ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> ༧སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང༌།
༧སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང༌།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བདེ་མཆོག] [ཟླ་ཚེས། 10-11-19] [ཀློག་གྲངས། ]

 

 

 

 

ཕྱི་ནང་བཀོད་པ་བཟོ་བོའི་འཕྲུལ་ལས་གྲུབ། །
སྣ་མང་གཙུག་ལག་གཞུང་བརྒྱའི་བང་མཛོད་གཏམས། །
ལུས་ཅན་དགོས་འདོད་འཇོ་བའི་བུམ་བཟང་གི། །
མཆེད་གྱུར་གང་གི་ངོ་སྤྲོད་འདི་ན་གསལ། །

      དེ་ཡང་འཕགས་ཡུལ་ཧི་མ་ཅལ་གྱི་ཞིང་ཁམས་ཕུན་སུམ་ཚོགས་པའི་སྙིང་པོར་ཆེད་དུ་བཟོས་པ་ལྟ་བུ་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་མཆོད་པའི་ཞིང་མཆོག ཚེ་འདི་དང་ཕྱི་མ་གཉིས་སུ་བདེ་དགེ་ལེགས་ཚོགས་ཐམས་ཅད་འབྱུང་བའི་རྩ་ལག་དམ་པར་གྱུར་པ་༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གདུགས་དཀར་ནུབ་པ་མེད་པར་སྲིད་མཐར་སྒྲེང་བའི་བྱེད་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་མཆོག་ཞེས་མཚན་སྙན་གྱི་གྲགས་པ་དཀར་པོ་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན་ཐོལ་གྱིས་བརྒལ་བ་འདི་ཉིད་ཀྱི་འཁྲིས་སུ་བརྗིད་ཆགས་པའི་༼གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོ༽ཞེས་པ་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་མཁན་རབས་སོ་གསུམ་པ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་༡༩༦༩ནས་བཟུང་དགུང་གྲངས་བཅུ་ཕྲག་དུ་མར་སྐུ་ངལ་ཁྱད་དུ་བསད་དེ། ཇི་སྐད་དུ། འགྲོ་བའི་དོན་དུ་སྐུ་མི་འཕངས། ཞེས་གསུངས་པ་ནང་བཞིན་གྱི་ཆེས་རྨད་དུ་བྱུང་བའི་མཛད་འཕྲིན་བདག་གིར་བཞེས་ནས་བོན་གྱི་གསུང་རབ་ཀྱིས་གཙོས་པའི་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་པར་བསྐྲུན་དང་བསྡུ་རུབ་འཚོལ་སྒྲུབ་བཙའ་སྐྱོང་བླ་མེད་གནང་བའི་སྐུ་དྲིན་ཉག་ཅིག་ལས་བྱུང་བ། དམུ་དབང་ཐོད་དཀར་སྲས་པོའི་གཤེན་ཞལ་གཙང་མ་ལས་བྱུང་བའི་ཕྱི་རྒྱུད་མདོ་ཡི་སྐོར་ལ། ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང་། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ཆགས་གནས་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་སོགས་ཕྱི་མཚན་ཉིད་མདོ་ཡི་སྡེ་ལྔ་དང་། གསང་བ་སྔགས་ཀྱི་སྐོར་ལའང་རྣལ་མ་ཞི་བ་དང་། བསྒྱུར་བ་ཁྲོ་བོ་སྐྱེ་འགག་མེད་པའི་མ་མོ། བདག་གཞན་རྒྱུད་ཁྲོལ་ཕུར་བ། རྣམ་རྟོག་འཇོམས་པ་བདུད་རྩི། འགྱུར་བ་མེད་པ་ཚེ་སྒྲུབ་སོགས་ནང་གསང་བ་སྔགས་ཀྱི་བཀའ་དྲུག་དང་། གསང་བ་གྲོལ་ལམ་གཙོ་བོར་སྟོན་པ་བླ་མེད་རྫོགས་པ་ཆེན་པོའི་བཀའ་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཡེ་ཁྲི་མཐའ་སེལ། བསྒྲགས་པ་སྐོར་གསུམ། བྱང་སེམས་གབ་པ་དགུ་སྐོར་སོགས་རྫོགས་པ་ཆེན་པོའི་གཞུང་བཞི་སོགས་ཕྱི་ནང་གསང་གསུམ་གྱི་བཀའ་དང༌། རྗེས་འཇུག་ཚད་ལྡན་གྱིས་བཀའི་དགོངས་འགྲེལ་དུ་རྩམ་གནང་མཛད་པའི་ཕྱི་མཚན་ཉིད་མདོ་ཡི་གཞུང་དང༌། ནང་གསང་བ་སྔགས་ཀྱི་གཞུང༌། གསང་བ་རྫོགས་ཆེན་བླ་མེད་ཀྱི་གཞུང་སོགས་མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ་བཀའ་གཏེར་སྙན་རྒྱུད་བསམ་གྱིས་མི་ཁྱབ་པ་དང༌། ཆེས་རྩ་ཆེ་བ་གནའ་བོའི་དཔེ་རྙིང་རིན་ཐང་བྲལ་བའི་རིགས་དང༌། བརྡ་སྤྲོད་སྙན་ངག་གི་རིགས་དང༌། ལོ་རྒྱུས་དེབ་ཐེར། སྨན་གྱི་རྒྱུད་གཞུང༌། གནམ་རིག་སྐར་རྩིས། ཚད་མ་རིག་པའི་སྐོར་དང༌། ལྷ་རིས་ཐིག་ཚོན། བསྐང་མདོས་གནམ་མཁའ་རྒྱང་བུ། ཆོ་ག་སྒྲུབ་གཞུང་གི་སྐོར་དང༌། ཞང་བོད་ཐུན་མིན་གྱི་གནའ་རྫས། ཐེག་དགུ་མཚོན་བྱེད་ཀྱི་དཀྱིལ་འཁོར་ལྷ་སྐུ་རི་མོ་སོགས་བཅུ་ཕྲག་རིག་གནས་ཀྱིས་བསྡུས་པའི་གཡུང་དྲུང་བོན་དང་ཆོས་རྒྱུད་ཆེན་པོ་བཞི་དང་བཅས་པའི་གྲུབ་མཐའ་རིས་མེད་ཀྱི་བཀའ་དང་བཀའ་བརྟེན་དང་གསུང་འབུམ་རིགས་རྣམས་དཔར་སའི་ཐོན་ཁུངས་མི་འདྲ་བ་མང་པོ་ནས་བྱུང་བ་དང་དེ་མིན་བན་བོན་སྔགས་གསུམ་དང་འབྲེལ་བའི་དབྱིན་ཡིག་གི་རྒྱལ་རབས་ལོ་རྒྱུས་སོགས་དང་ཧིན་ངྷིའི་རྒྱལ་རབས་ལོ་རྒྱུས་དང་། རྩ་རླུང་འཕྲུལ་འཁོར་ལ་སོགས་དང་། མུ་སྟེགས་རིག་བྱེད་སྨྲ་བའི་གཞུང་ལུགས་དང་། གྲངས་ཅན་པའི་གཞུང་ལུགས། བྱེ་བྲག་པའི་གཞུང་ལུགས། རྒྱ་ཡིག་གི་སྟེང་ནས་ནང་ཆོས་སོགས་རྒྱལ་པོའི་བང་མཛོད་ནང་བཞིན་མ་ཚང་བ་མེད་པར་བྱུར་བུར་གཏམས་པ་འདི་ལྟ་བུ་བསྐྲུན་ཅིང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་ཁང་དང་རིག་གཞུང་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་མཛད་པས་སྐལ་ལྡན་དག་གི་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་གསོས་སྨན་དུ་གྱུར་པ་འདི་ནི་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབས་དང་འཛིན་སྐྱོང་དར་སྤེལ་གཏོང་བའི་རྩ་ལག་ཏུ་ངེས་པས་ཀུན་གྱིས་དགའ་དད་སྤྲོ་གསུམ་འཕེལ་བའི་གནས་སུ་རིགས་སོ། །

 

      རི་བོ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱིས་གཙོས་པའི་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་འདི་ཉིད་ཤར་ནུབ་འཛམ་བུ་གླིང་བའི་བོད་རིག་པའི་ཞིབ་མཇུག་གི་མཁས་དབང་རྣམས་ཀྱི་སྤྱན་སྔར་བསྟར་བས་གནའ་བོའི་དཔྱད་ཞིབ་ཀྱི་ཡིག་ཆ་རིན་ཐང་བྲལ་བའི་གཞི་རུ་གྱུར་ཅིང་ཁྱད་པར་དུ་དཔལ་ལྡན་སྨན་རིའི་གླིང་གི་དགེ་སློབ་ལྷན་རྒྱས་ཡོངས་དང་བོན་གཞིས་ཐོབ་རྒྱལ་གསར་བའི་ཉིན་སློབ་ཀྱི་དགེ་སློབ་རྣམས་ལ་ཆེད་དམིགས་ཀྱི་ཕན་འབྲས་བླ་མེད་འཐོན་དང་ཐོན་བཞིན་པ་ལགས་སོ། །

 

      དཔེ་མཛོད་ཁང་ཆེན་མོ་འདི་ཡང་ཁང་བརྩེགས་རིམ་པ་བཞི་ལས་གྲུབ་ཅིང་ཚིགས་པ་དང་པོ་རུ་དཔེ་དེབ་དཔར་རྩ་འཇུག་སྒྲིག་ཁང་དང༌། བརྙན་འཕྲིན་གཟིགས་ཉན་ཁྱབ་བསྒྲགས་མཛོད་ཁང༌། བརྙན་པར་འཇུག་སྒྲིག་ཁང༌། པར་གློག་ཁང༌། བཀའ་དང་བཀའ་བརྟེན་གསུང་འབུམ་སོགས་ལ་དབྱེ་ཞིབ་གོ་བསྡུར་དང་དཀར་ཆག་སྒྲིག་གནང་མཛད་ས་དང་དམིགས་བསལ་སློབ་ཁང༌། ཧིན་དྷིའི་སྡེ་ཚན་བཅས་དང༌། ཚིགས་པ་གཉིས་པའི་གཡས་མའི་ནང་བོད་རྒྱ་དབྱིན་གསུམ་གྱི་དཔེ་དེབ་གཟུགས་ཅན་དང་དེབ་གཟུགས་བལྟ་ཀློག་གནང་ས་དང༌། འགན་འཛིན་ལས་ཤག གཡོན་མ་རུ་གྲུབ་མཐའ་རིས་མེད་ཀྱི་བཀའ་དང་བཀའ་བརྟེན་གསུང་འབུམ་དཔེ་གཟུགས་ཅན་དང་ཞིབ་འཇུག་དང་བལྟ་ཀློག་གནང་ས་ཡིན། སུམ་ཐོག་གི་གཡས་མ་འགྲེམས་སྟོན་ཁང་དང༌། གཡོན་མ་བགྲོ་གླེང་དང་འཚོགས་འདུ་ཁང༌། རྩེའི་ཐོག་ཁང་ནང་དུ་རྩ་རླུང་དང་སྒོམ་བརྒྱག་ཉམས་ལེན་གནང་ས་བཅས་དང་། འཁྲིས་སུ་ཚིགས་གསུམ་ཅན་གྱི་ཁང་བརྩེགས་ཚིགས་པ་དང་པོ་རུ་དཔེ་མཛོད་འགན་འཛིན་བཞུགས་ཤག་དང་ཚན་རིག་ཞིབ་འཇུག་སྡེ་ཚན། མཛོད་ཁང་དང་། ཚིགས་པ་གཉིས་པ་རུ་ཐབ་ཚང་དང་བཞེས་ལག་གནང་ས་དང་དེ་མིན་ཚིགས་པ་གཉིས་པ་གསུམ་པ་ཞིབ་འཇུག་པ་རྣམས་སྡོད་གནས་ཀྱི་བཞུགས་ཤག་སོགས་ཕྱི་ནང་ཁོར་ཡུག་ཆ་རྐྱེན་བཞེངས་བསྐྲུན་ལེགས་འགྲུབ་ཕུན་སུམ་ཚོགས་པ་བྱུང་ནས་༧བོན་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་མེ་ཕག་ཕྱི་ལོ་ཉིས་སྟོང་བདུན་གྱི་སྤྱི་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་དབུ་འབྱེད་ཀྱི་མཛད་སྒོ་རྒྱ་ཆེར་ཕུན་སུམ་ཚོགས་པ་སྤེལ་བ་ལགས་སོ། །

 

རྗོད་བྱེད་ཚིག་གི་ལོ་མས་མ་སྤྲོས་ཀྱང༌། །
བརྗོད་བྱེད་དོན་གྱི་འབྲས་བུས་ཀུན་ནས་དུད། །
ཤེས་ལྡན་ཡིད་ཀྱི་འདོད་པའི་གསོས་གྱུར་ནས། །
འདི་ཕྱིའི་ལེགས་ཚོགས་འཕེལ་བའི་རྒྱུ་རུ་ཤོག །

ཞེས་པའང་༧སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཁྲི་བདེ་མཆོག་ཏུ་འབོད་པས་སྦྱར་བ་དགེའོ། །མུ་ཙུག་སྨར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག