ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཤོའམ་ཆོ་ལོའི་སྐོར་གླེང་བ།
ཤོའམ་ཆོ་ལོའི་སྐོར་གླེང་བ།
[རྩོམ་གྱི་ཡོང་ཁུངས། གཤེན་ཚེ་ཚང་གི་དཔེའུ་ཙེ། གྱེར་སྨྲང་།] [རྩོམ་པ་པོ། གཤེན་ཚེ་ཚང་ངམ་ཁུ་འཕངས།] [ཟླ་ཚེས། 12-02-01] [ཀློག་གྲངས། ]

   འདིར་ད་ལན་རྒྱུན་བཀོལ་བརྟག་ཐབས་སམ་རྩེད་རིགས་ཤོ་ཡི་སྐོར་ཞིག་གླེང་བ་ལ། དང་པོ་ནུབ་ཕྱོགས་པས་འཆད་པའི་ལོ་རྒྱུས་སྤྱི་བཤད་དང་། ཁ་བ་གངས་ཅན་པའི་ལོ་རྒྱུས་ལས་གནའ་བཤད་སོགས་འགའ་ཞིག་སྨྲ་བར་བྱ། ནུབ་ཕྱོགས་པའི་རིག་སྨྲ་མཁས་ཅན་རྣམས་ཀྱིས་ཤོ་ཡི་སྐོར་ལ་ཉམས་ཞིབ་གང་མང་བྱས་ཡོད་ལ། གྲུབ་དོན་ཡང་གང་མཚམས་སྟོན་བཞིན་ཡོད། དེ་དག་ལས་ཡོངས་གྲགས་ལྟར་ཤོ་ཡི་བྱུང་ཁུངས་དང་རྒྱབ་ལྗོངས་སོགས་དེང་རབས་ས་འོག་དང་གནའ་ཤུལ་རྣམས་ནས་ཐོན་བཞིན་པའི་ཤོ་ཆས་ཁག་ལ་གཞི་བཟུང་སྟེ་དཔྱད་ཚེ་འདི་ཉིད་ལ་མི་ལོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་ཏེ་ཕྱི་ལོའི་གོང་གི་ལོ་ ༢༩༨༠ ཡས་མས་ཞིག་ནས་བྱུང་ཡོད་པར་ཤོད་ཐུབ་ཀྱི་ཡོད། དེའང་དཔྱད་ཞིབ་པ་རྣམས་ཀྱིས་ཤོ་ཡི་བྱུང་ཁུངས་ཐོག་མ་ནི་“སུག་སྒ་”(བོད་ཀྱི་རྡ་དག་རྣམས་སུ་འདི་ལ་“ཨ་ཅུག་”ཅེས་ཟེར་ལ་ཁམས་ཁུལ་དུ་འདི་ལ་“སག་སྒ”འདྲ་པོ་ཞིག་ཟེར་། འོན་ཀྱད་དོན་དུ་“སུག་སྒ་”སྟེ་སུག་རྐང་དང་བླ་གཉིས་འབྲེལ་བྱེད་ཀྱི་“སྒ”ལྟ་བུ་ཡིན་པས་ནའོ།)སྟེ་ར་ལུག་གི་སུག་རྐང་བླ་གཉིས་འབྲེལ་བྱེད་ཀྱི་རུས་པ་དུམ་བུ་དེ་ལས་རིམ་པར་མིའི་རྣམ་དཔྱོད་དང་བསྟུན་ནས་བྱུང་བར་འདོད། 

   དང་ཐོག་ཡུལ་ལུང་ལྷོ་ཨེ་ཤ་ཡ་སྟེ་ཨི་རན་ (Iran) དང་ཨི་རག་ (Iraq) གྱི་ས་ཁུལ་སོགས་ནས་རྒྱ་གར་དང་། དེ་ནས་རིམ་པར་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་པར་བཤད་ཀྱི་ཡོད། དེའང་ཐོག་མར་བུ་མེད་དང་བྱིས་པ་རྣམས་ཀྱིས་སྐྱེས་པ་རྣམས་ཕྱི་རོལ་སོང་ཤུལ་དུ་དུས་ཚོད་འཕུད་ཐབས་ཀྱིས་“སུག་སྒ་”རྩེད་ཀྱི་ཡོད་སྟབས་དེ་ནས་རིམ་པར་སྐྱེས་པ་རྣམས་ཀྱིས་ཀྱང་། སུག་སྒ་ལ་དབྱིབས་མི་འདྲ་བ་བཟོས་ནས་རྩེས་རྗེས། མཐར་མི་རྣམས་ཀྱིས་རྩེད་རིག་དེ་ལས་རིག་རྩལ་དང་དཔྱད་ཞིབ། རྒྱལ་ཕམ་དང་ཐོབ་ཤོར་གྱི་རིག་སྟོབས་ངེས་ཅན་དུ་མ་ཞིག་བརྙེད་ནས་དམག་གི་དེད་དཔོན་རྣམས་ཀྱིས་དམག་དོན་ཆེད་བེད་སྤྱད་པ་དང་། པྲ་ལྟས་ལ་ཉེ་སྨྲ་མཁན་རྣམས་ཀྱིས་མིའི་སྐྱིད་སྡུག་གི་བློ་འདྲི་བྱས་པ། བར་འདུམ་ཞལ་ལྕེ་གཅོད་མཁན་རྣམས་ཀྱིས་ལེགས་ཉེས་ཀྱི་ཐག་གཅོད་བྱེད་ཆེད་སོགས་སྒོ་དུ་མར་བེད་སྤྱད་མྱོང་བར་བཤད་ཡོད།

   དེ་རྗེས་རིམ་པར་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ཤོ་ནི་རྒྱན་པོ་བ་རྣམས་ཀྱིས་ལག་ཆ་ངེས་ཅན་ཞིག་ཏུ་གྱུར་ནས། འཁོར་འབངས་ལོངས་སྤྱོད་དང་ཐ་ན་གཟའ་མི་བུ་ཕྲུག་ཚུན་ཡང་ཤོ་རྒྱན་དུ་བཙུག་ནས་ཕུང་ལ་སྦྱར་བ་ཉུང་ཉུང་མིན་སྟབས། ཤོ་རྩེད་ནི་ཆེས་ཉེན་ཁ་ཅན་དང་ཡ་ཡུད་ཅན་གྱི་རྒྱན་རྩེད་ཞིག་ཏུ་གྱུར། གོ་རིམ་དེའི་དབང་གིས་ཡུལ་ལུང་མི་འདྲ་བ་མང་པོར་ཤོ་རྩེད་མཁན་རྣམས་ནི་མི་ཐབས་སྡུག་དང་ཤེས་འཇོན་མེད་མཁན། ཁྱིམ་ཚང་དང་གཟའ་མི་བུ་ཕྲུག་ལ་བསམ་བློ་མི་གཏོང་མཁན་ཤ་སྟག་ཡིན་པར་སྨྲ་མཁན་བྱུང་། དེ་དང་འདྲ་བར་ནུབ་ཕྱོགས་ཡུལ་གྲུ་དཔེར་ན་རོམ་ (Rome) ལྟ་བུར་ཆག་བཞག་ན་ཤོ་རིགས་ཀྱི་རྒྱན་རྩེད་ལ་ཁྲིམས་ལུགས་འདྲ་མིན་དུ་མ་ཞིག་གཏན་འབེབ་བྱས་དགོས་བྱུང་ཡོད། ལྷག་དོན་ནུབ་ཕྱོགས་ཁུལ་དུ་དུས་རབས་བར་མ་ (Middle Age) སྟེ་ཕྱི་ལོ་ ༦༠༠ ནས་ ༡༤༥༠ བར་སྐབས་སུ་དམག་དཔོན་ནམ་དཔའ་རྟུལ་རྣམས་ཀྱི་ཁྲོད་དུ་ཤོ་ནི་རྩེད་རིགས་གལ་ཆེན་ཞིག་ཡིན་པར་མ་ཟད། ཁོ་ཚོས་དབང་ཤུགས་ལ་བརྟེན་ཏེ་ཤེས་ཡོན་གྱི་སློབ་གྲྭ་ཁག་དང་སྤྱི་ཚོགས་མཉམ་ལས་ཁག་རྣམས་སུ་བཀོལ་དུ་བཅུག་ནས་དེ་སྐབས་སྤྱི་ཚོགས་དེ་དག་ཏུ་ཤོ་རྩེད་ནི་མེད་དུ་མི་རུང་ལྟ་བུ་ཞིག་ཆགས་མྱོང་།

   ཤར་ཕྱོགས་ནས་དར་ཞིང་ནུབ་ཕྱོགས་ན་ཆེས་རྒྱུག་ཆེ་བའི་རྩེད་རིགས་འདི་ཉིད་ནུབ་ཕྱོགས་གཅིག་པུར་མིན་པར་ཤར་གླིང་གི་ཡུལ་གྲུ་འཕགས་ཡུལ་སོགས་ཀྱི་ལོ་རྒྱུས་ལ་གཞིག་ཚེ་རྒྱལ་པོ་རྣམས་ཀྱིས་ཕན་ཚུན་དམག་རྒྱག་སྐབས་དམག་དཔྱད་དང་། ཚོང་གི་དེད་དཔོན་རྣམས་ཀྱིས་ཚོང་ལམ་བརྟག་བྱེད་སོགས་བེད་སྤྱོད་ཤུགས་ཆེར་བྱས་པའི་ལོ་རྒྱུས་ཡོད།

   ནུབ་ཕྱོགས་པའི་ལོ་རྒྱུས་ལྟར་ན་ཤོ་ཡི་རྒྱུ་ཆ་ནི་དང་ཐོག་དུད་འགྲོའི་རུས་པ་ལས་བཟོས་པའི་ལོ་རྒྱུས་སྔར་སོང་ལྟར་དང་། དེ་མིན་ཡུལ་ལུང་འགའ་ཞིག་ནང་དུ་མིའི་རུས་པས་ལས་ཤོ་བཟོ་སྲོལ་དར་བར་ཡང་བཤད་ཡོད། ཤོ་ཡི་དབྱིབས་དང་རི་མོ། གྲངས་ཀ་སོགས་ལའང་དང་ཐོག་གོང་སྨྲས་ལྟར་ཚད་ངེས་ཅན་ཞིག་མེད་པར་སྣང་། འོན་ཀྱང་རྩེད་རིགས་དེ་རྩེད་སྐབས་སྟབས་བདེ་མིན་དང་རྒྱལ་ཕམ་དཔྱད་གཞིའི་ཆ་ཤས་སོགས་དགོས་པ་གང་མང་ཞིག་རིམ་པར་བརྙེད་རྗེས་ད་ལྟའི་ང་ཚོས་མཐོང་བཞིན་པའི་རྒྱ་དཔངས་གྲུ་བཞི་ཅན་ལ་མིག་ཉི་ཤུ་ཐམས་པ་ཡོད་མཁན་འདི་བྱུང་བར་འདོད་ལ། དེ་དང་འདྲ་བར་ཤོ་མིག་གྲངས་གནས་ཀྱི་འགྲེལ་བཤད་སོགས་ཀྱང་རིམ་པར་བྱུང་ཡོད། ནུབ་ཕྱོགས་པའི་ལོ་རྒྱུས་ཁ་ཤས་ནང་ཤོ་རྩེད་སྐབས་ངེས་པར་དུ་ཤོ་གཉིས་དགོས་པ་དང་། ཤོ་གཅིག་ཁོ་ན་རྩེད་མི་རུང་བར་བཤད་ཡོད། རྒྱུ་མཚན་ནི་དབྱིན་སྐད་དུ་ཤོ་ཡི་མང་ཚིག་ལ་ཌཱཨིས་ (Dice) དང་གཅིག་ཚིག་ལ་ཌཱཨི་ (Die) ཟེར་བས། ཐ་སྙད་ཕྱི་མ་ནི་འཆི་བའི་དོན་ལའང་གོ་བས་ཤོ་གཉིས་ངེས་པར་དུ་དགོས་པར་བཤད། འདི་དག་ནི་དཀོན་མཆོག་གི་རྗེས་འབྲང་པ་དེ་ཚོས་འདོད་སྟངས་ཞིག་ཡིན་པར་སྣང་།

   སྤྱིར་ཤོ་རྩེད་ལས་རྩེད་རིགས་གཞན་དག་མང་པོ་ཞིག་ཀྱང་མིའི་རྣམ་དཔྱོད་དང་འགྲོག་སྟེ་འཕེལ་རྒྱས་ཕྱིན་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཡིན། དེ་དག་ཁྲོད་ནས་རྒྱ་ནག་གི་རྩེད་རིགས་དཔེར་ན་ (骨牌) ནི་ཤོ་རྩེད་ལས་བྱུང་བར་བཤད་པ་ལྟར་རེད།

བོད་གངས་ཅན་པའི་བཤད་སྟངས།

   གཉིས་པ་རང་རེ་བོད་གངས་ཅན་པའི་ལོ་རྒྱུས་ལས་འཕྲོས་ཏེ་འཆད་ན། དུས་ནམ་ཞིག་དང་། ཤོ་ཡི་གོ་དོན་དང་གནས་བབས་སོགས་རིམ་པར་གླེང་རྒྱུ་ཡིན། ཕྱིས་བྱུང་གི་ལོ་རྒྱུས་ཅུང་ཚད་ཕེར་གོ་བདེ་ཅན་(བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག)ལས། ཕྱི་ལོའི་གོང་གི་གདོད་མའི་དུས་རབས་ཏེ་མ་སངས་སྤུན་དགུའམ་ཐེའུ་རངས་སྤུན་དགུས་དབང་སྒྱུར་སྐབས་སུ་ཤོ་འཕེན་པའི་སྲོལ་ཡོད་པ་ཞིག་གསུངས་ཡོད། དེའང་རྩོམ་པ་པོས་ལུང་ཁུངས་བཏུག་ས་དེའང་བེ་དཀར་དུ་དྲངས་པའི་བོན་གྱི་རྩིས་དཔེ་རྙིང་པ་ཞིག་ལ་གཞི་བཅོལ་ཏེ་བཤད་ཡོད། གང་ལྟར་ལུང་དེས་མི་ལོ་ཉིས་སྟོང་ལྷག་གི་གོང་ནས་བོད་ལ་ཤོ་རྩེད་ཡོད་པར་གླེང་ཐུབ་ཀྱི་ཡོད་སྟབས་བོད་མི་རིགས་ཀྱི་རྣམ་དཔྱོད་དང་རིག་སྟོབས་ནི་དུས་རབས་བདུན་པའི་རྗེས་སུ་གཞི་ནས་འཕེལ་རྒྱས་བྱུང་བ་ལྟ་བུ་ནི་གཏན་ནས་མིན་པ་འདི་དག་གིས་གསལ་པོར་ངེས་སླ། བོན་གྱི་ལོ་རྒྱུས་དང་ཡིག་ཆ་རྣམས་སུ་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་ཤོ་དཔྱད་པའི་ལོ་རྒྱུས་མང་དག་ཡོད་པས་འོག་ནས་འཆད་རྒྱུ་ཡིན།

   ཤོ་ཞེས་པའི་ཐ་སྙད་ལ་དཔྱད་སྐབས་“ཤོ”ཞེས་པ་ནི་“སྟར་སྒྲིག་པ་”ལ་གོ་དགོས་པས། འདི་ནི་ཕྱིས་སུ་ཤོ་ཡི་རྩེད་རིགས་ལས་ཕར་མིང་ཐོག་པ་ཞིག་ཡིན་སྲིད། རྒྱུ་མཚན་ནི་ཤོ་རྩེད་ཀྱི་“རྡེའུ”་དང་“ལག་ཁྱི་”་སོགས་སྟར་སྒྲིག་ནས་འགྲོ་དགོས་སྟབས་མིང་དེ་རྒྱུ་མཚན་དུ་བྱས་ནས་ཕར་བཏགས་པ་ཞིག་རེད་སྙམ། ཤོ་ཡི་ཐོག་མའི་མིང་ལ་“ཆོ་ལོ་”ཞེས་འབོད་ཀྱི་ཡོད། དེའང་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་བསྟན་པ་རྗེས་བཞག་གི་མདོ་ལས། “ཀོང་རྩེས་ཀྱང་གསེར་གྱི་ཆོ་ལོ་ལག་ཏུ་བླངས་ནས་སྨོན་ལམ་བཏབ་པ།” ཞེས་པའི་སྐབས་སུ་ལྷ་ཡིད་བཞིན་གྱི་སྨོན་པ་སྐྱེས་དང། སྲིན་མྱ་ངན་གྱི་དམོད་པ་སྐྱེས་གཉིས་ལྷ་སྲིན་གཉིས་ཀྱི་ཕམ་རྒྱལ་ལ་ཤོ་འབྱེད་བྱས་པའི་ལོ་རྒྱུས་དུམ་བུ་དེས་བསྟན་ཡོད། དེ་བཞིན་ཕྱིས་བྱུང་གི་ཚིག་མཛོད་ཁག་ནང་དུའང་དཔེར་ན། མཁས་དབང་ས་རཱཌ་ཅནྜར་དྷ་ས་(Sarat Chndra Das)ཡི་(ཚིག་གི་གཏེར་མཛོད) (༡༩༠༢ ལོར་བྲིས)། (ས་སྐྱ་པན་ཆེན་ཀྱི་ཚིག་གཏེར།) (མངོན་བརྗོད་མཁས་པའི་རྣམ་རྒྱན།) (བོད་རྒྱ་ཚིག་མཛོད་ཆེན་མོ) རྣམས་སུ་“ཤོ་”དང་“ཆོ་ལོ་”ནི་མིང་གི་རྣམས་གྲངས་ཡིན་པར་གསུངས་ཡོད། (འོན་ཀྱང་མཚན་ཉིད་རིག་པའི་དོན་གཅིག་མིང་གི་རྣམས་གྲངས་ཀྱི་ཁྱབ་པ་ནི་སྐབས་འདིར་ཡོད་པར་དཀའ།)

   འདིའི་སྐབས་ཀྱི་“ཆོ་ལོ་”ཞེས་པར་བརྟག་གཞི་ངེས་ཅན་ཞིག་ཡོད་པར་སྙམ། མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་རིག་པ་སྤྱི་བཤད་སྐབས་སུ། “ཆོ་ལོ་ནི། བྱང་བུ་ལྔར་བརྟེན་ནས་རྒྱལ་ཕམ་རྩོད་པའི་རྩེད་རིགས་ཤིག་སྟེ། རྩེད་ཐབས་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གསལ་བ་ལྟར་རོ། བོད་མིའི་ངག་རྒྱུན་དུ་འདི་ནི་བདུད་རེ་ཏེ་མགོ་གཡག་གིས་བཟོས་པར་གྲགས་པས་དེ་ལྟར་ན་གཉའ་ཁྲི་བཙན་པོའི་གོང་ལོ་སྟོང་ཕྲག་མང་པོའི་དུས་ནས་བྱུང་ཡོད་པ་ཞིག་ཡིན་དགོས།” ཞེས་གསུངས་པ་ལྟར། མཁས་དབང་ནམ་མཁའི་ནོར་བུས་ཆོ་ལོའི་ཕུག་གང་ཞིག་ལ་བཏུག་མིན་ནི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ་གསལ་ཡོད་ན། བདག་ལ་དཔེ་ཆ་དེ་ཉིད་ལག་སོན་མ་བྱུང་བས་རེ་ཞིག་དཔྱད་ཐབས་བྲལ། ལར་ཆོ་ལོ་ཞེས་པར་བྱང་བུ་ལྔ་ཅན་ཞིག་མིན་པར་འོག་ནས་འཆད་རྒྱུ་ཡིན།

   སྤྱིར་ཆོ་ལོ་ཞེས་པ་གོ་རྒྱུ་གཞན་ཞིག་ཡོད་པ་ནི་འཇའ་སའམ་སྔར་གྱི་ཚད་མཐོའི་གོ་གནས་ཐམ་ག་ལྟ་བུ་ཞིག་ལའང་གོ་བ་ཡོད་སྟབས། འདིར་“ཆོ་ལོ་རྩེད་”ཞེས་པ་ནི་གོ་གནས་སམ་ཐོབ། དཀར་ནག་གི་ལམ་ལུགས་སོགས་རྩོད་པར་ལེགས་ཉེས་འབྱེད་པའི་ཐབས་ལམ་གྱི་རྩེད་འཕྲུལ་ཞིག་ལ་གོ་བའང་ཡོད་སྲིད། གང་ལྟར་བོད་རྒས་ཀྱི་ཡིག་རྒས་ལས་བརྙེད་པའི་ཚིག་རྒས་ཞིག་ཡིན་ན། བོད་རྒན་གྱི་ཕྱི་མོ་ཞང་རྒན་ལ་ཐུག་པར་འདོད་པའི་བོན་རྒན་བདག་གིས་ནི་འདི་ཉིད་ཞང་རྒན་གྱི་ཚིག་དུམ་ཞིག་རེད་སྙམ། ལྷག་པར་ཚན་རིག་པས་ཀྱང་ཤོའམ་ཆོ་ལོ་ཐོག་མར་ཨི་རག་དང་ཨ་རབ་སོགས་ནས་བྱུང་བར་འདོད་ཡོད་པ་འདིས། ཞང་སྐད་དང་ཞང་ཞུང་གི་ལོ་རྒྱུས་ལ་དེ་བས་འབྲེལ་བ་ཆེན་པོ་ཡོད་པར་རྒྱབ་རྟེན་ཞིག་ཆགས་ཡོད།

ཆོ་ལོ་མཁན་གྱི་གནས་བབས་གླེང་བ།

   ཤོའམ་ཆོ་ལོ་དང་དེ་འགྱེད་མཁན་མི་སྣའི་བར་གྱི་གནས་བབས་་སྐོར་གླེང་ན། ཡ་ཐོག་བོན་རབས་ཀྱི་ལོ་རྒྱུས་ལས་འཕྲོས་ཏེ་བསམ་གཞིག་བྱ་ཚེ། ལྷ་དང་ལྷ་མ་ཡིན་དང་། མི་དང་མི་མ་ཡིན་སོགས་འདྲ་མིན་ཞིག་གིས་བེད་སྤྱད་ཡོད་པ་ནི། གོང་དུ་གཟི་བརྗིད་ཀྱི་ལུང་སྐབས་སུ། ལྷ་དང་སྲིན་གཉིས་དགེ་སྡིག་དཀར་ནག་དབྱེ་འགྱེད་ཆེད་ཕམ་རྒྱལ་བརྩད་པའི་ལོ་རྒྱུས་དེ་དག་དང། མིས་ལྷ་སྲུང་ལ་བདེན་པ་བདར་ནས་བྱ་ལམ་བརྟག་པ་རྣོ་མཐོང་བྲག་བཙན་གྱི་ཤོ་མོ་དང་། སྲིད་རྒྱལ་དུས་དྲུག་གི་ཤོ་མོ་ལྟ་བུ་མང་པོ་ཞིག་ཡོད། དེའང་ཡ་ཐོག་གི་དུས་རབས་རྣམས་སུ་ཤོའམ་ཆོ་ལོ་ནི་ལྷ་བདུན་འགྲན་རྩོད་སྐབས་ལེགས་ཉེས་སྟངས་འཛིན་བྱེད་ཆེད་དང་། མི་ཡི་སྤྱི་ཚོགས་ཁྲོད་དུ་དབང་འགྱུར་མཁན་རྣམས་ཀྱིས་བདེན་རྫུན་སོགས་དཀར་ནག་ཞལ་ལྕེ་གཅོད་བྱེད་ཀྱི་རྩེད་རིགས་གལ་ཆེན་ཞིག་ཡིན། དཔེར་ན་ལྷ་བདུད་བར་གྱི་འགྲན་རྩོད་དེ་གང་ཞིག་ཚེ་ལ་བར་ཆད་བྱུང་ཚེ་འཆི་བདག་དང་ལྷ་གཤེན་བར་ལ་ཆོ་ལོ་རྩེད་དེ་སུ་རྒྱལ་ན་བར་ཆད་ཡོད་པའི་ནད་པ་དེའི་དབང་དུ་འགྲོ་དགོས་པའི་བདེན་བརྡར་འདི་འདྲ་ཞིག་ཡོད། “བོན་ཉིད་བདེན་པ་ཆེན་པོའི་སྟོབས་བདར་ཀྱང་། །དམིགས་བྱའི་སེམས་ཀྱི་ཚེ་བཀྲག་མ་ཁུག་ན། །བླ་གཟུགས་དམིགས་རྟེན་རྒྱབ་དང་གཡོན་ཤིང་། །རྡོ་ནག་བདུད་ཤོ་ཚོགས་ཀུན་ཆེ་བར་སྟོན། །འབྱུང་བ་ནམ་མཁའི་བླ་ཚེ་བཅུད་ཁུག་ནས། །བསྲུང་བྱའི་སེམས་ཀྱི་བཀྲག་མདངས་སོས་པ་ན། །དམིགས་རྟེན་བླ་གཟུགས་མདུན་དང་གཡས་སྟོན་ཤིང་། །བླ་རྟགས་བླ་རྡོ་དཀར་པོ་ལག་ཏུ་གཏོད། །བདུད་ཤོ་ཕམ་ཞིང་ལྷ་ཤོ་རྒྱལ་བར་མཛོད།” སོགས་ཚེ་དབང་མཆོག་འདུས་ཀྱི་བླ་བསླུ་སྐབས་སུ་གསུངས་ཡོད། དེའང་ནད་པ་དེའི་བླ་བསླུ་བའི་སྐབས་ཤོ་གདན་དཀར་ནག་གཉིས་ཀྱི་སྟེང་དུ་ཆོ་ལོ་དཀར་ནག་གཉིས་བཀོད་དེ། དཀར་པོ་དེ་ནད་པའི་ལོ་མཐུན་གྱི་གཤེན་པོ་ཞིག་དང་། ནག་པོ་དེ་ནད་པའི་ལོ་དགྲ་ཅན་གྱི་མི་ཞིག་གིས་འཛིན་ཏེ་རྩེད་དགོས། རྩེ་སྐབས་ཀྱང་མཆོག་གསུམ་བོན་སྐྱོང་སྲུང་མ་རྣམས་ལ་བདེན་པ་བདར་ཏེ་ཆོ་ལོ་སུ་རྒྱལ་རྩེད་བའི་ལམ་སྲོལ་ཞིག་རེད། དེ་དག་གིས་འཕྲོས་དང་ཐོག་ཆོ་ལོ་རྩེད་བའི་རིགས་ཀྱི་གནས་བབས་་ཇི་ལྟར་ཡིན་མིན་ཧ་ལམ་རྟོགས་ནུས། གང་ལྟར་ལོ་ངོ་བརྒྱ་ཕྲག་མང་པོར་བརྒྱུད་ནས་འོང་བའི་ཆོ་རྩེད་ཀྱི་རིམ་པར་ཁྱབ་གདལ་ཕྱིན་ནས་མཐར་སྤྱི་ཚོགས་ཁྲོད་ཀྱི་རྩེད་རིགས་ཕལ་པ་ཞིག་ཏུ་གྱུར། དུས་དང་མིའི་ཀུན་སྤྱོད་སོགས་དང་འབྲེལ་ནས་རྩེད་རིགས་ཕལ་པ་ནས་ཆེས་ཕལ་པ་ཞིག་སྟེ་འཁོར་འབངས་ལོངས་སྤྱོད་སོགས་ཡོད་ཚད་ཕུང་ལ་སྦྱོར་ཐུབ་པའི་རྩེད་རིགས་ཞིག་ཏུའང་གྱུར་མྱོང་ཡོད།

ཆོ་ལོའི་བྱུང་རབས་སོགས་གླེང་བ།

   ཤོའམ་ཆོ་ལོའི་བྱུང་རབས་དང་རྒྱུ་ཆ། གྲངས་དང་བཤད་པ་སོགས་ལ་དཔྱད་ན། བོན་གྱི་ཡིག་རྙིང་ཁུངས་མ་རྣམས་སུ་ཤོའམ་ཆོ་ལོའི་བྱུང་རབས་འཆད་སྐབས་འདི་འདྲ་ཞིག་གསུངས་ཡོད། “ད་གསེར་གྱི་ཆོ་ལོ་བཅུ་གཉིས་འདི། དང་པོ་བྱུང་ཁུངས་བཟང་། མ་ཧ་རུས་སྦལ་གྱི་ལྷུ་ཚིག་ལས་བྱུང་།” ཞེས་བསྟན་པ་རྗེས་བཞག་གི་མདོ་ལས་གསུངས་པས་ཐོག་མར་ཆོ་ལོ་འདི་ཉིད་སྲིད་པའི་སྨྲ་སེང་སེར་པོའི་སྤྲུལ་པ་མ་ཧ་གསེར་གྱི་རུས་སྦལ་གྱི་རུས་ཚིག་དུམ་བུ་ཞིག་ལས་ཆད་པར་འདོད་ཚེ། གོང་སྨྲས་ནུབ་ཕྱོགས་རིག་སྨྲ་བས་དུད་འགྲོའི་ལྷུ་ཚིག་ལས་བྱུང་བར་བཤད་པ་གཉིས་ཕྱོགས་མཚུངས་པས། གང་ལྟར་དང་ཐོག་རུས་པ་ལས་བཟོ་བའི་སྲོལ་ཤུགས་ཆེན་ཡོད་པར་རྟོགས་ཐུབ། འོན་ཀྱང་མིའི་རྣམ་རིག་དང་ཡུལ་གྱི་མཆོག་དམན་དཀར་ནག་སོགས་ལ་གཞི་བཅོལ་ཏེ་ཆོ་ལོའི་རྒྱུ་ཆའང་འདྲ་མིན་བྱུང་ཡོད་པར་མངོན་ཏེ། མདོ་ལས། “རྒྱན་གཞི་དཀར་ནག་གཉིས་གཏིབ་པའི་སྟེང་དུ། གསེར་ཀྱི་ཆོ་ལོ་ལ་གཡུ་ཡི་རི་མོ་ཅན། ལྕགས་ཀྱི་ལོ་ཆོ་ལ་ཟངས་ཀྱི་རི་མོ་ཅན་གཉིས་བསྣམས་ནས། ཁན་ཤར་ཤར་འདེབས་ཅིང་(ཤིང)རྩེ་བར་འདུག་གོ།” གསུངས་པ་འདི་དང་། བླ་བསླུ་སྐབས་ཀྱི་ཤོ་མདོག་དཀར་ནག་བཟོ་བ་འདི་དག་གིས་རྩེད་མཁན་གྱི་གོ་རིམ་དང་གནས་བབས་་ལ་གཞིག་སྟེ་ཆོ་ལོའི་རྒྱུ་ཆ་བཟོ་བའི་སྲོལ་ཡོད་པར་ངེས།

   ཆོ་ལོའི་གྲངས་ལ་དཔྱད་ན། ཆོ་ལོ་རྩེད་སྐབས་ཤོ་གཅིག་དང་གཉིས། གསུམ་སོགས་ཅི་རིགས་མཉམ་དུ་རྩེད་པ་ཡོད་པར་སྣང་སྟེ། རྒྱལ་ཚབ་བློ་གྲོས་རྒྱ་མཚོས་མཛད་པའི་བསྟན་སྲུང་གཡུང་དྲུང་དགྲ་འདུལ་གྱི་རྣོ་མཐོང་ཤོ་མོ་སྐབས་སུ་ཤོ་གཅིག་ཁོ་ནར་དགོས་པ་སྟེ་གཞུང་དེ་ཉིད་ལས་ཤོ་མིག་དྲུག་གི་འགྲེལ་བཤད་ལས་མེད་པས་ཤེས་ཐུབ། ཡང་གཤེན་མཁས་གྲུབ་ཀྱིས་མཛད་པའི་སྲིད་རྒྱལ་ཤོ་མོ་སྐབས་སུ་ཤོ་མིག་གྲངས་བཅོ་བརྒྱད་ལ་འགྲེལ་ཡོད་པ་འདིས་ཤོ་གྲངས་གསུམ་དགོས་པར་བསྟན་ཡོད། རྩ་བའི་ཡོངས་གྲགས་ཆོ་ལོ་རྩེད་སྐབས་ཤོ་གྲངས་གཉིས་དགོས་པ་དང་ཤོ་མིག་བཅུ་གཉིས་བར་འགྲེལ་ཚུལ་ཡོད་དེ། གོང་དུ་མདོ་ལས་ལུང་དྲངས་པའི་“གསེར་གྱི་ཆོ་ལོ་བཅུ་གཉིས་འདི།” ཞེས་པས། དེ་ནི་ཤོ་བཅུ་གཉིས་མིན་པར་ཤོ་མིག་གྲངས་བཅུ་གཉིས་ལ་འགྲེལ་ཡོད། ཤོ་མིག་གྲངས་བཅུ་གཉིས་ནི་དགོས་པ་ཁྱད་པར་ཅན་ཡིན་ཏེ། མདོ་དེ་ཉིད་ལས། “བར་དུ་བཏབས་པའི་གནས་བཟང་སྟེ། ་་་་་་་།རྒྱལ་པོའི་ལོ་མཛོད་བཅུ་གཉིས་ལ་དཔྱད།” ཅེས་པ་དང་། ཤོ་མིག་བཅུ་གཉིས་པོ་དེ་རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་བླ་རྟགས་ཡིན་པར་གསུངས་པ་ནི། དེ་ཉིད་ལས། “གལ་དང་རྟག་དང་ཁྱུང་དང་གསུམ། །ལྟ་དང་སག་དང་ལོ་དང་གསུམ། །ཁྱུང་དང་ར་དང་ཐུག་དང་གསུམ། །གོད་དང་འཁྱལ་དང་ཁས་དང་གསུམ་སྟེ། །ལོ་མཛོད་བཅུ་གཉིས་ཀྱི་བླ་རྟགས་ཡིན།” སོགས་ཀྱིས་བསྟན་ཡོད། སྤྱིར་ཐོག་མར་ཤོ་མིག་བཅུ་གཉིས་པོའི་མིང་དང་འགྲེལ་སྟངས་འདི་འདྲ་ཞིག་ཡིན་ནའང་ཕྱིས་སུ་ཐ་སྙད་དེ་དག་འགྱུར་བ་མང་པོ་ཞིག་ཕྱིན་ཏེ། དེང་གི་དུས་སུ་བོད་ཀྱི་ཡུལ་ལུང་མི་འདྲ་བར་ཤོ་མིག་འབོད་སྟངས་འདུག་པས། ད་ལྟའི་ཆར་མཐའ་གཅིག་ཏུ་འདི་ཞེས་བཤད་མི་ཐུབ། དཔེར་ན་ཁམས་ཁུལ་གྱི་ལུང་པར་མང་པོ་ཞིག་མཐུན་པར་ཤོ་མིག་བགྲང་ཚེ། གཉིས་ལ་པ་ར། གསུམ་ལ་སུག བཞི་ལ་ཛིག ལྔ་ལ་ཁ། དྲུག་ལ་དྲུག བདུན་ལ་རི། བརྒྱད་ལ་ཤ། དགུ་ལ་དགུ། བཅུ་ལ་ཆུ། བཅུ་གཅིག་ལ་ཐོག བཅུ་གཉིས་ལ་ལྕམ། སོགས་ཟེར།

   ཆོ་ལོའི་བཤད་པའ་ཤོ་འབོད་ཀྱི་སྐོར་ལ་དཔྱད་ན། ཤོ་མིག་དང་བསྟུན་ཏེ་བཤད་པའམ་ཤོ་འབོད་ཀྱང་གང་མང་ཞིག་ཡོད། དེ་དག་ལས་ལྷ་སྲུང་ལ་བདེན་བདལ་དང་སྤྱི་ཚོགས་ཀྱི་འཚོ་བ། ཡུལ་གྱི་གནས་བབས་། མི་སྣའི་སྣང་བརྙན། ཟུར་ཟ་དང་དགོད་བྲོ། ཆགས་གཏམ་དང་དམོད་པ་སོགས་ཅི་རིགས་ཡོད་པས། ཆོ་ལོའི་འབོད་པ་ལ་དཔྱད་ན་འདས་ཟིན་གྱི་ལོ་རྒྱུས་ངོ་མཚན་ཅན་མང་པོ་རྙེད་ཐུབ། དཔེར་ན་ལྷ་སྲུང་ལ་བདེན་པ་བདལ་བ་ནི། ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་གཉིས་ཀྱི་ཆོ་ལོ་ལ་རྒྱལ་ཕམ་བརྟག་ཆེད་བདེན་པ་བདལ་བ། “སྟོན་པའི་ཐུགས་རྗེ་ཆེ་བར་ཤོག །ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །མི་དགེའི་སྡིག་ཚོགས་ནུབ་པར་ཤོག ” ཅེས་པ་འདི་དག་དང་། མི་སྣའི་སྣང་བརྙན་དང་ལོ་རྒྱུས་ཤོ་འབོད་དུ་བཞེངས་བསྐྲུན་བྱས་པ། དཔེར་ན་སྙན་རྒྱུད་བླ་པའི་རྣམ་ཐར་སྐབས་སུ་ཀླུ་བྲག་ཡུལ་མི་རྣམས་ཀྱི་ཤོ་འབོད་ལས་འགྲོ་མགོན་རྟོག་མེད་ཞིག་པོའི་རྣམ་ཐར་བརྗོད་པ་ལྟར་རེད། གང་ལྟར་ཤོ་འབོད་དེ་དག་ཕྱིས་སུ་བཟོས་པ་ཞིག་མིན་པར་དང་ཐོག་སྟོན་ཞལ་ཞུགས་པའི་སྐབས་སུ་ནས་ཡོད་པར་སྣང་སྟེ། བསྟན་པ་རྗེས་བཞག་གི་མདོ་ལས། “ཁྱེའུ་དར་དཀར་གྱི་རལ་གུ་གོན་ནས། གསེར་གྱི་རལ་གྲི་ཐོག་པ་གཅིག་དང་། ཁྱེའུ་ཆུང་ར་ཡི་སླག་པ་ཅན་ལ། ལྕགས་ཀྱི་སོག་ལེ་ཐོག་པ་གཅིག་་་་་་གཉིས་པོ་ནི་མི་འབོད་དགུ་འབོད་ཀྱིན།” ཞེས་པ་འདིས་ཤོ་འབོད་ལ་འདྲ་མིན་སྣ་ཚོགས་འབོད་རྒྱུ་ཡོད་པར་ངེས། འོན་ཀྱང་ཕྱིས་སུ་གོང་སྨྲས་ལྟར་མིའི་སྤྱོད་པ་དང་བསྟུན་ཏེ་ཤོ་རྩེད་ཀྱང་ངན་དུ་སོང་བར་མ་ཟད་ཤོ་འབོད་ཀྱང་བཙོག་ཏུ་ཕྱིན། འདིར་བདག་གིས་དྲན་གསོས་པའི་ཕྱིས་བྱུང་གི་ཤོ་འབོད་ཡག་བཙོག་མང་པོ་ཞིག་འདུག་ཀྱང་བརྗོད་བྱར་འབྲེལ་མིན་ཅི་རིགས་ལ་སོང་རེ་ཞིག་གླེང་གི་མིན། འོན་ཀྱང་རྒྱ་ཆེའི་ཀློག་པོ་རྣམས་ཀྱིས་མཁྱེན་འདོད་ཡོད་ཚེ་རྗེས་སུ་སྤྱན་འབུལ་ཞུ་ཆོག

ཤོའམ་ཆོ་ལོ་དང་དགེ་བྱེད་མི་སྣའི་བར་གྱི་བསམ་གཞིག

    ནུབ་ཕྱོགས་གནམ་བདག་པའི་རྗེས་འཇུག་དང་ཧིན་དྷུ་བ། ཁ་ཆེ་སོགས་ཀྱི་ཆོ་གའི་གཞུང་ལུགས་དངོས་མ་རྣམས་སུ་ཆོ་ལོ་རྩེ་ནས་དགེ་སྡིག་དབྱེ་འབྱེད་དང་། པྲ་ལྟས་མོ་རྩིས་བྱེད་པའི་སྲོལ་ཡོད་པ་མ་མཇལ་ཡང་། གོང་གི་གྲུབ་མཐའ་ཆེན་པོ་དེ་དག་གི་རྗེས་འཇུག་ཚོས་ཆོ་ལོ་རྩེད་ནས་མི་ཚེའི་བདེ་སྡུག་དང་མདུན་ལམ་གླེང་བ་སོགས་ནི་མང་པོ་ཞིག་མཐོང་རྒྱུ་འདུག དེ་དག་རྩེད་སྐབས་ཀྱང་སོ་སོའི་ལྷ་དང་མེས་པོ་རྣམས་ལ་གསོལ་འདེབས་དང་རེ་སྨོན་ཞུས་རྗེས་ཤོ་ཡི་མོ་པྲ་བརྟག་གི་ཡོད།

   རང་རེ་གངས་ཅན་ལྗོངས་འདིར་མཚོན་ལ་བོད་གནའ་དུས་སུ་མི་དང་ཡུལ་གྱི་གཞི་བདག་དང་མི་མ་ཡིིན་སོགས་ཕན་ཚུན་མཉམ་གནས་ཀྱིས་སྐབས་རེར་གཅིག་ཕན་གཅིག་གྲོགས་དང་། སྐབས་རེར་ཕན་ཚུན་གནོད་འཚེའང་བྱེད་ཀྱི་ཡོད་པར་བརྟེན། མི་རྣམས་ཀྱིས་ཕར་རོལ་པོར་གང་དགོས་དེ་ཉིད་མཁོ་སྒྲུབ་ཀྱིས་རྔན་པ་དང་ངོ་སོ་བསྟོད་པ། གསོལ་མཆོད་བྱེད་པ། ཡང་ན་ཕར་རོལ་པོར་གནོད་པའི་ཐབས་རྩོམ་པ་སོགས་ཅི་རིགས་བྱེད་ཀྱི་ཡོད་སྟབས། སྲིན་དང་ཐེའུ་རངས་སོགས་ཀྱི་མཉམ་དུ་ཤོ་འདེད་པ་དང་རྒྱན་རྩེ་བ། རྒྱལ་ཕམ་རྩོད་པ་སོགས་ཡང་ཡང་ཡོང་གི་ཡོད་པ་ནི་གོང་ཞུས་ལོ་རྒྱུས་ཁག་ལ་སྐྱར་གཟིགས་གནང་ན་ཤེས་ཐུབ། དཔེར་ན་དམངས་ཁྲོད་ཀྱི་གཏམ་རྒྱུད་དམ་འཛམ་གླིང་སྟེང་གི་སྙན་ངག་རིང་མོ་གེ་སར་གྱི་སྒྲུང་ལྟ་བུར། གེ་སར་ཧོར་ལ་འགྲོ་སྐབས་ཐེའུ་རངས་བུ་མོ་སྤུན་གསུམ་དང་ཤོ་རྩེད་བྱས་ནས་གེ་སར་རྒྱལ་བའི་སྒྲུང་གཏམ་དུམ་བུ་འདིས་གནའ་རབས་བོད་མིའི་དགེ་བྱེད་མི་སྣ་ཞིག་གི་ཤོ་རྩེད་ཀྱི་ཟུར་ཞིག་བསྟན་ཡོད།

   དེ་མིན་རང་རེའི་གཞུང་ལུགས་རྣམས་སུ་ཆོ་ལོ་རྩེད་ནས་མོ་པྲ་བརྟག་པའི་ཐབས་ལམ་འདི་ནི་མོ་ཡི་ཁོངས་སུ་གཏོགས་དགོས། དེ་ལྟར་ན་བོན་གྱི་ལྷོ་གཏེར་ཐེག་དགུའི་ནང་ཚན་རྒྱུ་ཐེག་ལས་ཕྱྭ་གཤེན་ཐེག་པའི་ཁོངས་སུ་གཏོགས་ཡོད། འོན་ཀྱང་སྐབས་འདིར་བློ་ལྡན་རྣམས་ཀྱིས་ཆོ་ལོ་རྩེད་ནས་ཡོད་ཚད་རྒྱན་དུ་འཛུག་པའི་ཤོ་རྩེད་དང་། པྲ་ལྟས་ལེགས་ཉེས་འགྱེད་པའི་ཤོ་རྩེད་གཉིས་ལ་ཁྱད་ཡོད་པར་མཁྱེན་དགོས་སོ།། །།

   ཞེས་རྩོམ་ཐུང་འདི་ནི་སྔར་རང་ཉིད་ལོ་ཆུང་སྐབས་སུ་ཆོ་ལོ་དེད་པའི་ཉམ་མྱོང་དང་། བར་དུ་གཞུང་ལུགས་རྣམས་སུ་ཆོ་ལོའི་བྱུང་རབས་དང་དཔྱད་གཞི་མཇལ་བ། དེང་གི་དུས་འདིར་འཛམ་གླིང་གི་ལོ་རྒྱུས་དཔྱོད་པར་གོ་རྟོག་ཅུང་མི་དམན་པའི་དགེ་མིང་པ་གཤེན་ཚེ་ཚང་གིས་ཞང་བོན་གནམ་ལོ་གསར་པའི་ལེགས་སྐྱེས་སུ་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས ༣༡ ཉིན་བྲིས། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག