ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་།
དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-09-28] [ཀློག་གྲངས། ]

  

   དེ་ཡང་མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ནི་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་དང་། སློབ་གླིང་འདི་ལ་བརྟེན་ནས་མདོ་སྔགས་རྫོགས་གསུམ་གང་ལ་ཡང་གཞན་དྲིང་མི་འཇོག་པའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དུ་མ་བྱོན་མྱོང་ཡོད་ལ། དང་ཐོག་སློབ་གླིང་འདིའི་གནས་ཡུལ་ནི། མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་༼ཁ་སྐད་དུ་ཨ་མདོ་ཤར་ཁོག་ཟེར།༽གནས་ཆེན་ཤར་དུང་རིའི་ཉེ་འདབ། བྱང་བྱ་དུར་གྱི་ཞོལ་དུ་ཆགས་པ་ཡིན། དགོན་གནས་དེ་ལ་ཡང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་དང་། བྱང་བྱ་དུར་དགའ་མལ་དགོན་ཆེན་གཉིས་ཆགས་ཡོད་ལ། ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔ་སོ་སོ་ལ་ཡང་གླིང་རེ་ཡོད་ལ། སྤྱིར་བཤད་སྒྲུབ་ཀྱི་འཆད་ཉན་སྒོམ་གསུམ་སོགས་ཀྱི་བསྟན་པ་འདི་ཉིད་དབུ་ཚུགས་ཚུལ་ནི། གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་གྱི་སྐབས་སུ་བོན་གྱི་རིག་འཛིན་ཆེན་མོ་དཔལ་རྒྱ་བོན་ཟིང་བ་མཐུ་ཆེན་གཙོས་པའི་གསང་སྔགས་རིག་པ་འཛིན་པའི་གྲུབ་བརྙེས་པའི་་སྔ་དར་གྱི་བསྟན་འཛིན་སྐྱེས་བུ་གང་མང་ཞིག་བྱོན་ཕེབས་གནང་བ་མ་ཟད། རིག་འཛིན་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས་གསང་སྔགས་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་རྒྱ་ནག་མཁའ་འགྲོ་འུག་གདོང་གི་གཡས་ཞོལ་གནས་ཆེན་བྱང་བྱ་དུར་གྱི་མདུན་ཞོལ་ནས་འོག་མིན་དབྱིངས་སུ་ཟིང་དུ་འབབས་པའི་གཏེར་ཆུ་ཞིག་དྲངས་པ་ནས་བཟུང་ཡུལ་ཁུག་འདི་ལ་ཡང་ཟིང་ཆུ་ཞེས་མཚན་སྙན་ཡོངས་སུ་གྲགས་པའོ། །དེ་ལྟར་བརྒྱ་བའི་སྟོན་པ་གཤེན་རབ་མི་བོ་ཆེའི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་དེ་དུས་དབུ་ཚུགས་པ་ནས་བཟུང་ཟིང་ཆུ་བོན་གྱི་ཡུལ་ཞེས་སུ་གྲགས།


སླར་བསྟན་པ་ཕྱི་དར་སྐབས་ནས་རྒྱལ་བའི་ཐུགས་ཀྱི་རྟེན་མཆོག་གནས་ཆེན་བོན་རི་གནས་སྒོ་འབྱེད་མཁན་རྟོགས་ལྡན་རི་བ་འབྲུག་གསས་དང་། རྫོགས་ཆེན་རྣལ་འབྱོར་བ་ལྡོང་སྒོམ་བསྟན་པ་ལྷུན་གྲུབ། སྐྱབས་མགོན་ཟླ་བ་རྒྱལ་མཚན། སྨན་རིའི་ཁྲི་འཛིན་བསོད་ནམས་ཕུན་ཚོགས། རབ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་བསྐལ་བཟང་ཉི་མ། ཡོངས་འཛིན་རྣམ་དག་འོད་ཟེར། གཡུང་གླིང་སྒྲ་རིག་མཁས་ཆེན་ནག་ཆུ་མཁས་པ་མ་དང་། མཁའ་ཡག་མཁས་ཆེན་ངག་དབང་རྣམ་རྒྱལ་དང་། རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ། ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས། དཔོན་སློབ་བསྐལ་བཟང་དར་རྒྱས་སོགས་བོད་མདོ་དབུས་ཁམས་གསུམ་ལ་མཚན་སྙན་ཡོངས་སུ་ཁྱབ་པའི་སྔོན་བྱོན་སྐྱེས་ཆེན་ཐམས་ཅད་ཀྱང་དང་ཐོག་ཟིང་ཆུ་ཁོག་འདི་ནས་བཤད་སྒྲུབ་སྒོམ་གསུམ་གྱི་རྐང་བཙུགས་ནས་བོད་མདོ་དབུས་ཁམས་གསུམ་དང་འཛམ་གླིང་ལ་དོན་གྱི་མཚན་སྙན་ཁྱབ་པ་རེད། དེ་ལྟར་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་སོགས་ཀྱིས་བདེན་དཔང་བྱས་ཡོད་ལ།


དེ་མ་ཟད། ལོ་ངོ་བརྒྱ་ཕྲག་ལྷག་གི་གོང་ནས་དགའ་མལ་དགོན་གྱི་མཁས་དབང་མཁའ་ཡག་ངག་དབང་རྣམ་རྒྱལ་རིན་པོ་ཆེ་བྱོན་ནས་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་བླ་སྤྲུལ་གཙོས་པའི་བླ་གྲྭ་སྤྲུལ་མཁན་བརྒྱ་ཕྲག་འགའ་ཞིག་ལྷན་འཛོམས་ངང་ནས་བཤད་སྒྲུབ་ཀྱི་སློབ་གཉེར་གྱི་དབུ་ཚུགས་ནས་བསྟན་པ་འཛིན་སྐྱོང་གནང་བ་དང་། ཁྱད་པར་དུ་མཁས་དབང་མཁའ་ཡག་རིན་པོ་ཆེས་བཀས་བཀོད་ལྟར་དང་ཐོག་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་རིན་པོ་ཆེ་དགོན་ཁག་འཚོགས་ཆེན་གྱི་ཁྲི་བའི་ལས་ཐོག་གནང་ནས་བླ་གྲྭ་འདུས་སྡེ་སྟོང་ཕྲག་ལྷག་རྒྱས་འཕེལ་གནང་། དེ་ནས་རིམ་བཞིན་དགོན་ཁག་ལྔ་བོ་དབུ་བླ་ཚང་མ་ནས་ལོ་རེར་གཙོ་འགན་བཞེས་ནས་དགོན་ཁག་གི་སློབ་གཉེར་སྐོར་དང་འཚོགས་ཆེན་སོགས་ཀྱི་ཁྲི་བའི་འགན་འཁྲི་སོགས་གནང་ནས་མདོ་སྨད་ཟིང་ཆུ་ཁོག་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པར་སྲིད་རྩེར་བསྒྲེངས་པའོ། །


༧ མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ།

༧ དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ།

   དེ་ནས་བར་སྐབས་སུ་རིག་གནས་གསར་བརྗེ་ནང་ལ་ཉམས་དམས་སུ་སོང་མོད། སླར་ཡང་བདེན་པའི་དོན་གྱི་བསྟན་པ་སླར་གསོ་བའི་སྲིད་ཇུས་འོད་སྣང་ཕྱོགས་སུ་ཁྱབ་པའི་སྐབས་སུ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི༼༡༩༨༢༽ལོའི་ས་ག་ཟླ་བའི་ཡར་ཚེས་ལ། ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔ་སླར་ཡང་ལྷན་འཛོམས་ཀྱི་ངང་ནས་མཁན་ཆེན་ཤེས་རབ་མཐར་ཕྱིན་མཆོག་དགའ་མལ་དགོན་ཆེན་ནམ་དགོན་ཁག་གི་མཁན་པོར་ཁྲིར་བཀོད་གནང་བ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སློབ་དཔོན་བསྐལ་བཟང་དར་རྒྱས་མཆོག་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཏུ་བཀུར་ཏེ་མཁན་སློབ་རྣམ་གཉིས་ཀྱིས་གཙོ་བཞེས་ཐོག་དགའ་མལ་དགོན་ཆེན་གྱི་འཚོགས་ཆེན་ཁང་དང་། སྒྲུབ་གྲྭ་ཁང་། བཤད་གྲྭ་ཁང་སོགས་གསར་བཞེངས་གནང་ནས་གྲྭ་བ་འདུས་སྡེ་བརྒྱ་ཕྲག་ལྷག་འཕེལ་འཛོམས་བྱུང་ནས་བཤད་དང་སྒྲུབ་པའི་བསྟན་པའི་དར་ཆེན་ཕྱོགས་ཀུན་ཏུ་བསྒྲེངས་པའོ། །


༧ དཔོན་སློབ་བསྐལ་བཟང་དར་རྒྱས་དང་༡༩༨༤ཡས་མས་ཀྱི་བཤད་གྲྭ་བ་རྣམ་པ།

དེ་ནས་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས་པ་ནས་བཟུང་། མཁན་ཆེན་ཤེས་རབ་མཐར་ཕྱིན་མཆོག་དང་། སྒྲུབ་མཁན་ཤེས་རབ་ཚུལ་ཁྲིམས་སོགས་ནས་རྒྱུན་སྐྱོང་གནང་བ་དང་། རིམ་བཞིན་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། རབ་ལེགས་གཡུང་དྲུང་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཤེས་རབ་མཆོག་ལྡན་དང་། ལྷ་རམས་པ་ཆེན་མོ་བརྩོན་འགྲུས་གོང་འཕེལ། སྣང་ཞིག་དགོན་ཆེན་གྱི་ཡོངས་འཛིན་བསྟན་འཛིན་ཡེ་ཤེས། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་སོགས་ནས་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། སླར་ཡང་སྨན་རིའི་དགེ་བཤེས་ཆེན་མོ་ཤེས་རབ་མཐར་ཕྱིན་མཆོག་གདན་ས་ཆེན་མོ་སྨན་རི་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་ནས་སླར་ཡང་སྐུ་ཡུལ་དུ་ཕེབས་པ་ལ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གཙོས་པའི་དགོན་ལག་བཅུ་གསུམ་དང་དགོན་ཁག་ལྔའི་བླ་གྲྭ་ཀུན་གྱིས་རེ་འདུན་ལྟར་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག་ཉིད་དགོན་ཆེན་གྱི་དཔོན་སློབ་ཀྱི་འགན་བཞེས་གནང་ཞུས་བཞིན་དུ་ཁོང་ཉིད་རྒྱལ་ཁབ་ཀྱི་གཞུང་དང་མཐུན་པའི་སྒོ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཀྱི་ཁྲིར་མངའ་གསོལ་བ་དང་།


ད་བཞུགས་ཀྱི་༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་༧ དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས།

དེང་གི་ཆ་ལ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་གཙོས་པའི་ཐུགས་བཞེས་ཐོག་བཤད་གྲྭ་དང་སྒྲུབ་གྲྭའི་བསྟན་པར་དར་རྒྱས་སུ་སྤེལ་དང་སྤེལ་བཞིན་པ་མ་ཟད། བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་སོགས་བྱེད་མཁན་གྱི་འདུས་སྡེ་བཤད་གྲྭ་དང་སྒྲུབ་གྲྭ་བ་བཅུ་ཕྲག་བརྒྱད་དགུ་ཡས་མས་ཀྱི་འཆད་ཉན་སྒོམ་སྒྲུབ་ལ་འབད་བཞིན་པ་ལགས། འཆད་ཉན་འདི་ལ་བརྟེན་ནས་དེང་གི་བར་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མར་བྱོན་ནས་ཕྱོགས་དང་ཕྱོགས་སུ་བསྟན་པ་འཛིན་སྐྱོང་སྤེལ་བའོ། །

ཞེས་པ་འདི་ནི་རིན་སྤུངས་ཚུལ་བསྟན་གྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་༢༠༡༡་༩་༢༨ཉིན་བྲིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག