ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> སྤ་ལ་ཕུག་བདེ་ཆེན་དགོན་དུ་བསྐྱོད་པའི་མཐོང་ཐོས།
སྤ་ལ་ཕུག་བདེ་ཆེན་དགོན་དུ་བསྐྱོད་པའི་མཐོང་ཐོས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཤེས་རབ་གོ་ཆ།] [ཟླ་ཚེས། 11-12-24] [ཀློག་གྲངས། ]

 སྤྱི་ལོའི་དུས་རབས་བཅུ་གསུམ་ཙམ་དུ་བཞེངས་པར་གྲགས་པའི་སྤ་ལ་ཕུག་
བདེ་ཆེན་དགོན་དུ་བསྐྱོད་པའི་མཐོང་ཐོས་ཟིན་བྲིས།

      སྤྱི་ལོའི་དུས་རབས་བཅུ་བ་སྟེ་བོད་ཁམས་སིལ་བུར་འཐོར་བའི་དུས་རིམ་ནི་དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་ཆ་བཞག་ན་སྲིད་ཀྱི་འབྱོར་བས་ཕོངས་ཤིང་ཆོས་ཀྱི་འབྱོར་བ་རྒྱས་པའི་དུས་ཚོད་ཅིག་ཏུ་ངེས་ཀྱི། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་ལྟ་གྲུབ་མི་འདྲ་བ་དང༌། གྲུབ་མཐའ་མི་འདྲ་བ་བྱུང་བའི་དུས་རིམ་གཙོ་བོ་ཞིག་ཏུ་ངེས་པ་བཞིན། དུས་སྐབས་དེ་ཙམ་དུ་བོན་ལ་ཡང་གྲུབ་མཐའ་འམ་ལུགས་མི་འདྲ་བ་ལྔ་ཙམ་བྱུང་ཡོད་པ་ནི་བོན་གྱི་བྱུང་རབས་ལོ་རྒྱུས་རྣམས་སུ་བཤད་པས་ཤེས་ནུས་ཀྱང༌། གྲུབ་མཐའ་དེ་དག་ནི་བན་ལུགས་སུ་བཤད་སྲོལ་ཡོད་པའི་གྲུབ་མཐའ་སྟེ་རྙིང་མ་བ་དང༌། ས་སྐྱ་བ་བཀའ་རྒྱུད་པ་ལྟར་ཆོས་ཀྱི་དགོངས་དོན་གཅིག་ལ་འགྲེལ་ཚུལ་མི་འདྲ་བ་དང་ལྟ་བ་མི་མཐུན་པ་སོགས་ཀྱི་ཐོག་ནས་བྱུང་བ་མ་ཡིན་པར། ཕལ་ཆེར་ཆོ་ག་གང་ཞིག་གི་ལས་ཆོག་ལ་འཇུག་ཚུལ་དང་དེ་ཉིད་སྨྲངས་སུ་གྱེར་ཚུལ་མི་འདྲ་བའི་ཐོག་ནས་བྱུང་བ་མིན་ནམ་སྙམ་སྟེ། བོན་ལུགས་སུ་ཆོ་ག་གང་ཞིག་འདོན་པའི་སྐབས་ཆོ་ག་གཅིག་པུ་དེ་ལ་ཡང་བྲུ་ལུགས་དང་ཞུ་ལུགས་བྱེད་པ། སྤ་ལུགས་དང་གཤེན་ལུགས་བྱེད་པ་སོགས་མི་འདྲ་བ་བྱུང་ཞིང༌། ཡོངས་གྲགས་སུ་ནི་བོན་རྣམས་ཀྱིས་བྲུ་ཞུ་སྤ་རྨེའུ་སོགས་ནི་རུས་རྒྱུད་གོ་བ་ལེན་ནོ། །གཞན་ཞིག་ལ་ནི་སྒ་སྟོན་གྱི་མཛོད་འགྲེལ་དུ་བྲུ་ཡི་དགོངས་པ་ལྟར་ན་ཟེར་བ་དང༌། བླ་མ་ཞུ་ཡི་འདོད་ཚུལ་ཟེར་བ་སོགས་འབྱུང་བས་དེ་ལྟར་ན་ཆོ་ག་ཀློག་འདོན་གྱི་དབྱངས་རྟ་མི་འདྲ་བ་ཙམ་དང་ལས་ཆོག་ལ་འཇུག་ཚུལ་མ་མཐུན་པ་ཙམ་དུ་མ་ཟད་དེ་དག་གི་ལྟ་གྲུབ་འཇོག་ཚུལ་ལ་ཡང་མི་འདྲ་བའི་ཁྱད་བྱུང་བས་ན་ལྟ་གྲུབ་ཀྱི་ཆ་ནས་ཀྱང་བཞག་ཏུ་ཡོད་སྙམ། དེ་ཡང་བོན་ལུགས་སུ་བྲུ་ཞུ་སྤ་རྨེའུ་གཤེན་སོགས་གདུང་རྒྱུད་ལ་བྱེད་པ་ཡིན་ཕྱིར་བོན་གྱི་ཆོས་དཔེ་རྣམས་སུ་གྲུབ་ཐོབ་སྤ་ཡི་རྒྱུད་པ་དང༌། མཁས་པ་རྨེའུ་ཡི་རྒྱུད་པ་སོགས་ཟེར་བ་འདུག་ཀྱང༌། དེ་དག་ནི་ཐོག་མར་བླ་མ་གཤེན་ཆེན་པོ་སྟེ་ཡོངས་གྲགས་སུ་གཤེན་ཆེན་ཀླུ་དགའ་རུ་འབོད་པ་《ཁོ་བོས་བྲིས་པའི་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་དང་འབྲེལ་བའི་བོན་གཏེར་སྐོར་གྱི་དཔྱད་གླེང་ཞེས་པར་བྲིས་ཡོད》དེའི་སློབ་མ་དག་ཡིན་པ་ནི་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་ལོ་རྒྱུས་ལ་བལྟས་ཚེ་ངོ་འཕྲོད་པར་འགྱུར་གྱི། གལ་སྲིད་དེ་ལྟ་མིན་པར་འདོད་པ་རེ་བྱུང་ཚེ་འདི་སྐོར་གྱི་ལོ་རྒྱུས་ཚད་ཐུབ་དང་བྱུང་རབས་རྣམ་དག་རྣམས་སུ་གོ་ལོ་ཐོས་ལོ་ཙམ་མི་བྱེད་པར་ཐོས་མྱོང་ཟབ་མོ་རེ་བྱས་ན། བླ་མ་གཤེན་ཆེན་པོའི་གོང་རོལ་དུ་བྲུ་ཚང་དང་ཞུ་བྱ་བའི་གདགས་གཞིའི་ཐ་སྙད་ཡང་དག་ཅིག་སྙེད་པ་མི་ཡོང་སྙམ་མོད། བྲུ་ཤ་ལས་བྲུ་མཆེད་ཚུལ་བཤད་པ་དང༌། སྤྲ་རུས་ལས་སྤ། རྨ་ལས་རྨེའུ་སོགས་ལ་བཤད་ན་ནི་ཅི་ཤེས། ཅི་དང་གང་ལ་ཡང་བསམ་ཡང་བླ་མ་གཤེན་གྱི་གོང་དུ་མེད་པ་འདྲ་བས། དེའི་ཚེ་ཁྱེད་ཅག་གིས་ད་གཟོད་འདིའི་ཐད་ལ་བདེན་པའི་བློ་རྙེད་ཅིང་ཤེས་རབ་ཀྱི་མིག་ཡངས་པར་འགྱུར་ནས་ཁོ་བོའི་བཤད་ཚུལ་འདི་ཁས་ལེན་འགྲོ་བ་གདོན་མི་ཟ་མོད། བློ་མིག་དེ་མ་རྙེད་ཀྱི་བར་དུ་ཁོ་བོས་འདི་ལྟར་སྨྲ་བ་ལ་ཁྱེད་ཅག་གིས་ཚིག་གིས་འཐབ་པ་དང་སེམས་ཀྱིས་དམོད་པ་གང་མང་ཞིག་གཏོང་སྲིད་ཀྱི་དེ་ལྟར་ཐོངས་ཤིག་དང༌། ཁྱེད་རྣམས་གནས་སྐབས་ཤིག་ལ་བློ་བདེ་ཞིང་རང་སེམས་གསོ་ཙམ་དུ་འོངས་ངེས་སོ། །ཁོ་བོ་ནི་ནམ་དུ་ཡང་གོ་ལོ་ཐོས་ལོ་ཙམ་དོན་དངོས་ལ་འཛིན་པར་དགའ་བའི་སྨྲ་མང་གི་ཤོག་བུ་རྫོད་མཁན་རྣམས་ཀྱི་བྱུང་རབས་འབྲི་ཚུལ་ལ་ཞེན་པ་གཏིང་ནས་ལོགས་ཤིང༌། མཐོང་ཐོས་མྱོང་གསུམ་ལ་རྒྱབ་ཕྱོགས་ནས་ཟེར་སྲོལ་རྣལ་མ་བདེན་པར་སྒྲོག་པ་དག་གིས་མཁས་ཉམས་སྟོན་པ་ལ་ཞེ་འཁོན་པ་ཞིག་རྒྱུན་དུ་ཡོང་གིན་འདུག་པས། འདིར་ཁོ་བོ་མཐོང་ཐོས་མྱོང་གསུམ་གྱི་ལམ་དུ་ཞུགས་ཏེ། ཕྱི་དར་བསྟན་པའི་ལོ་རྒྱུས་ཀྱི་གནས་བབས་ཁྲོད་གོ་གནས་མཐོན་པོར་བཟུང་བའི་སྤ་ལ་ཕུག་བདེ་ཆེན་དགོན་གྱི་མཐོང་ཐོས་རགས་རིམ་ཙམ་ཞིག་པར་རིས་དང་སྦྲགས་ནས་འདིར་འཁོད་པར་འཇུག་པ་ལ་བློ་ཡིད་རང་ངོ༌། །

      ཁོ་བོ་སྤྱི་ལོ་༢༠༠༩ལོའི་དབྱར་དུས་སུ་སྲིད་གཞུང་གི་ལས་འགན་སྒྲུབ་ཕྱིར་སྟོད་ཕྱོགས་མངའ་རིས་སུ་སྔ་ཕྱིར་ཐེངས་གསུམ་དུ་བསྐྱོད་པ་ཡིན་ཅིང༌། ཐེངས་གསུམ་གར་གཉའ་ནང་བརྒྱུད་ནས་སར་དགའ་རྫོང་དང་དེ་ནས་འབྲོང་པ་རྫོང་བརྒྱུད་དེ་ཕྱིན། གཉའ་ནང་གི་རི་རྣམས་ཁད་ཀྱིས་ས་མགོ་མཐོ་བ་ཞིག་ཏུ་འདུག་པས་ལམ་དེ་བརྒྱུད་མཁན་གྱི་མི་ཕལ་ཆེར་ལ་རྫ་དུག་གིས་ཅུང་ཟད་རེ་ན་སྲིད་ཟེར་བས་བདེན་དུ་མཆི། ཁོ་བོ་དང་ལས་རོགས་རྣམས་ཀྱང་གཉའ་ནང་ཐོང་ལའི་སྒང་དུ་འབྱོར་ཚེ་དབུགས་ཧལ་བར་གྱུར་ནས་དབུགས་ཀྱི་རྒྱུ་བ་མི་བདེ་ཞིང་མགོ་ན་བ་སོགས་བྱུང་བས། དུས་དེར་རང་རེའི་ཆོས་གཞུང་རྣམས་སུ་མི་ཞིག་གིས་ཉིན་ཞག་ཕྲུག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་ལེན་ཚུལ་བཀོད་པ་《སྐྱེས་བུ་ནད་མེད་པ་ཞིག་ལ》་དེ་ཡང་ད་ལྟའི་གཉའ་ནང་ཐོང་ལའི་ཁ་ནས་དབུགས་ཀྱི་རྒྱུ་བ་ལེན་པའི་འགྱུར་བ་ལ་བསམ་ན་སྐྱེས་བུ་ཞིག་གིས་ཉིན་ཞག་ཕྲུག་གཅིག་ལ་དབུགས་འབྱུང་འཇུག་རྔུབས་གསུམ་བྱེད་པའི་བཤད་ཚུལ་དེ་གོང་གི་གྲངས་ཀ་ལས་མང་བར་འགྱུར་འང་སྙམ་པ་སྐྱེས། དེ་ནས་མང་ཡུལ་དུ་ཁ་ཕྱོགས་ནས་རིམ་གྱིས་བསྐྱོད་ཚེ་རླངས་འཁོར་བསྐྱོད་ལམ་གྱི་གཡོན་ངོས་སུ་གངས་ཀྱི་རི་བོ་མང་པོ་སྤྲིན་གྱི་ཁ་རླངས་སྟུག་པོས་བསྒྲིབས་ནས་མཐོང་མི་ཐུབ་པའི་ཚད་དུ་འདུག་ཀྱང༌། ཉིན་གུང་ཙམ་དུ་བསླེབས་ཚེ་སྤྲིན་རིས་རྣམས་རིམ་གྱིས་དྭངས་ནས་རི་རྒྱུད་གཅིག་ཏུ་ཆགས་པའི་འཕྲེད་བཅད་ཕྱེད་བསྙལ་དུ་བསླངས་བའི་གངས་རི་གཏོར་ཟོར་འདྲ་བ་གཉིས་མཐོང་ནས་འོངས།

      དེ་ལས་གཅིག་ལ་ནི་གངས་རི་བོན་ཆེན་དུ་འབོད་པ་དང་གཅིག་ལ་ནི་ཤི་ཤ་སྤང་མ་འམ་ཕོ་ལྷ་མགོན་ཆེན་དུ་འབོད་སྲོལ་འདུག འདིའི་ཤི་ཤ་སྤང་མ་ཞེས་པ་ནི་བོད་མི་རྣམས་ལ་རྒྱུས་མངའ་མེད་པའམ་གྲགས་པ་དེ་ཙམ་མི་ཆེ་བའི་གངས་རི་ཞིག་ཏུ་སྣང་རུང་བལ་ཡུལ་གྱི་མི་རྣམས་ལ་ནི་ཤིན་ཏུ་གྲགས་ཆེ་རབས་འདུག་གོ །

      བོད་ཡུལ་སྟོད་སྨད་ཀུན་ན་ཁ་བ་གངས་ཀྱིས་བཀླུབས་པའི་གངས་རི་ཆེ་ཆུང་གྲངས་ཀྱིས་མི་ཆོད་པ་དག་དང༌། རྔམ་ཞིང་བརྗིད་ཀྱིས་འགྱིངས་བའི་རི་བོ་མང་དུ་སྣང་བ་དག་ནི་བོན་པོས་བཤད་ན་བོན་གྱི་གནས་ག་གེ་མོ་དང་ལྷ་ག་གེ་མོ། རིག་འཛིན་ཆེ་གེ་མོ་སོགས་ཀྱི་སྒྲུབ་གནས་ཡིན་རབས་དང༌། བན་སྡེ་རྣམས་ཀྱིས་བཤད་ན་བན་གྱི་ལྷ་ག་གེ་མོ་དང་གནས་ག་གེ་མོ། བླ་མ་ཆེ་གེ་མོ་སོགས་ཀྱི་སྒྲུབ་གནས་ཡིན་རབས་ཀྱི་གཏམ་རྒྱུད་རིང་མོ་རེ་བན་རྒན་མགོ་ཐོ་ལེ་རྣམས་ཀྱིས་བཤད་ཀྱང་བྲིས་ནས་ཡོད་པས། གྲུབ་མཐའ་འདི་གཉིས་ཀྱི་ཁོངས་སུ་མེད་པ་ཞིག་གིས་སའི་ཡག་ས་དང་རི་ཡི་མཛེས་ས་ཞིག་བདག་གིར་བརྗོད་ཐབས་བྲལ་ལོ་སྙམ།

       འོན་ཀྱང་གཞིས་རྩེ་ས་ཁུལ་གྱི་སྐྱིད་རོང་རྫོང་དང་གཉའ་ནང་རྫོང་གཉིས་ཀྱི་འགྲེས་མཚམས་སུ་རེང་ངེར་འགྲེང་བའི་གངས་རི་བོན་ཆེན་དེ་ཉིད་བོན་ལུགས་དང་འབྲེལ་བ་ཡོད་རབས་གླེང་བ་ནི་ཁོ་བོས་ཐོས་པར་མ་གྱུར་མོད། འོན་ཀྱང་གངས་རི་དེར་བོན་ཆེན་གྱི་ཐ་སྙད་ཡོད་པར་གཞིགས་ཚེ་བོན་ལུགས་སུ་བཤད་སྲོལ་ཡོད་པའི་སྲིད་པའི་ལྷ་རབས་རྣམས་དང་འབྲེལ་བ་ཞིག་ཡོད་སྲིད་དམ་སྙམ་གྱི། ལར་བོན་གྱིས་རང་ཚུགས་ཟིན་པའི་དུས་སྐབས་དེར་གངས་རི་བོན་ཆེན་ཞེས་པ་འདི་ཡང་བོན་གྱི་ཆོས་ལུགས་དང་ལྟོས་གྲུབ་ཏུ་བྱུང་ཡོད་སྲིད་པ་ནི། ཡུལ་ལུང་འདི་རང་དུ་གྲུབ་ཐོབ་སྤ་ཡི་རུས་རྒྱུད་འཛིན་པ་རྣམས་ཀྱིས་བོན་གྱི་བསྟན་པ་སྤེལ་ཕྱིར་དགོན་གནས་བཙུགས་ཤིང་ཁྱིམ་རྒྱུད་བཟུང་བ་དེས་རྟོགས་ནུས། ཕྱིས་སུ་བོན་པོ་རྣམས་རང་ཚུགས་ཤོར་ཞིང་རང་ཁྱིམ་བསྐྱུར་ནས་གཞན་ཁྱིམ་ལ་བསྙེས་རྒྱུ་ཐུགས་དགྱེས་དྲགས་པས་རང་རྒྱུས་རང་གིས་མི་ཤེས་པར་འདུག་ན་གླེང་ཡང་རིན་དང་རྩིས་ཐང་མེད་པ་ཞིག་བོན་པོ་རྣམས་འདོད་སྲིད་པས་དེ་ཙམ་དུ་ཐལ་ནས་སྣང་ངོ་། །

      གངས་རི་དེ་གཉིས་དང་ཐག་ཉེ་བའི་གཞུང་རྒྱུད་དེར་ཕུ་རོང་ཤང་ཟེར་ཞིང༌། གྲོང་ཁྱིམ་གྱི་ཁང་པའི་མདངས་ཉམས་ཞན་ལ་སྐྱ་ལྷོག་ལྷོག་ཏུ་སྣང་བས་ཡུལ་དེའི་མི་རྣམས་འཚོ་བ་སྐྱོ་ཙམ་དུ་ཡོད་པ་མཐོང་ཐུབ། དུས་རྒྱུན་སྟོད་ཕྱོགས་མངའ་རིས་སུ་འགྲོ་བའི་གནས་སྐོར་བ་དང་འགྲུལ་བཞུད་པ་རྣམས་ཀྱིས་གནས་དེ་རུ་ངལ་བསོས་ནས་ཞལ་ཟས་ཟ་བ་སོགས་བྱེད་སྲོལ་ཡོད་པས། ངོས་དང་ལས་རོགས་རྣམས་ཀྱང་ཕུ་རོང་ཤང་དུ་ཡོད་པའི་ཟ་ཁང་ཞིག་ཏུ་ཁ་ཟས་སྟབས་བདེ་ཞིག་བཟས་ནས་ངལ་ཅུང་ཟད་གསོ་འགོ་བརྩམས་མོད། སྐབས་དེར་གོས་སྣམ་ཧྲལ་ཧྲུལ་དུ་སོང་བ་ཞིག་གྱོན་ཞིང༌། ལག་ཏུ་དབྱུག་རྟེན་འཁྱོག་ཏོ་བསྣམས་མཁན་གྱི་རྨོ་བོ་ཞིག་ནང་དུ་བསླེབས་ནས་ཅི་ཡང་མི་སྨྲ་བར། སྒོར་ཟུར་གཉིས་གསུམ་ལས་མེད་པ་ཞིག་ལག་པ་གཡོན་དུ་བསྡམས་ཤིང༌། ལག་གཡས་པའི་མཐེ་བོང་ཡང་ཡང་བསྟན་བཞིན་དངུལ་ལོར་གཅིག་སྦྱིན་རེའི་ཆེད་ངེད་ཚོར་འཛུམས་མདངས་མ་རུ་མུ་རེ་ཞིག་ཡང་ཡང་བསྟན། འོན་ཀྱང་ཁོང་གི་འཛུམས་མདངས་དེས་ཁོ་བོར་གློ་བུར་དུ་སྐྱོ་དུང་དུང་གི་སྣང་བ་ཞིག་སྐྱེ་རུ་བཅུགས་ཏེ་ཉིན་གང་བོར་སེམས་པ་ལྷོད་ལ་འབབ་མི་ཐུབ་པ་ལྟ་བུའི་སྣང་བ་ཞིག་བྱུང༌།

       ཕུ་རོང་ཤང་དང་ཐག་མི་རིང་བའི་ས་ན་བཀའ་རྒྱུད་པའི་བླ་མ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དུ་གསལ་བའི་དཔལ་ཁུག་མཚོ་ཞེས་པ་དེ་ཡང་ཡུལ་དེར་སྔོ་ལྡེམ་ལྡེམ་དུ་འཁྱིལ་ནས་ཡོད་ཅིང༌། མཚོ་དེ་ནི་མ་པང་གཡུ་མཚོ་ལྟར་མུ་སྟེགས་བྱེད་པ་རྣམས་དང་ཧིན་རྡུ་བ་རྣམས་ཀྱིས་ལུས་གཅེར་བུར་ཕྱུངས་ནས་ཁྲུས་བྱེད་མཁན་དང་རོ་རྡུལ་ཐལ་བ་གཏོར་ནས་འབག་བཙོག་བྱས་པ་ཡང་མེད་པས་ཡིད་དུ་འོངས་བ་ཞིག་འདུག་གོ །

      ཕུ་རོང་ཤང་ནས་ཁ་བྱང་ནུབ་ཏུ་ཕྱོགས་ཏེ་སྤྱི་ལེ་སུམ་ཅུ་ཙམ་གྱི་སར་བསྐྱོད་ན་སྤ་ལ་ཕུག་བདེ་ཆེན་དགོན་དུ་འབྱོར་ཐུབ་ཅིང༌། ལ་ཕུག་དགོན་ནི་མཐའི་གྲོང་ཁང་ལས་བརྒལ་ཙམ་བྱས་ཏེ་རི་གླང་སྣ་འདྲ་བ་ཞིག་གི་སྒང་དུ་ཆགས་ནས་ཡོད་པས་དགོན་གྲོང་གི་དབྱེ་བ་ཕྱེ་ཐུབ་ཙམ་དུ་མཆིས། དགོན་པའི་གཤམ་གྱི་གྲོང་ཁང་རྣམས་ནི་དབུས་གཙང་ཁུལ་ན་རྒྱུན་མཐོང་དུ་ཡོད་པའི་གྲོང་ཁང་དག་དང་ཁྱད་ཡེ་མ་མཆིས་ཀྱང༌། ཡུལ་ཚོ་འདི་ཉིད་གཞུང་ཁུག་དེར་ཆགས་ནས་ལོ་ངོ་བརྒྱ་ཕྲག་མང་དུ་སོང་བ་ནི་ལ་ཕུག་དགོན་གྱི་བྱུང་རབས་ལོ་རྒྱུས་ལ་དཔགས་ཚེ་ར་འཕྲོད་ཐུབ་པ་ཞིག་ཡོང་སྙམ། དེ་ཡང་ལ་ཕུག་བདེ་ཆེན་དགོན་ནམ་ལ་ཕུག་དགོན་ནི་གཞིས་རྩེ་ས་ཁུལ་གཉའ་ནང་རྫོང་ཕུ་རོང་ཤང་གི་བྱང་ནུབ་སྟེ་དཔལ་ཁུག་མཚོའི་ཤར་འགྲམ་དུ་གནས་ཡོད་ཅིང༌། ལ་ཕུག་ཟེར་བ་ཡང་ལ་སྟོད་ལྷོ་ཡི་ཕྱོགས་སུ་གཏོགས་པ་དང་ཕུ་རོང་ཤང་དུ་ཡོད་པས་འབོད་ཚུལ་དེ་བྱུང་བ་མིན་ནམ་སྙམ་ཞིང་ཁོ་བོས་ནི་རྒྱུ་མཚན་ཡང་དག་ཅིག་འདྲེན་རྒྱུ་མ་རྙེད་པས་རིག་པ་དོན་དུ་གཉེར་བ་རྣམས་ཀྱིས་དཔྱོད་ཅིག་དང་བློ་སྐྱེད་རེ་ཡོང་ངེས། དེ་ཡང་དགོན་འདི་ནི་སྤྱི་ལོའི་དུས་རབས(1234)བཅུ་གསུམ་པའི་འགོ་དཀྱིལ་ཙམ་ཞིག་ལ་སྤ་སྟོན་རྒྱལ་བ་ཤེས་རབ་ཞུ་བས་ཕྱག་བཏབ་པའམ། ཡང་ན་སྤ་དཔལ་ལྡན་བཟང་པོས་དུས་རབས་བཅུ་གསུམ་པའི་སྟོད་དུ་བཞེངས་པ་ཞིག་ཡིན་མཆི་ཟེར་བའི་གཏམ་ཁུངས་ལུང་མི་བརྩན་པ་རེ་ཕྱིས་ཀྱི་བོན་པོ་ཚོས་བསྒྲིགས་ནས་སྣང་ཡང༌། གཏན་འབེབ་ཀྱི་ལོ་ཚིགས་དང་ཕྱག་འདེབས་པ་པོ་སུ་ཡིན་ཁ་གསལ་གཏིང་གསལ་ཞིག་མི་རྙེད་པ་འདུག་གི་ལར་བྱས་ན་དེ་ལས་ཀྱང་སྔ་བ་ཡིན་མི་སྲིད་པའི་རྒྱུ་མཚན་ཞིག་ཀྱང་ཅི་ལ་ཡོད།

      དགོན་འདི་ནི་དུས་སྐབས་དེར་བོད་གཙང་ཁུལ་དང་དབུས། ལྷོ་བྱང་སོགས་སུ་བོན་གྱི་བསྟན་པ་སྤེལ་བར་ནུས་སྟོབས་ཆེ་བའི་བྲུ་ཞུ་སྤ་རྨེའུ་གཤེན་སྟེ་གདུང་རྒྱུད་ཆེན་པོ་ལྔ་བྱོན་པ་ལས། འདི་ནི་སྤ་ཡི་རྒྱུད་པ་རྣམས་ཀྱིས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གནས་དེ་ཡིན་ལ། སྤ་ཡི་གདུང་རྒྱུད་དུ་བཟང་པོ་ཐོབ་པའི་བླ་མ་བཅུ་གསུམ་བྱོན་མྱོང་བ་ནི་བོན་གྱི་ལོ་རྒྱུས་དེབ་ཐེར་དང་སྤ་ཡི་བླ་རྒྱུད་དག་ཏུ་སྤ་ལ་བཟང་པོ་བཅུ་གསུམ་ཞེས་སུ་འདྲེན་སྲོལ་བྱུང་ཡོད་པས་དོག་གཞི་སྐྱེ་དོན་མེད། འོན་ཀྱང་བཟང་པོ་ཐོབ་པའི་བླ་མ་བཅུ་གསུམ་གྱི་མཐའ་མ་སྟེ་སྤ་གཡུང་དྲུང་བཟང་པོ་ནས་བཟུང༌། སྤ་ཡི་གདུང་རྒྱུད་དེ་ཉིད་དར་བ་ལས་རྒུད་པའི་གནས་སུ་གྱུར་ཡང་རྒྱུ་རྐྱེན་ཅི་ཞིག་གི་འོག་ཏུ་དེ་ལྟར་ཆགས་པ་ཡིན་མིན་གྱི་བཤད་སྲོལ་ཡང་དག་ཅིག་རྣ་ཐོས་སུ་མ་གྱུར་བས་གླེང་ཐབས་བྲལ། མདོར་ན་སྤ་ཡི་རྒྱུད་པ་འདི་ཉིད་རང་ས་རང་ཡུལ་ལ་གནས་གཞི་ཆགས་མ་ཐུབ་པར་བོད་ལྗོངས་ཀྱི་སྨད་རྒྱུད་དེ་ད་ལྟའི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་གནས་སྤོ་བྱས་ཏེ། སྤྱི་ལོ་1847ལོར་སྦྲ་ཆེན་རྫོང་གི་ཉེ་འདབས་ཀྱི་ནུབ་ངོས་སུ་སྤ་དཔལ་ལྡན་གཡུང་དྲུང་ནམ་བཟང་བྱ་བས་གཡུང་དྲུང་རབ་བརྟན་གླིང་ཞེས་པའི་དགོན་པ་ཕྱག་བཏབ་མཛད། དུས་དེ་ནས་སྟོད་ཕྱོགས་མང་ཡུལ་དུ་མཛད་པའི་འཕྲིན་ལས་རྒྱས་མྱོང་བའི་སྤ་རྒྱུད་རྣམས་སྨད་ཕྱོགས་སྦྲ་ཆེན་གྱི་ཡུལ་དུ་གནས་གཞི་བཅས་ཏེ་བོན་བསྟན་གང་ནུས་ཅི་ནུས་ཀྱིས་སྤེལ། ད་ལྟ་སྤ་ལ་ཕུག་དགོན་དུ་སྤ་ཡི་གདུང་རྒྱུད་འཛིན་མཁན་གྱི་བླ་མ་མེད་ཀྱང༌། ཆོས་ཀྱི་བྱེད་སྒོ་ཆེ་ཆུང་ཅི་འདྲ་ཞིག་སྤེལ་བ་ལ་ཡུལ་དེའི་གྲོང་སེར་རྣམས་ནས་རྒྱུན་ཆགས་སུ་བྱེད། གྲོང་སེར་དེ་དག་ནི་ཁྱིམ་ཐབས་སྐྱོང་བཞིན་ཆོས་པའི་བྱ་བ་བྱེད་པས་མཛད་འཕྲིན་ལ་བྲེལ་བ་ཆེ་ཙམ་མཐོང༌།

      དགོན་དེའི་འདུ་ཁང་ལ་རྒྱ་ཆེ་བས་གནམ་ས་ཤོང་ཙམ་མེད་ཀྱང་ནང་དུ་སོང་ཚེ་གནའ་ཉམས་ནི་ཅི་བས་ཀྱང་ལྡན་པ་ཞིག་འདུག་པས་མཐོང་མ་ཐག་ཁོ་བོར་སེམས་སྐྱོ་བ་དུང་ངེ་བ་ཞིག་དང༌། རང་ཁྱིམ་དུ་བསླེབས་པ་ལྟ་བུའི་ཚོར་འདུ་ཞིག་གིས་ལུས་སེམས་ཚ་བེར་བེར་དུ་བྱས་ནས་ལུས་ཀྱི་བ་སྤུའང་གཟེངས་སེ་བར་གྱུར། འོན་ཀྱང་དད་ནས་དད་པས་ཕྱག་གསུམ་འཚལ་མ་ཐུབ་ཀྱང༌། གུས་ནས་གུས་པས་ལུས་སྒུར་ཙམ་ཡང་བྱེད་མ་ཐུབ་པས་ཕྱི་ལ་ཐོན་ཚེ་གནོངས་འགྱོད་ཕྲན་བུ་ཞིག་གིས་མགྲིན་པ་ཡང་བརྣངས་དགོས་བྱུང༌། ཁོ་བོ་ནི་གདོང་འབག་གིས་གཡོགས་པའི་འཁྲབ་སྟོན་པ་ཞིག་ཡིན་ཕྱིར་ལས་རོགས་དག་གི་མདུན་སར་གདོང་འབག་འབུད་ཐབས་ཅི་ནས་མེད་པར་གྱུར།

      དེ་ཡང་འདུ་ཁང་གི་ཀ་ཞུ་དང་ཀ་མགོ་སོགས་ལ་རྟག་གཟིགས་སྤུངས་ཡིག་ཏུ་གྲགས་པའི་ལམ་ནས་ཨ་ཨཱོྃ་ཧཱུྃ་སོགས་བྲིས་པ་ནི་བོན་གྱི་ཁྱད་ཆོས་སུ་བགྲང་ཆོག་པ་ལས། གཞུ་རིང་གི་སྟེང་དུ་སྲིད་པ་རྒྱལ་མོའི་བརྙན་རིས་འབྲི་སྲོལ་ཡོད་པ་དང་བྲིས་པ་ནི་ལ་ཕུག་དགོན་འདི་ཉིད་ལས་བོན་གྱི་དགོན་སྡེ་དང་ལྷ་ཁང་གཞན་རྣམས་སུ་ད་ཕན་བར་ཁོ་བོས་མ་མཐོང་བས་རྣམ་པ་དེ་ནི་ཁྱད་ཆོས་མི་འདྲ་བ་ཞིག་ཏུ་སྣང༌། གཞན་པ་ཏྲ་ཙིར་མགོ་དང་འབྲུག་རིས་དག་ནི་བན་སྡེའི་ལྷ་ཁང་རྣམས་སུ་འབྲི་སྲོལ་བྱུང་བ་དག་དང་ཁྱད་མེད་དུ་མཐོང་བས་དེ་ག་ཙམ་དུ་ཟད་དོ། །

     ཁྱད་པར་དུ་འདུ་ཁང་གི་གྱང་ལོགས་སུ་བྲིས་པའི་ལྡེབས་རིས་རྣམས་ནི་འབྲི་རྩལ་དང་སྐུ་ཡི་ཉམས་འགྱུར་སོགས་གང་གི་ཆ་ནས་དུས་རབས་བཅུ་བཞི་བཅོ་ལྔ་ཡས་ཀྱི་དུས་རབས་ཤིག་ཏུ་བགྲང་ཆོག་སྙམ་ཞིང༌། དུས་སྐབས་དེར་བྲིས་པའི་ལྷ་སྐུ་རྣམས་ཀྱི་མནབ་བཟའ་གསོལ་ཚུལ་དང༌། དུས་ཕྱིས་ཙམ་ན་འབྲི་སྲོལ་ཆེ་བའི་ལྷ་སྐུའི་མནའ་བཟའ་གསོལ་ཚུལ་གཉིས་དབར་ལྷོད་ཆགས་དང་བབ་ལུགས་ཀྱི་ཁྱད་ཤོར་ཡོད་པས་ཅི་བས་བལྟས་ན་ཅི་ཡང་མི་འདྲ་བ་ཙམ་དུ་མཐོང་ཡོང་ངོ། །དེ་བཞིན་འཁོར་གྱི་ལྷ་རྣམས་བར་བཅད་ཀྱི་དྲ་མིག་ལྟ་བུའི་ནང་བྲིས་པ་དང༌། གཙོ་དང་འཁོར་རྣམས་ཀྱི་བར་དུ་ཤིང་ལོ་དང་པ་ཏྲས་མཛེས་པར་སྤུད་པ་དག་ནི་མངའ་རིས་གུ་གེའི་ལྡེབས་རིས་དང༌། ཕྱི་དབང་གི་ལྡེབས་རིས། དུང་དཀར་ཕུག་པའི་ལྡེབས་རིས་སོགས་དང་འདྲ་ཆེ་བས། གཙང་ཁང་གི་ལྡེབས་རིས་དེ་དག་རང་བཞིན་གྱིས་རྙིང་བར་མཐོང་ཐུབ་ཀྱི། དེ་དག་ལས་དུས་སྐབས་དེའི་བོད་ཀྱི་རི་མོ་མཁན་གྱི་བསམ་བློ་དང་པིར་སྨྱུག་གི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མངོན་པར་མཐོང་འོངས།

      ད་དུང་ལྡེབས་རིས་དེ་དག་གི་ཁྲོད་དུ་སྤ་ཡི་གདུང་རྒྱུད་དུ་བྱོན་པའི་བླ་མ་བདུན་གྱི་སྐུ་གཟུགས་བཀོད་འབྲི་བྱས་ནས་ཡོད་ཅིང༌། དེ་དག་གི་གཤམ་དུ་བླ་མ་ན་རིམ་གྱི་མཚན་ཡང་བྲིས་ཡོད་པ་ལས་འགའ་རེའི་ཡི་གེ་ནི་བསྣོགས་བསུབ་ཏུ་སོང་རྐྱེན་ཕྱེད་གསལ་ལ་ཕྱེད་མི་གསལ་བ་རེ་འང་འདུག བླ་མ་དེ་དག་གི་ཆ་ལུགས་ནི་རབ་བྱུང་གི་ཆས་ཅན་ཁོ་ན་ལས་སྔགས་ཆས་གོན་པ་ནི་ཡེ་མ་བྱུང༌། མཚན་ནི་སྤ་གྲུབ་ཆེན་ཁྱུང་འབར་དང་སྤ་རྒྱལ་བ་ཤེས་རབ། སྤ་དོན་གྲུབ་མཚན་ཅན་དང་སྤ་རྟོག་ལྡན་དྲང་སྲོང༌། སྤ་སྟོན་ཞིག་པོ་དང་སྤ་གྲུབ་ཐོབ་ག་གེ་མོ་ཟེར་བ་སོགས་འབྱུང༌། འོན་ཀྱང་བོན་གྱི་བསྟན་འབྱུང་རྣམས་སུ་སྤ་ལ་བཟང་པོ་བཅུ་གསུམ་ཟེར་མོད་ལྡེབས་རིས་འདིར་བཟང་པོའི་མིང་ལྟ་ཅི་བཅུ་གསུམ་གྱི་ཁ་གྲངས་ཀྱང་མ་བྱུང༌། སྤ་ལ་ཡོན་ཏན་གྱི་གྲགས་ཆེ་བ་ནི་སྤ་སྟོན་བསྟན་རྒྱལ་བཟང་པོ་ཞུ་བ་དེ་ཡིན་མོད་འདི་ཚོའི་ཁྲོད་ནས་ཁོང་གི་མཚན་ཟུར་ཙམ་ཡང་མིག་ལམ་དུ་མ་གྱུར་བས། དེ་ལ་བསམ་ནས་ཁོ་བོས་དགོན་པ་འདི་ཉིད་སྤ་བསྟན་རྒྱལ་བཟང་པོའི་གོང་དུ་བཞེངས་པར་ཚོད་དཔགས་བྱེད་དགོས་བྱུང༌།

      ལར་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་བོན་གྱི་ལྷ་ཁང་དང་དགོན་སྡེ་མང་དུ་སྣང་གིས། འོན་ཀྱང་དེ་དག་ལས་ཕལ་མོ་ཆེ་ནི་རིག་གསར་དུས་ཀྱི་རྙིང་བཞི་རྩ་གཏོར་གྱི་ཁ་སྟབས་ལ་ཤོར་ཟིན་པས། རྙིང་པར་ལུས་པ་ནི་འགའ་ཡང་མེད་ཀྱི། གསར་པ་རྣམས་རྙིང་པའི་ཚོད་དུ་བཞེངས་པ་མང་རབས་འདུག་གི་གླེང་རིན་ཡོད་པ་ནི་འགའ་མེད་དོ། །ཅི་ལའང་ལ་བོན་གྱི་དགོན་སྡེ་དང་ལྷ་ཁང་ཁྲོད་ན་ལ་ཕུག་བདེ་ཆེན་དགོན་ལྟ་བུའི་ལོ་རྒྱུས་རྒྱུན་རིང་བ་དང༌། མཛེས་རྩལ་གྱི་ལྡེབས་རིས་གཞལ་དུ་མེད་པས་གཏམས་ནས་ཡོད་པ་ནི་དགོན་འདི་ཉིད་ཁོ་ན་རུ་འཁུམས་པས། ཁྱེད་ཅག་ཤེས་རབ་ཀྱི་མིག་ཡོད་པ་དང་ཐོས་པ་སྣོད་དུ་འཛིན་པ་རྣམས་ཀྱིས་ཁོ་བོ་བླུན་པོས་བཤད་པ་འདི་ཡང་དོན་ཡོད་དུ་རིག་པར་གྱིས་ཤིག་དང་དུས་ནམ་ཞིག་གི་ཚེ་ན་གོ་ཆོད་པ་རེ་ཡོང་ཡང་སྲིད་དོ། །

      འདིར་དམིགས་སུ་གཏམ་དུ་བྱ་དགོས་པ་ནི་ངོས་ཀྱིས་བླངས་པའི་འདི་སྐོར་གྱི་པར་གཞི་རྣམས་ནི་བརྙན་འགུལ་རི་མོར་སོང་བས་འདིར་བཀོད་ཐབས་མ་བྱུང༌། འབྲེལ་ཡོད་ཀྱི་པར་གཞི་འདི་དག་ནི་ཁོ་བོའི་གྲོགས་ཀྱི་ཐུ་བོ་སྟེ་གནའ་རྫས་རྟོགས་ཞིབ་པ་དང་བོད་ཀྱི་ལོ་རྒྱུས་སྨྲ་བ་ལ་ངེས་པ་དོན་གྱི་མཁས་པའི་ཤར་རྒན་དབང་འདུས་ནས་ཁོ་བོར་འོས་སྦྱོར་བྱས་པ་ཡིན་པས། རྩོམ་ཡིག་ཐུང་ངུ་འདི་ལ་དགེ་བའི་ཆ་ཅུང་ཟད་ཅི་དང་ཅི་མཆིས་ཚེ་དེ་ནི་ཁོང་གི་མཐུན་གྲོགས་ལས་བྱུང་བ་ཡིན་ནོ་ཞེས་སྤྱི་ལོ་༢༠༡༡ལོའི་ཟླ་༡༢་༡༢ཉིན་རྭ་ས་གནའ་བོའི་གྲོང་ནས་བྲིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག