨན་འབྲིང་རིམ་སློབ་གྲྭ་དང་བོད་སྨན་སློབ་གྲྭ་ཆེན་མོ་སོགས་ཀྱང་གསར་འཛུགས་བྱས་ནས་བོད་ལུགས་གསོ་རིག་གི་འཕྲོད་སྟེན་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། གཞན་ཡང་མཚོ་སྔོན་སོགས་བོད་རིགས་ཡོད་པའི་ཞིང་ཆེན་ཁག་ལའང་བོད་ལུགས་སྨན་ཁང་དང་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་འབྲིང་བཙུགས་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་ལ་ལྷག་པར་བོད་ལྗོངས་སྨན་རྩིས་ཁང་གི་མཚན་སྙན་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་པ་དང་། རྒྱལ་ནང་གི་སྐུ་མགྲོན་རྣམས་དང་། ཕྱི་རྒྱལ་གྱི་མི་སྣ་བོད་དུ་ཕེབས་རྗེས་བལྟ་བསྐོར་བྱེད་ཡུལ་གཙོ་བོའི་གྲས་ཤིག་དང་། བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མཚོན་རྟགས་ཡོད་པར་བརྟེན་སྤྱི་ལོ1990ལོའི་ཟླ་བ་9ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་མཆོག་ང་ཚོའི་སྨན་རྩིས་ཁང་དུ་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁཱ་འཁོད་པ་དང་། སྨན་ཁང་གི་མཛེས་ལྗོངས་དང་། དོ་དམ། གཙང་སྦྲ་བཅས་པར་དགྱེས་ཚོར་ཆེན་པོས་དབུགས་དབྱུང་བསྩལ་བ་དང་། གསོ་རིག་《རྒྱུད་བཞིའི》ཚོན་ཁྲ་ཅན་གྱི་སྨན་ཐང་དེབ་གཅིག་ཅང་ཙེ་མིན་མཆོག་གི་ཕྱག་ཏུ་ཕུལ་སྐབས་འདི་ནི་རིན་ཐང་བྲལ་བའི་ནོར་བུ་རེད་ཅེས་ཚད་མཐོའི་གདེང་འཇོག་གནང་བ་དེ་ནི་ང་ཚོའི་སྨན་ཁང་དང་ལས་བཟོ་ཡོངས་ཀྱི་གཟི་བརྗིད་ཡིན།
དེ་བཞིན་མཁས་དབང་རིམ་བྱོན་གྱི་གསོ་དཔྱད་གྱི་མཛད་རྗེས་འོད་སྣང་དཀར་པོ་མདོ་སྨད་དུ་ཁྱབ་ཚུལ་རགས་ཙམ་བརྗོད་ན། སྔོན་རྒྱལ་རོང་རྒྱལ་པོ་མདོ་བཞེར་ནག་པོའི་སྐུ་རིང་ལ་སློབ་དཔོན་བེེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་ཕེབས་ཏེ་གསོ་དཔྱད་རྒྱུད་རྒྱལ་《བདུན་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》སོགས་གདན་དྲངས་ཏེ་གསོ་དཔྱད་ཀྱི་བསྟན་པའི་དབུ་བརྙེས། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་བ་མདོ་སྨད་དུ་ཕེབས་ཏེ་《རྒྱུད་བཞིའི》འཆད་ཉན་མཛད་ནས་སློབ་མ་བསྐྱངས་པ་སོགས་གསོ་དཔྱད་ཀྱི་བསྟན་པ་སྤེལ་ཏེ་《རྒྱུད་བཞི་》ཡི་འཆད་ཉན་སྔར་ལས་དར་རྒྱས་བྱུང་། དེ་རྗེས་བོད་ཀྱི་སྤྲུལ་སྐུའི་ཐོག་མ་ཀརྨ་པཀྵུའི་ཡང་སྲིད་ཀརྨ་སྐུ་ཕྲེང་གསུམ་པ་ཆོས་རྗེ་རང་བྱུང་རྡོ་རྗེ་མདུང་རྩེ་ཀུན་དགའ་དཔལ་བཟང་། ས་སྐྱ་ཨ་ལྷ་རྗེ་རྒྱལ་སྲས་དོན་ཡོན་རྒྱ་མཚོ། གཙང་སྨན་ཡེ་ཤེས་བཟང་པོ་སོགས་མཁས་པའི་དབང་པོ་ལྔ་རིག་སྨྲ་བའི་པཎྜི་ཏ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་མདོ་སྨད་དུ་ཕེབས་ནས་གསོ་དཔྱད་ཀྱི་བསྟན་པ་དར་ཞིང་རྒྱས་བར་མཛད་པ་སྟེ་སྨན་རྒྱལ་གཡུ་ཐོག་པའི་བསྟན་པའི་དར་ཆེན་ཕྱོགས་མཐར་བསྐྱངས་པས་དབང་ལུང་ཁྲིད་གསུམ་དང་འཆད་རྩོད་རྩོམ་གསུམ་ལག་ལེན་མན་ངག་བཅས་དབུས་གཙང་ཀྱི་ཞིང་ཁམས་དང་ཕྱོགས་གང་ཐད་ནས་སྐལ་བ་མཉམ་པ་ལྟ་བུ་བྱུང་། དེ་རྣམས་ཀྱི་མཛད་རྗེས་ཅུང་ཙམ་འགོད་ན། མདོ་སྨད་རེབ་གོང་རོང་བོ་ཕྱོགས་སུ་གསོ་རིག་བསྟན་པའི་སྲོལ་མཛད་མཁན་ལྷ་རྗེ་བྲག་སྣ་བའི་གདུང་རྒྱུད་དྲི་མ་མེད་པ་རྣམས་ཀྱི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་ལས་བྱུང་བ་ཁོ་ན་ཡིན་པ་སྟེ། རྗེ་དེ་ཉིད་ཀྱིས་བླ་མའི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་གཙུག་ཏུ་བཅིངས་ཏེ་རབ་བྱུང་ལྔ་པའི་སྟོད་ཙམ་ལ་བླ་མའི་བཀའ་ལུང་གིས་ཡང་དག་པར་བསྔགས་པའི་མདོ་སྨད་སའི་ལྟེ་བ་ས་ལ་དགེ་བཅུ་ཚང་བ་འཆི་མེད་གནས་ཀྱི་སྣོད་བཅུད་ནོར་འཛིན་གྱི་མཐིལ་དུ་སྤུངས་བ་ལྟ་བུའི་གསེར་ལྗོངས་དགེ་ལེགས་ཀྱི་ཆུ་བོ་བྲི་གང་མེད་པར་འབྱུང་བའི་གནས་ཆེན་པོ་འདིར་ཕེབས་པ་ནས་བཟུང་ས་སྐྱ་སྨན་གྲོང་བ་ཆེན་པོ་དང་ས་སྐྱ་པཎྜི་ཏ་ཁུ་བོ་གྲགས་པ་རྒྱལ་མཚན་སོགས་ཀྱི་སྨན་རྒྱུད་ལག་ལེན་བར་མ་ཆད་པར་ལྗོངས་འདིར་གསོ་དཔྱད་ཀྱི་འགྲོ་ཕན་རྒྱ་ཆེན་གནང་།
མདོ་སྨད་བྱང་རྒྱུད་དུ་སྔོན་རྒྱལ་དབང་བཞིན་པ་ཡོན་ཏན་རྒྱ་མཚོའི་བཀའ་ལྟར་རྒྱལ་སྲས་དོན་ཡོད་རྒྱ་མཚོ་མདོ་སྨད་དུ་ཕེབས་ཏེ་རབ་བྱུང་བཅུ་པའི་ཤིང་འབྲུག་ལོར་མདོ་སྨད་ཀྱི་ཆོས་སྡེ་ཀུན་གྱི་ཐོག་མ་དགོན་ལུང་བྱམས་པ་གླིང་ཕྱག་འདེབས་མཛད་པ་དང་དུས་མཚུངས་སུ་རྒྱལ་སྲས་རི་ཁྲོད་དུ་སྨན་གྱི་གྲྭ་ཚང་ཕྱག་འདེབས་མཛད་དེ་གསོ་དཔྱད་ཀྱི་བསྟན་པ་དར་ཁྱབ་རྒྱ་ཆེན་པོ་བྱུང་། དེར་བརྟེན་སྤྱི་ལོ། 1069ལོར་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་འཕྲིན་ལས་ལྷུན་གྲུབ་ཀྱི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོས་གསེར་ཁོག་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་དུ་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་བཙུགས། སྤྱི་ལོ་1037ལོར་ཆུ་བཟང་སྐུ་ཕྲེང་གསུམ་པ་ངག་དབང་ཐུབ་བསྟན་དབང་ཕྱུག་གིས་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་དུ་སྨན་པ་གྲྭ་ཚང་གསར་འཛུགས་མཛད།
སྤྱི་ལོ་1757ལོར་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་འཁྲུངས་ཡུལ། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་ཞལ་བཀོད་གནང་བ་ལྟར་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་འདེབས་མཛད་པའི་སྐུ་འབུམ་བྱམས་པ་གླིང་དུ་ཐོག་མར་ཆུང་བཟང་བསྟན་པའི་རྒྱལ་མཚན་གྱིས་སྨན་པ་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་ཞེས་པ་བཙུགས། པོ་ཏཱ་ལའི《རྒྱུད་བཞི》ཇི་ལྟ་བུ་འབྲུ་ལེན་གྱིས་ཤིང་པར་དུ་བརྐོས། ལྕགས་པོ་རིའི་འཆད་ཉན་ཚུལ་བཞིན་བཙུགས་ནས་མདོ་སྨད་བྱུང་རྒྱུད་དུ་བོད་ཀྱི་གསོ་རོག་སྔར་ལ་ལྷག་པར་དར་ཁྱབ་བྱུང་། 1744ལོར་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ལ་མོ་གསེར་ཁྲི་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་ཀྱིས་གོང་མ་ཆན་ལུང་ལྷས་སྐྱོང་གི་བཀའ་བཞིན་པེ་ཅིན་དུ་ཆོས་སྡེ་ཆེན་པོ་དགའ་ལྡན་བྱིན་ཆགས་གླིང་གསར་འདེབས་མཛད་དེ། མཚན་ཉིད་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། རིག་གནས་གྲྭ་ཚང་། གསོ་རིག་གྲྭ་ཚང་བཅས་ཁག་བཞིར་ཕྱེས་ནས། གསོ་རིག་སློབ་དཔོན་དུ་ཕུན་ཚོགས་འཛམ་གླིང་གདན་དྲངས་ཏེ་འཆད་ཉན་གནང་ཞིང་གསོ་རིག་ལ་སྦྱངས་པའི་ཡོན་ཏན་ཅན་མང་པོ་ཐོན་ནས་རྒྱ་ཡུལ་དང་སོག་ཡུལ་དུ་བོད་ཀྱི་གསོ་རིག་གི་བ་དན་དགུང་དུ་འཕྱར།
མདོ་སྨད་ལྷོ་རྒྱུད་ཀྱི་ཤར་ཕྱོགས་སུ། སྔོན་ཀུན་མཁྱེན་འཇིགས་མེད་དབང་པོས་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོ་དང་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་རྣམ་གཉིས་ལ་སྙན་ཞུ་ཕུལ་ཏེ་ལྕགས་པོ་རིའི་འགྲོ་ཕན་རིག་བྱེད་གླིང་གི་གསོ་དཔྱད་ལ་མཐའ་ཆོད་པར་སྦྱངས་པའི་གཙང་སྨན་ཡེ་ཤེས་བཟང་པོ་གཏོང་གནང་མཛད་མཐར་ཁོང་གི་སློབ་མ་གཙོ་བོ་རྡོ་རྗེ་རབ་འབྱམས་པ་དང་སོག་པོ་མེར་རྒན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་ཀྱིས་ཤིང་འབྲུག་ལོར་བཀྲ་ཤིས་འཁྱིལ་དུ་གསོ་རིག་གཞན་ཕན་གླིང་ཞེས་པའི་སྨན་པ་གྲྭ་ཚང་གསར་འཛུགས་གནང་། སྤྱི་ལོ་1886ལོར་བླ་མ་དཀར་པོ་གྲགས་པ་བྱམས་པ་མཐུ་སྟོབས་ཀུན་དགའ་མཚན་གྱིས་ཆོས་དཔལ་ཞིང་དགོན་གསར་བདེ་ཆེན་ཆོས་འཁོར་གླིང་དུ་སྨན་པ་གྲྭ་ཚང་གསོ་རིག་ཕན་བདེ་གླིང་བཏབ།
སྤྱི་ལོ་1995ལོར་བླ་མ་ཕུན་ཚོགས་རིན་པོ་ཆེས་ཕྱག་འདེབས་མཛད་པའི་ཆོས་སྡེ་ཆེན་པོ་རྔ་ཡུལ་དགེ་ལྡན་ལེགས་བཤད་གླིང་དུ་རོང་ཆེན་བསྟན་པའི་སྒྲོན་མེ་རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོས་གསོ་རིག་གྲྭ་ཚང་གསར་འཛུགས་མཛད། ཨ་རིག་དགེ་བཤེས་གྲགས་པ་འོད་ཟེར་གྱིས་ཕྱག་འདེབས་མཛད་པའི་ར་རྒྱ་བཀྲ་ཤིས་འབྱུང་གནས་སུ་སྐྱབས་རྗེ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱིས་རབ་བྱུང་བཅུ་གསུམ་པའི་སྨད་ཀྱི་ཆར་གསོ་རིག་འགྲོ་ཕན་གླིང་ཞེས་བའི་སྨན་པ་གྲྭ་ཚང་ཕྱག་འདེབས་མཛད། སྟག་ཚང་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་ནི་རྗེ་བློ་བཟང་ཉི་མའི་གསོ་དཔྱད་ཀྱི་འཕྲིན་ལས་ལ་བརྟེན་ནས་རབ་རྒྱན་ས་འབྲུག་ལོར་བཙུགས་པ་སོགས་གསོ་དཔྱད་ཀྱི་བསྟན་པ་ཐོས་བསམ་མཐའ་ཡས་པའི་སྒོ་ནས་མདོ་སྨད་ལྷོ་རྒྱུད་ཤར་ཕྱོགས་སུ་འགྲོ་ལ་ཕན་བདེ་གཡེལ་མེད་དུ་སྐྲུན་མཁན་གྲངས་ལས་འདས་པ་བྱུང་
སོག་ཡུལ་དུ་བོད་ཀྱི་གསོ་རིག་དར་རྒྱས་བྱུང་ཚུལ་རགས་ཙམ་བརྗོད་ན་སྔོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོག་ཡུལ་དུ་ཕེབས་ཏེ་སོག་ཡིག་གསར་བཟོ་བྱས་པ་ནས་བཟུང་བསྟུད་མར་ལྔ་རིག་སྨྲ་བའི་མཁས་དབང་རིམ་བྱོན་དག་གིས་གསུང་རབ་མང་པོ་སོག་ཡིག་ཏུ་བསྒྱུར་པར་བརྟེན་གསོ་རིག་སྐོར་ལ《བསྟན་འགྱུར་》དུ་བཞུགས་པའི《སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ》དང་། དེའི་རང་འགྲེལ་ཁ་ཆེ་པཎྜི་ཏ་ཟླ་བ་མངོན་དགའ་བས་མཛད་པའི་《འགྲེལ་པ་ཟླ་ཟེར།》དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི《སྦྱོར་བ་བརྒྱ་བ་སྨན་དཔྱད་འཚོ་བའི་མདོ》སོགས་མང་དག་ཅིག་བསྒྱུར། དེ་རྗེས་ཡོ་ག་ཙ་རི་བླ་མ་ངག་དབང་དོན་གྲུབ་གྱིས་དཔལ་ལྡན《རྒྱུད་བཞི》བསྒྱུར་ཏེ་གསོ་རིག་གི་བསྟན་པའི་སྒྲོན་མེ་སྦར། གཞན་ཡང་ཧལ་ཧའི་ཡུལ་གྲྭ་ཆེན་པོར་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་རྒྱལ་དབང་ལྔ་བའི་དངོས་སློབ་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་སོགས་སྐྱེས་ཆེན་དམ་པ་དུ་མ་འཁྲུངས་ཏེ་ཕྱོགས་ཐམས་ཅད་དུ་དགོན་སྡེ་མང་པོར་སྨན་པ་གྲྭ་ཚང་བཙུགས་པས་གསོ་དཔྱད་ཀྱི་ཡན་ལག་ཁོང་དུ་ཆུད་པའི་དགེ་བའི་བཤེས་གཉེན་མང་དུ་བྱུང་བ་དང་ཧལ་ཧ་རྗེ་བཙུན་དམ་པའི་བླ་སྨན་དུ་ལྕགས་པོ་རིའི་འཚོ་བྱེད་བློ་བཟང་ཆོས་འཕེལ་དང་སྐལ་བཟང་ཡར་འཕེལ་གཉིས་ཕེབས་ནས་གསོ་རིག་སྔར་ལས་དར་རྒྱས་མཛད། ཁྱད་པར་དུ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་སོག་ཡུལ་དུ་ཕེབས་ཏེ་གསོ་དཔྱད་ཀྱི་བསྟན་པའི་བ་དན་ཆེས་ཆེར་བསྒྲེངས་བས་མཛད་རྗེས་བླ་ན་མེད་པ་བསྐྲུན་ཡོད།

《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》 ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག