ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> ཀོང་ཡུལ་བོན་རི་དང་ཙ་རི།
ཀོང་ཡུལ་བོན་རི་དང་ཙ་རི།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག] [ཟླ་ཚེས། 10-07-05] [ཀློག་གྲངས། ]

 ཀོང་ཡུལ་བོན་རི་དང་ཙ་རིའི་སྐོར་བཤད་པ།    

 དང་པོ་རྐོང་ཡུལ་བོན་རི་ནི་བོན་པོའི་ཁམས་ལ་ཡོངས་སུ་གྲགས་ཆེ་བས་དེ་ཡི་ལོ་རྒྱུས་ཞིབ་པ་ནི་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ལས་གསལ།
      མདོ་དྲི་མེད་ཀྱི་༼ཉ༽བདུད་ཁམས་ཐར་པར་བཀོད་པའི་མདོ་ལས། དེ་ནས་དག་པོ་ཉང་རོང་དུ་གཤེགས་ནས། རི་ནག་ཆེན་པོ་ལ། མི་ནག་ཆེན་པོ་འདུག ལམ་ནོར་མགྲོན་པོ་ཁྱོད། གར་ཡོང་སུ་ལ་དོན། མི་ལ་ཕྱག་འཚོལ་ལ། རི་ལ་སྐྱབས་སུ་གསོལ་ཟེར། སྟོན་པས་བཀའ་བསྩལ་པ། ང་གཤེན་ལ་འགྲན་ཚོལ་བའི། མི་ནག་རེ་ཆུང་ལ། བོན་ལ་དོས་འཛུག་པའི། མི་ནག་རེ་ཐུང་ཨང་གསུངས་ནས། ཕྱག་གི་མཐེབ་ཆུང་གཡོན་པས་བླང་ནས། རྐོང་ཀ་སུམ་མདོར་བཞག ཞེས་གསུངས་པའི་མི་ནག་པོ་དེ། དེང་སེང་ལྷ་རི་གྱང་ཏོ་ཞེས་པ་འདི་ཡིན་དགོས་འདུག་སྟེ། མདོ་གཟེར་མིག་༼ཁ༦༦༣༽ལས། མཐེབ་ཆུང་གཡོན་པས་བླངས། རྐོང་ཁ་སུམ་མདོར་བཞག མིང་ཡང་ལྷ་རི་གྱང་ཏོར་བཏགས། ཞེས་གསུངས་པའི་ཕྱིར། གཟི་བརྗིད་ཀྱི་ལུང་དེ་ཉིད་ནས། ཐུགས་ཀྱི་སྤྲུལ་པ་ལ། མདུང་རྩེ་འདྲ་བའི་རི་གཅིག་ལ། དཔག་བསམ་ལོ་རྒྱས་ཀྱིས་བརྒྱན་པ་ཞིག་སྤྲུལ་ནས། ལྷ་རི་གྱང་ཏོའི་ཟུར་ལ་བཞག ཅེས་གསུངས་པས་ཐུགས་ལས་སྤྲུལ་པའི་བོན་རི་དངོས་གནས་དེ་ལྷ་རི་གྱང་ཏོའི་ཟུར་ཏུ་ཡོད་པའི་དམུ་རི་སྨུག་པོ་ཞེས་པ་དེ་ཡིན་དགོས་ཏེ། མདོ་གཟེར་མིག༼ཁ༦༦༤༽ལས། ཐུགས་ཀྱི་སྤྲུལ་པ་ལས། མདུང་རྩེ་འདྲ་བའི་རི་ཞིག་སྲིད། བདུད་རིས་གཤེན་རིར་ཚད་བསྙམ་པས། བདུད་རིས་གཤེན་རིའི་ཚད་མ་བསླེབས། ཞེས་དང་། ཡང་གཟི་བརྗིད་ཀྱི་ལུང་དེ་ཉིད་ལས། དེ་ནས་བདུད་རིས་གཤེན་རིར་ཚད་བསྙམས་ནས། བདུད་རིས་གཤེན་རིའི་རྨེང་མ་བསླེབས། ཞེསགསུངས།
ཡང་ལུང་དེ་ནས། མིང་ཡང་བོན་རི་ཆེན་པོར་བཏགས། ཞེས་གསུངས་པས་སོ། །
      མདོ་དྲི་མེད་གཟི་བརྗིད་༼ཉ༤༧༦༽ལས། བདུད་ཀྱི་བསླུ་བ་པོ་རྣམས་ལ། ཕྱག་གིས་ཐལ་མོ་ཞིག་བརྡབས་པས། མི་སྡུག་པའི་རྒན་མོ་སེར་མོ་བརྒྱར་སོང་ངོ་། ། དེ་ནས་བསླུ་བ་མོ་རྣམས་ཀྱང་སྟོན་པའི་སྐུ་ལ་དད་པ་སྐྱེས་ནས། སྐྱབས་སུ་གསོལ་ཏེ། ཞེས་དང་། ཡང་ལུང་དེའི་འཕྲོ་ནས། བདུད་ཀྱི་བསླུ་བ་མོ་རྣམས་ཀྱང་རབ་ཏུ་གུས་ཏེ། དགེ་བའི་ལས་ལ་བཙུད་ནས། ཡུལ་དེའི་མིང་ཡང་སེ་མོ་བོན་ཐང་དུ་བཏགས་སོ། ། ཞེས་པས་དེང་སང་ས་དེ་ལ་མཁར་སེ་མོ་ཞེས་འབོད་དོ། ། 
      ཡང་གཟི་བརྗིད་ཀྱི་ལུང་དེའི་འཕྲོ་ནས། བདུད་ཀྱི་ལྕགས་ཕུབ་དགུ་བརྩེགས་ནས་བཙུག་སྟེ། བལྟས་པས་ཀྱང་ལྕགས་ཀྱི་འཇོག་སྟེ་བརྡུང་། ལྕགས་ཀྱི་མདའ་ནི་ཀྲིལ་གྱིས་བཀང་ནས། ཞབས་གཡས་པ་གྱད་ཀྱི་ཕ་བོང་ལ་གཏད་ནས། ཕྱག་གཡས་ཐབས་ཀྱི་མདའ་སྟེ་འཕངས་པས། བདུད་ཀྱིས་བཙུག་པས་ལྕགས་ཕུབ་དགུ་བརྩེགས་ལྗུར་གྱིས་ཕུག་ནས། ཕ་དེའི་རི་ལ་ཏལ་གྱིས་ཟུག་གོ། དེ་ལ་བདུད་ཐམས་ཅད་ཀྱང་ཤིན་ཏུ་བྲེད་ནས་རབ་ཏུ་ཡང་ཡ་ངའོ། ། དེང་སང་མདའ་འཕེན་སར་བྲོ་གར་ཞབས་རྗེས་ཞེས་པར་སྟོན་པའི་ཞབས་རྗེས་ཡོད། འབེན་བཙུགས་ས་དེང་སང་བེམས་གྲོང་ཞེས་པའི་ས་དེའོ། །
      ཡང་ལུང་དེའི་འཕྲོ་ནས། ཀོང་རྗེ་དཀར་པོའི་སྲས་མོ་ཀོང་བཟའ་ཁྲི་ལྕམ་གྱིས། སྟོན་པས་མདའ་འཕངས་དར་དཀར་ལྕིབ་ཀྱིས་ཕྱུང་ནས་སྟོན་པ་ལ་ཕུལ་ལོ། ། མདའ་ཕྱུང་ཤུལ་དུ་ཆུ་མིག་དཀར་པོ་བརྡོལ་ཏེ། ཡུལ་དེར་ཡང་ལ་དོར་བྲག་འཕྲང་དང་། མདའ་དྲངས་ཆུ་མིག་ཏུ་བཏགས་སོ། ། ཞེས་གསུངས། ས་དེར་དེང་སང་ཆུ་མིག་མདའ་དྲངས་ཞེས་གཙང་པོའི་ཕར་ཕྱོགས་ཀྱི་བེ་ལག་གི་ཡར་ནང་དུ་ཡོད། མདོ་གཟེར་མིག་༼ཁ༦༧༣༽ལས། བདུད་ཀྱི་ངུ་མོ་རྒྱུན་བཅད་པའི་ཕྱིར། ཚེམས་ཀྱི་མཆེ་བ་གཡས་གཡོན་ལས། འཕར་པོ་འཕར་ཆུང་དུ་སྤྲུལ་ནས། ཕྱག་གིས་བླངས་ནས་ཞལ་གྱིས་བུས། སྟོང་གསུམ་གྲགས་པའི་སྒྲ་ཆེན་བྱུང་། ཞེས་གསུངས་པའི་ཕྱིར། དེ་ནས་ཚེམས་དུང་དེ། དེང་སང་ཀུན་བཟང་ཐུགས་ཁ་ཞེས་པར་སྦས་པའི་རྟགས་བཅས་ཡོད། གཟི་བརྗིད་༼ཉ༤༩༣༽ལས། བདག་ཅག་སྔ་བ་རྒྱལ་སྔ་ཡང་། བསྟན་པ་གོང་ནས་གཤེན་གཉན་པས། རྒྱལ་གྱི་ཁྲི་གཅིག་བརྩེགས། ཁྱེད་ཅག་གཉན་པ་གོང་ན་བཞུགས་ཞེས་དང་། ཡང་ལུང་དེའི་འཕྲོ་ནས། ཡུལ་དེ་ཡང་རྒྱལ་གྱི་གོང་ན་གཉན་བཏེགས་པས། རྒྱལ་ཁྲི་གཉན་སྟེང་དུ་བཏགས་སོ། ། ཞེས་གསུངས་པས། ས་དེ་ལ་དེང་སང་ཉི་ཁྲི་ཞེས་འབོད་པ་དེ་ཡིན་པ་འདུག གཟེར་མིག་༼ཁ༦༧༦༽ནས། རྐོང་ཡུལ་བྲེ་སྣ་རུ། གསེར་གཡུ་བྲེ་ཡིས་བཅལ། བྲེ་ལ་ཁལ་དུ་བླངས། གཤེན་ལ་ཆལ་དུ་ཕུལ། ཞེས་གསུངས་པའི་ས་དེ་ལ་དེང་སང་བྲེ་སྣ་ཞེས་ཟེར། བྲེ་སྣ་འདི་འདུ་གནས་སོ་བདུན་གྱི་གཡོན་རུ་ཡིན། འདིར་སྔར་ས་རྟགས་མཆོད་རྟེན་དང་། བང་སོ། དུར་ཁྲོད་སོགས་ཡོད་པར་བཤད། གཟི་བརྗིད་ཀྱི་༼ཉ༤༩༥༽ནས། ཡར་ལ་གཤེགས་ཁར་དགུང་གཅིག་བོན་རི་ཆེན་པོ་ལ་གཟིམས་ནས། ནང་པར་བསེ་ཁྲབ་ཤོལ་མོ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་དང་། ལྕགས་མདའ་ལྕགས་གཞུ་དང་། དུང་འཕར་པོ་འཕར་ཆུང་རྣམས། བོན་རིའི་ཐུགས་ཀྱི་དང་གོང་དུ། བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་ནས། ཞལ་ནས་སྨོན་ལམ་གསུངས་པ། ཞེས་དང་། ཐུགས་སྤྲུལ་བོན་རི་ཆེན་པོ་འདི། བཀྲ་ཤིས་ས་གནས་བྱིན་ཆེན་འདི། ནམ་ཞིག་ཁ་བ་ཅན་ལྗོངས་སུ། ཐེག་པ་རིམ་དགུའི་བོན་དར་ནས། གཡུང་དྲུང་བོན་ལ་སྤྱོད་པར་ཤོག བདག་གིས་བཀྲ་ཤིས་ས་རྟགས་ལ། བསེ་ཁྲབ་ལྕགས་གཞུ་ལྕགས་མདའ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་རྣམས། སྐྱེད་བྱེད་ས་ཡི་སྙིང་པོར་ཤོག གསུང་དབྱངས་འཕར་པོ་འཕར་གྲགས་ཉིད། བདག་གི་གསུང་གི་བསྟན་པའི་དུས། རབ་བྱུང་འགྲོ་བ་འདྲེན་པར་ཤོག ཅེས་གསུངས་པས། སྐུ་ཆས་དང་དུང་འཕར་ཆེན་བཅས་ཀུན་བཟང་ཐུགས་ཀ་ཞེས་པའི་ས་གནས་སུ་སྦས་ནས་རྗེས་སུ་རབ་བྱུང་དུ་རྡོལ་བའི་རྗེས་དང་། བཀའ་རྟགས་ཁྱད་པར་ཅན་མཇལ་རྒྱུ་ཡོད། ཕྱིས་སུ་ཁྱུང་པོ་དཀར་རུའི་ཡུལ་དུ་མི་གསུམ་གྱིས་བརྐུས་པའི་ཚུལ་གྱིས་གདན་དྲངས་ཤིང་ཁོང་གསུམ་ལ་དོ་ཁང་། གསལ་འཕེན། བསྲུབ་མདོང་ཞེས་པའི་མིང་ཕྱིས་སུ་ཐོགས་པར་གྲགས། རྟེན་དེ་ཁྱུང་ཡུལ་གྱི་འགྲོ་འདྲེན་རྟེན་གྱི་གཙོ་བོ་ཡིན་ནོ། ། བློ་ལྡན་གྱི་ཟུར་བྱང་ལས། རྒྱལ་བའི་སྐུ་ཚབ་ཤེལ་སྐུ་ལ། གང་མཇལ་ངན་སོང་སྐྱེ་སྒོ་ཁེགས། མ་མཇལ་ཐོས་ཀྱང་སྒྲིབ་པ་འབྱོང་། གསུང་ཚབ་འཕར་ཆེན་འཕར་ཆུང་ལ། གང་མཇལ་བར་དོའི་འཇིགས་པ་བསྐྱབ། སྒྲ་ཚོར་སེམས་ཅན་ཐར་པ་འཐོབ། ཅེས་སོ། །
      གཟི་བརྗིད་༼ཉ༤༩༦༽ལས། རྐོང་བཙུན་ལྷ་མོ་དམ་ལ་བཏགས་ནས། བསྟན་པའི་སྲུང་མར་བཞག་གོ། རྐོང་བཙུན་ལྷ་མོས་གཡུ་ཤུག་དྲུང་ཞིག་སྟོན་པ་ལ་ཕུལ་བས། སྟོན་པས་ཀྱང་མི་འགྱུར་བའི་བཀའ་རྟགས་སུ་བཞག་གོ། ཞེས་གསུངས་པས། དེང་སང་སྐུ་ཤུག་ལྡེམ་དྲུག་གམ་བོན་རིའི་སྐུ་ཤུག་ཅེས་པ་དེ་ཡིན་པར་མངོན། གནས་འདི་ཕྱི་ལོ་༼༡༣༣༠༽བར་གནས་རྟེན་ཡིན་པ་ཙམ་དུ་ཡང་མི་རྟོགས་པར་གྱུར། ལོ་འདིར་སྤྲུལ་པའི་སྐུ་མཆོག་རི་པ་འབྲུག་གསས་ལ་རྩ་གསུམ་དམ་ཅན་རྒྱ་མཚོས་ལུང་བསྟན་ལུ་གུ་བརྒྱུད་དུ་བྱུང་སྟེ་རང་ཡུལ་མདོ་སྨད་ནས་ཕེབས་ཏེ་ཡུལ་འདིར་ཞབས་སོར་འཁོད། གནས་རི་རྟེན་དང་བཅས་པ་སྔར་གནས་རྗེས་སུ་དྲན་པའི་སྒོ་ནས་ངོ་སྤྲོད། ཁོང་གི་དང་པོ་བཞུགས་གནས་ཉི་ཁྲིའི་ཐོད་དུ་ཡོད། ཕྱིས་སུ་སྲིད་རྒྱལ་དགོན་ཆེན་དུ་འབྲུག་གསས་སྒྲུབ་ཕུག་ཅེས་པར་བཞུགས། ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱིས་སྟག་རྩེ་གཡུང་དྲུང་གླིང་གི་རྟེན་དང་བརྟེན་པའི་དགོན་སྡེ་བཏབ། སྐུ་མདུན་སྨོན་ལམ་བཀྲ་ཤིས་ཀྱིས་སྟག་བྲོ་གཡུང་དྲུང་དགའ་ཚལ་གླིང་ཕྱག་བཏབ་རྟེན་དང་བརྟེན་པའི་བཀོད་པ་བསྐྲུན། འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པ་དེང་སང་རྫོང་ཆུང་སྟེང་ཞེས་པ་དེ་ཡིན། ༧རྗེ་རི་མི་འགྱུར་རྒྱལ་མཚན་གྱིས་ཕྱག་བཏབ་པ་རྒྱལ་རི་དགོན། ༧ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་ཀྱིས་ཕྱག་བཏབ་པ་དགོན་པ་སྟེང་ཞེས་པ་དེ་ཡིན། ༧སྤ་ཚེ་དབང་འོད་ཟེར་གྱིས་སྲིན་མོ་མཐའ་རྩའི་དགོན་པ་བསམ་གཏན་གླིང་རྟེན་དང་བརྟེན་པ་བཅས་ཡོད། ༧གནས་འདིར་རང་འབྱུང་སྒྲུབ་པའི་གསང་ཕུག་ཕྱོགས་བཞི་དབུས་དང་ལྔར་ཡོད་དེ། དབུས་ཕུག་གསང་བ་ཡོང་རྫོང་། ཤར་སྟག་ལུང་སྒྲུབ་ཕུག བྱང་སྲིན་མོ་སྒྲུབ་ཕུག ནུབ་བྱ་ཏི་སྒྲུབ་ཕུག ལྷོ་ཉི་མ་སྒྲུབ་ཕུག་ཅེས་སོགས་སོ། ། རྗེ་བཙུན་ཚེ་དབང་རིག་འཛིན་གྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་པའི་ལུང་བསྟན་ཟུར་བྱང་ལས། ཐུགས་སྤྲུལ་གནས་མཆོག་བོན་རི་ལ། གང་བསྒྲུབ་ས་བཅུའི་སེམས་དཔའ་ཐོབ། ཅེས་དང་། ཐུགས་ཚབ་བོན་རི་ཆེན་པོ་ལ། གང་མཇལ་ཚེ་རབས་སྒྲིབ་པ་འབྱང་། མ་མཇལ་ཡིད་ཀྱིས་གསོལ་བཏབ་ན། སྐྱེ་བ་གསུམ་ནས་མཐོ་རིས་ཐོབ། ཅེས་གསུངས་པའི་ཕྱིར། ལྷ་རི་གྱང་ཏོ་བོད་རྒྱལ་མུ་ཁྲི་བཙན་པོའི་བསྒྲུབས་གནས་ཡིནཏེ། ཟང་གཏེར་རིག་འཛིན་འདུས་པ་ལས། ལྷ་རི་གྱང་ཏོར་གྲུབ་པ་ཐོབ་པའི་མུ་ཁྲི་བཙན་པོ་ཡིས། ཞེས་དང་། མ་རྒྱུད་ཀྱི་འཛམ་གླིང་གནས་ཆེན་ཉེར་བཞིའི་ནང་ཚན། མུ་ཁྲིའི་གནས་ཀྱི་མཁའ་འགྲོ་ལྔའི་དབུས་མ། སྟོབས་ཆེན་གྱ་ནོམ་མཁའ་འགྲོ་མའི་གནས་ཀྱང་འདིར་ཡོད་པར་མངོན།
      དེ་ནས་ཙ་རི་ནི་ལྷོ་ཕྱོགས་འཕན་ཡུལ་ཙ་རིའི་མཁའ་འགྲོ་མ། ཞེས་གནས་ཉེར་བཞིའི་མཁའ་འགྲོ་མ་ཞིག་གི་གནས་དང་། ཟུར་བྱང་ལས། ཙ་རི་མཁའ་འགྲོ་འདུ་གནས་ལ། ཚོགས་འབྲེལ་གང་ཡོད་དངོས་གྲུབ་ཐོབ། ཞེས་གསུངས་པའི་ཕྱིར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག