དང་ར་ཁྱུང་རྫོང་གི་དཀར་ཆག་གསལ་བའི་མེ་ལོང་།
ཨེ་མ་ཧོ།། བོན་སྐུ་སྤྲོས་བྲལ་ནམ་མཁའ་ཡངས་པ་ལ།། རྫོགས་སྐུ་མ་འགག་རོལ་པའི་ཉི་མ་ཤར།། སྤྲུལ་སྐུ་ཚ་ཟེར་མཐའ་ཡས་འགྲོ་བ་སྐྱོབས།། སྐུ་གསུམ་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། ། ཞང་ཞུང་གནས་མཆོག་སྒོ་མོ་བར་པའི་ཡུལ།། ངོ་མཚར་བཀའ་རྟགས་དང་ར་གཡུ་མཚོ་རུ། ། དུས་མཐའི་སྤྲང་པོ་བདག་གིས་བསྐོར་དུ་ཕྱིན།། གཡུ་བུན་སྒྲུབ་ཕུག་དག་ཏུ་སྡོད་པའི་ཚེ། ། དག་སྣང་བག་ཆགས་འཁྲུལ་བའི་ཉམས་སྣང་ལ། ། གནས་མཆོག་ངོས་ནས་འོད་ཟེར་དཀར་དམར་མཐིང༌། ། བདག་གི་མདུན་དུ་འཕྲོས་པའི་རྒྱུད་ལམ་ལ།། ཁྱེ་འུ་དར་དཀར་རས་ཀྱི་ཤམ་བུ་གྱོན།། ཤེལ་དཀར་ཕྲེང་ཐོགས་ཝ་དཀར་གླིང་བུ་རྒྱུད། ། ཚངས་པའི་གསུང་དབྱངས་ཀ་ལ་པིང་ཀའི་དབྱངས། ། ལྷུན་བསྩོལ་འབད་མེད་དོན་ལ་ཚིག་འདི་གསུངས། ། ཨེ་མ་ཧོ། ། དབྱིངས་ནས་འོད་སྤྲོས་བདེ་ཆེན་ཀློང༌། ། མི་རྟོག་མཐའ་བྲལ་ནམ་མཁའི་དཀྱིལ། ། བདེ་སྟོང་གསལ་བའི་བང་མཛོད་ནས། ། རིག་འཛིན་མཁའ་འགྲོ་ཐམས་ཅད་ཀྱིས། ། ཁྱེད་ཉིད་འབོད་དུ་ང་བཏང་བས། །ཉེ་ལམ་ཐོགས་མེད་དལ་འགྲོ་འཚལ། །བླ་མ་ཡི་དམ་མཇལ་རེ་སྤྲོ། །མཁའ་འགྲོ་ཐམས་ཅད་འཕྲིན་ལས་སྒྲུབས། །བཀའ་སྐྱོང་ཐམས་ཅད་བར་ཆད་བསྲུང༌། །རིག་འཛིན་ཐམས་ཅད་ཚོགས་ལ་རོལ། །མ་མོ་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །དེ་རུ་ཐོགས་མེད་བྱོན་པར་ཞུ། །ཞེས་ཞུས་པ་དང་བྱོན་ནས། །རིག་འཛིན་གསེར་གྱི་སྒོ་མོའི་ཁ་སྲུང་བྱེད། །སྒོ་མ་རིན་ཆེན་གསེར་མདོག་ཅན། །ཕྱག་ན་ལྕགས་ཀྱུ་ལྡེ་མིག་བསྣམས། །གནས་སྒོ་ཕྱེ་ཞིང་ལྷ་ཞལ་བསྟན། །ཕོ་བྲང་ཁྱད་དུ་འཕགས་པ་གཅིག །དབུས་སུ་ཨ་མོ་ལི་ཀའི་ཁྲི། །རུས་སྦལ་ས་སྲིན་ཁྲི་སྟེང་དུ། །སྟོ་པ་འཆི་མེད་གཙུག་ཕུད་སྐུ། །གསེར་ལས་གྲུབ་པའི་ཁྲི་གང་ཚད། །གསས་ཁང་དེ་ཡི་ཁྲི་སྟེང་དུ། །རྒྱལ་བ་གཤེན་རབ་སྟོང་གིས་བསྐོར། །གཡོན་བྲག་འབྲུག་དང་ཁྱུང་གི་ཁྲི། །ཡུམ་ཆེན་ཚོགས་བདག་མཁའ་འགྲོས་བསྐོར། །མདུན་བྲག་རིན་ཆེན་ཁྲི་སྟེང་དུ། །བདག་སོགས་ལས་དག་སེམས་དཔས་བསྐོར།། དེ་ནས། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས། །ཞལ་ནས་གདམས་པ་འདི་སྐད་གསུངས། །གསོན་དང་སྐལ་ལྡན་རྣལ་འབྱོར་ལ། །ཇི་ལྟར་ཡིན་ཞིབ་ཏུ་བཤད། །ངེད་ནས་རིག་འཛིན་འཁོར་བཅས་ཚོགས། །མ་མོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང༌། །སྐལ་ལྡན་ཁྱེད་ལ་བསྟིམ་ཏུ་གསོལ།།ཞེས་གསུངས་སོ། །ལ་བདེ་བའི་ཉམས་ཤར་ཞིང༌། །སྐྱེ་བ་སྔ་ཕྱི་དྲན་པ་བྱུང༌། །རིག་འཛིན་ཚོགས་ལ་འདི་སྐད་ཞུས། །གསོན་དང་རིག་འཛིན་མཁའ་འགྲོའི་ཚོགས། །ཁྱུང་རྫོང་གནས་ཀྱི་ནང་ཤད་ན། །དང་རའི་གནས་བདག་རིག་འཛིན་ཚོགས། །བྱིན་རླབས་དངོས་གྲུབ་བདག་ལ་ཞ། །གནས་ཀྱི་བྱིན་རླབས་གང་ཡོད་རྣམས། །བདག་ལ་ལུང་བསྟན་གནང་བར་ཞུ། །བདག་གིས་ཕྱི་རབས་འགྲོ་ལ་བཤད།། ཅེས་ཞུས་སོ། རྒྱལ་རིགས་གཤེན་པོས་འདི་སྐད་གསུངས། །ཉོན་ཅིག་སྐལ་ལྡན་སྐྱེས་བུ་ཁྱེད། །དང་ར་གནས་མཆོག་བྱ་བ་ནི། །འོག་མིནའཐུག་པོ་བཀོད་པ་དང༌། །གཤེན་ཡུལཨ་འོལ་མོ་ལུང་རིང་དང༌། །ལྷོ་ནུབ་ཟངས་མདོག་དཔལ་རི་དང༌། །རྒྱ་ནག་གླང་ཆེན་འགྱིང་རི་རྣམས། །བྱིན་རླབས་ཉག་ཐག་འདི་ལ་འབྲེལ། །གང་འབྲེལ་ངན་སོང་གསུམ་ནས་ཐར།། ཅེས་གསུངས་སོ། ཀླུ་གྲུབ་ཡེ་ཤེས་སྙིང་པོས་འདི་སྐད་གསུངས། །མི་མངོན་ནམ་མཁའི་དབྱིངས་རུམ་ནས། །རིག་འཛིན་མཁའ་འགྲོའི་བྱིན་རླབས་གནས། །མ་དྲོས་མཚོ་མོ་དེ་ལ་ཐིམ། །དེ་ཡི་བྱིན་རླབས་དང་རར་ཐིམ། །གང་མཇལ་འཁོར་བའི་སྐྱེ་སྒོ་གཅོད།། ཅེས་གསུངས་སོ། ཡང་རིག་འཛིན་སྣང་བ་མདོག་ཅན་གྱིས། །གནས་མཆོག་འདི་ཡི་བྱིན་རླབས་ལ། །མཐིང་གི་བང་རིམ་མཆོད་རྟེན་ཚུལ། །རྩ་བ་ཀླུ་ཡི་ཡུལ་དུ་ཐུག །རྩེ་མོ་ལྷ་ཡུལ་དག་ཏུ་ཟུག །སྐེད་པ་གངས་ཅན་བོད་ཡུལ་དུ། །སེང་ཆེན་གནམ་ལ་འཕྱོངས་པ་འདྲ། །ཞང་ཞུང་སྒོ་མོ་བར་པའི་ཡུལ། །གང་མཇལ་སྐྱེ་བ་སྔ་ཕྱི་དྲན།། ཞེས་གསུངས་སོ། །མུ་ཁྲི་བཙན་པོ་དེ་ཉིད་ཀྱིས། །དང་ར་ཁྱུང་རྫོང་བྱ་བ་འདི། །ཀུན་བཟང་ཉིད་དང་དབྱེར་མེད་པའི། །ཀུན་སྣང་གསེར་འོད་མདོག་ལྡན་ལ། །བྱིན་རླབས་དྲོད་རྟགས་མ་ཆད་པས། །གངས་ཆེན་ཡུལ་འདིའི་རྟེན་མཆོག་ཡིན། །གང་མཇལ་མི་དགེ་ཟིལ་གྱིས་གནོན།། ཞེས་གསུངས་སོ། །ཧ་ར་ཅི་པར་གྱིས་གསུངས་པ། །གནས་དང་ར་ཁྱུང་རྫོང་བྱ་བ་འདི། །ཕྱི་ལྟར་སེང་གེ་རྒྱབ་བསྣོལ་འདྲ། །ནང་ལྟར་གུ་རུའི་སྐུ་ཚད་ནི། །མཆོང་སྐུ་ཚོན་གང་རིང་བསྲེལ་ཅན། །གསང་རྟེན་ཤེལ་དཀར་སྣ་དང༌། །དངུལ་དཀར་བཀྲ་ཤིས་རྟགས་བརྒྱད་ཡོད། །གང་མཇལ་སྐྱེ་བཞིའི་འཇིགས་སྒོ་གཅོད།། ཅེས་གསུངས་སོ། ཡང་སྟག་ཝེར་ལི་ཝེར་གྱིས། །ཤར་ཕྱོགས་བྲག་དཀར་ཟླུམ་པོ་ལ། །ཚེ་བུམ་རང་བྱོན་བདུན་གྱི་འབུར་ དོད་ཡོད། །བྱང་ཕྱོགས་བྲག་ཟུར་ལྗང་སྨུག་ལ། །ཁྱུང་ཆེན་དམར་ནག་ཕོ་བྲང་ཡོད། །ནུབ་ཕྱོགས་བྲག་ཕྲང་ཐེམ་སྐས་ལ། །རྩ་གསུམ་བུམ་པའི་ཁ་རྒྱན་ནི། །ཤེལ་ཁུང་ནང་ནས་གསལ་བ་ཡོད། །ལྷོ་ཕྱོགས་ཚོགས་གཞོང་ཕུན་ཚོགས་ནང༌། །རང་བྱུང་དྲི་ངད་་པ་ཡོད། །ཞི་རྒྱས་དབང་དྲག་རྫོགས་པ་ཡིན། །གང་མཇལ་ཚད་མེད་བཞི་དང་ལྡན།། ཞེས་གསུངས་སོ། ཡང་ཨ་ནུ་ཕྲག་ཐག་གིས་གསུངས་པ། །སྔོན་འཆི་མེད་ཚེ་ལ་དབང་བའི་ཕྱིར། །ཚེ་བདག་པདྨ་ཐོད་ཕྲེང་གིས། །མ་འོངས་སེམས་ཅན་དོན་ཆེད་དུ། །བྲག་དམར་གཏེར་སྒྲོམ་འདྲ་བའི་ནང༌། །ཚེ་ཆུ་ཤེལ་བུམ་གང་བ་དང༌། །མ་སྒྲུབ་ཚེ་ཡི་རིལ་བུ་དང༌། །ཞང་ཞུང་ཁྲི་སྡེའི་གསེར་བྲེ་དང༌། །མཁའ་འགྲོ་ཅོ་ཟ་བོན་མོ་ཡིས། །བཀའ་རྟགས་ཞབས་རྗེས་སོ་སོར་བཞི་ཡོད། །དེ་ལ་གང་མཇལ་སུ་རེག་པས། །འཆི་མེད་ཚེ་དབང་ཐོབ་པ་ཡིན།། ཞེས་གསུངས་སོ། ཡང་སད་ནེ་གའུས་གསུངས་པ། །གནས་ཤེལ་བྲག་ཁྱུང་རྫོང་བྱ་བ་འདི། །སྔོན་བོན་ཆོས་དར་ནུབ་བྱུང་བའི་དུས། །བྲག་རི་བོན་ཞྭ་འདྲ་བ་ལ། །གྱེར་སྤུངས་ཆེན་པོའི་ཕྱག་ཁར་དང༌། །ལྷ་རྒོད་ཐོག་པའི་སྒྲུབ་གཞུང་རྣམས། །གནས་མཆོག་དེ་རུ་གཏེར་དུ་སྦས། །གཏེར་སྲུང་སྲིད་པའི་རྒྱལ་མོ་ཡིན། །ཕོ་བྲང་བྱང་ཕྱོགས་བྲག་ལ་ཡོད། །གང་མཇལ་མཆོག་གི་དངོས་གྲུབ་འཐོབ།། ཅེས་གསུངས་སོ། ཡང་ཐ་མི་ཐད་ཀེས་གསུངས་པ། །གནས་དང་ར་ཤེལ་བྲག་གསང་རྫོང་འདི། །མཛོད་བཞི་ཕོགས་བཞི་གནས་ནས་ཡོད། །ཤར་མཛོད་དང་ར་གཡུ་བུན་ལ། །དབལ་བོན་སྟག་ལ་མེ་འབར་དང༌། །དབལ་མོ་ཉི་ཤུ་རྩ་བདུན་རྣམས། །བྲག་ལ་རང་བྱོན་གསལ་བ་ཡོད། །སེང་གླང་རྟ་འབྲུག་ཁྱུང་དང་གཟིག །སྒོ་ལ་སྟག་གཡག་རང་བྱོན་ དང༌། །སྒྲུབ་ཁང་ལོགས་བཞི་མཛེས་པ་ལ། །ནང་དུ་མཁའ་འགྲོ་གཅན་གདོང་དང༌། །སད་ནེ་གའུས་ཞབས་རྗེས་དང༌། །གཡས་ངོས་སངས་རྒྱས་སྟོང་སྐུ་དང༌། །གཡོན་ངོས་ཐེག་པ་རིམ་དགུ་དང༌། །ཀླུ་བདུད་དམ་ལ་བཏགས་པ་ཡི། །བཀའ་རྟགས་དང་གཟུགས་དང༌། །ཡིག་འབྲུ་གཡུང་སྐུ་གཟུགས་རྣམས། །ངོ་བོ་བྲག་ལ་རང་བྱོན་ཡོད། །ལྷོ་ཕྱོགས་བྲག་རྒྱལ་ལྡེབས་ངོས་ལ། །ཀུན་ཏུ་བཟང་པོ་རང་བྱོན་དང༌། །སྲིན་པོའི་ཁོང་ཁྲག་འཕོ་རྗེས་ཡོད། །ཤར་ཕྱོགས་སྲིད་རྒྱལ་སྒྲུབ་ཕུག་ཏུ། །སྲིད་རྒྱལ་དྲེའུ་ནག་སྐུ་གཟུགས་དང༌། །བཀའ་རྟགས་གཡུང་དྲུང་གཡས་བསྐོར་དང༌། །སྒོ་སྲུང་སེང་གེ་འབུར་དོད་ཡོད། །མུ་ཏིག་ཁུ་འཕང་རི་མོ་ནི། །བྲག་རི་རྩ་བ་རྩེ་མོའི་བར། །མ་ཆད་དར་ཡུག་དུ་རུ་ཀཡང་འདྲ་ཡོད། །ཡིག་འབྲུ་གཡུང་དྲུང་ནོར་བུ་རིས། །རྩྭ་སྔོན་དགུན་དུ་མི་སྐམ་པ། །གནས་ཀྱི་མི་འགྱུར་བཀའ་རྟགས་ཡོད། །གཡུ་བུན་བྲག་དམར་དཀྱིལ་ཤད་ན། །གཡུ་ཡི་གཡུང་དྲུང་ཆག་ཤིང་དང༌། །ཞི་རྒྱས་དབང་དྲག་ལྷ་ཚོགས་དང༌། །ངན་སོང་གནོན་པའི་བཀའ་རྟགས་ཡོད། །གཡས་རི་གཡུང་དྲུང་རི་བོ་ལ། །ལུ་གུ་རྒྱུད་ཀྱི་རི་མོ་ཡོད། །གཡོན་རི་དུང་དཀར་རི་བོ་ལ། །བྲག་ལ་དུང་གི་རིས་སུ་འབུར། །བྱང་མཛོད་ལ་ཤང་རི་བོ་ལ། །བསྐལ་པ་རྫོགས་ལྡན་བཟང་མཛོད༌། །རིན་ཆེན་གསེར་གྱི་གཏེར་སྒོ་དང༌། །མཐའ་དམག་བཟློག་པའི་སྲུང་བ་ཡོད། །ནུབ་མཛོད་སྒོ་རྟགས་བྲག་དཀར་ལ། །རྟ་སྒོའི་ཕྱག་མཚན་དབལ་མདུང་དང༌། །ཚྭ་ལ་རྒྱུང་གི་ཐོ་བ་ཡོད། །ལྷོ་མཛོད་རྟ་སྒོའི་སྒོ་རྟགས་ལ། །དུས་མཐའ་མཚོན་གྱི་འཇིགས་སྐྱོབ་པའི། །རིགས་ལྔའི་གོ་ཁྲབ་བཀའ་རྟགས་དང༌། །འཆི་མེད་བདུད་རྩིའི་ཆུ་བོ་ཡོད། །གང་མཇལ་བདུད་བཞིའི་གནས་ནས་ཐར།། ཞེས་གསུངས་སོ། ཤད་པུ་ར་ཁུག་གིས་འདི་ལྟར་གསུངས། །གནས་ཁྱུང་རྫོང་བྲག་དཀར་བྱ་བ་འདི། །ཁྱད་པར་སྤྲེའུ་ལོའི་ཟླ་བ་བཅུ་པ་ལ། །མི་མངོན་ནམ་མཁའི་དབྱིངས་དཀྱིལ་ནས། །རིག་འཛིན་མཁའ་འགྲོ་ཐམས་ཅད་ནི། །གནས་འདིར་འཚོགས་ཤིང་སྒྲུབ་པ་མཛད། །མི་ཟད་ཚོགས་ཀྱི་འཁོར་ལོ་བསྐོར། །མི་འགག་བོན་གྱི་འཆད་རྩོད་རྩོམ། །མི་འཁྲུལ་འོད་གསལ་བདེ་སྟོང་གསལ། །མི་ཤིག་སྐུ་གསུང་རྒྱ་ཡིས་གདབ། །རིག་འཛིན་ཚོགས་པའི་གནས་ཆེན་ཡིན། །གང་མཇལ་བདེ་ཆེན་དབྱིངས་སུ་འགྲོ།། ཞེས་གསུངས་སོ། ཟིང་པ་མཐུ་ཆེན་གྱིས་གསུངས་པ། །གནས་གངས་དཀར་ཏི་སེ་བྱ་བ་དང༌། །འོག་མིན་ཏི་སེ་གངས་དཀར་གཉིས། །ཉག་ཐག་གཅིག་ཏུ་འབྲེལ་ཏེ་གནས། །ཁྱུང་རྫོང་བྲག་དཀར་འདི་ཉིད་དང༌། །རྩེ་དྲུག་ནམ་མཁའ་ཁྱུང་མཐོང་གཉིས། །ཉག་ཐག་གཅིག་ཏུ་འབྲེལ་བའོ། །རྒྱ་ནག་རི་བོ་རྩེ་ལྔ་དང༌། །དམུ་རྡོ་ལྷ་གཉན་གནས་མཆོག་གཉིས། །ཉག་ཐག་གཅིག་ཏུ་འབྲེལ་བའོ། །འདི་ལས་ལྷག་པའི་གནས་མཆོག་ནི། །གངས་ཅན་བོད་ལ་ངོས་མ་མཐོང༌། །གང་མཇལ་བར་དོའི་འཕྲང་འཇིགས་སེལ།། ཞེས་གསུངས་སོ། སྤེ་བོན་ཐོག་འཕྲུལ་གྱིས་གསུངས་པ། །གནས་བྲག་དཀར་ཁྱུང་རྫོང་བོན་གྱི་གནས། །བྲག་དམར་གཡུ་བུན་མཛོད་ཀྱི་གནས། །རྟ་སྒོ་གངས་རི་གཏེར་གྱི་གནས། །དང་ར་བང་ལྔ་སྦས་པའི་གནས། །མཚོ་མོ་ཁྱུང་གཤོག་རྟེན་གྱི་གནས། །གནས་འདི་རྣམས་མཇལ་བའི་སྐལ་ལྡན་རྣམས། །སྐྱེ་བླ་ན་མེད་པཧ་ལེན་མངོན་སངས་རྒྱས།། ཞེས་གསུངས་སོ། སྤེ་བོན་ཐོག་རྩེས་གསུངས་པ། །གནས་འཐུག་པོ་བཀོད་པ་མན་ཆད་ནས། །ཐུགས་སྤྲུལ་བོན་རི་ཡན་ཆད་དུ། །རིག་འཛིན་མཁའ་འགྲོ་ཐམས་ཅད་ཀྱིས། །ཚོགས་ཁང་འདི་ལ་ཡངས་པ་མེད། །བྱིན་རླབས་འདི་ལས་ཆེ་བ་མེད། །གཏེར་ཁ་ལས་མང་བ་མེད། །སྒྲུབ་ཐག་འདི་ལས་ཉེ་བ་མེད། །མཆོག་ཐུན་རྫོགས་པའི་གནས་ཆེན་ཡིན། །འདི་ཉིད་མཇལ་ཞིང་ཐོས་པ་རྣམས། །ངན་སོང་གསུམ་ལ་སྐྲག་མི་དགོས།། ཞེས་གསུངས་སོ། སྟོང་རྒྱུང་མཐུ་ཆེན་གྱིས་གསུངས་པ། །ཧ་ཧ་ཕཊཿཀྱིས་ཀླུ་དབྱངས་ལེན། །ཧཱུཾ་ཧཱུཾ་རིག་པའི་ལྕགས་ཀྱུས་བཟུང༌། ། ཕཊཿཕཊཿལོག་པར་ལྟ་བ་སྒྲོལ། ། གནས་ཁྱུང་རྫོང་བྲག་དཀར་བྱ་བ་འདི། །སྔོན་རིག་འཛིན་ཐམས་ཅད་བཞུགས་པའི་གནས། །གཡུང་དྲུང་བོན་གྱི་གསང་མཛོད་ཡིན། །དུས་མཐའི་རིག་འཛིན་ཐམས་ཅད་ནི། །འདི་ནས་འོལ་མོ་ལུང་རིང་དུ། །རྫུ་འཕྲུལ་མཁའ་ལ་འཕུར་གནས་ཡིན། །བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ། །ཐམས་ཅད་འདི་ལ་ལེགས་པར་རྫོགས། །གནས་མཆོག་དམ་པ་འདི་ཉིད་ལ། །ཡོད་ཚུལ་ཟུར་ཙམ་འདི་ལ་ཉོན། །ཤར་གྱི་བྲག་ལ་ཚེ་བུམ་བདུན། །ལྷོ་བྲག་སྲིན་པོའི་མིག་འདྲ་བ། །མདུན་ནས་མཐའ་དམག་བཟློག་པའི་གནས། །ལྷོ་ནུབ་བླ་མ་ལི་ཤུ་ཡི། །འདྲ་སྐུ་གསལ་བར་ཡོད་པ་ཡིན། །དེ་རུ་སྙན་རྒྱུད་གསང་བའི་བོན། །བདེ་ལམ་གྱི་ཁྲོལ་རྒྱུད་ཡོད། །བྱང་དུ་ཅོ་ཟའི་ཞབས་རྗེས་ལ། །ངན་སོང་དོང་སྤྲུགས་འཁོར་ལོ་ཡོད། །ལྷོ་ཤར་བྲག་དམར་རྟ་ཁྲོམ་ལྡེབས། །སྟག་ལ་མེ་འབར་སྐུ་གཟུགས་རྣམས། །བྲག་ལ་རང་བྱོན་གསལ་བར་ཡོད། །གང་མཇལ་བདུད་རྩིའི་གནས་རྣམས་ཡོད། །ཤར་དུ་བྲག་དམར་ལང་འདྲ་ལ། །སྟོང་རྒྱུང་ང་ཡི་སྣ་རུ་ཡོད། །འོལ་མོ་ལུང་རིང་དཀར་ཆག་ཡོད། །ཕ་བོང་རལ་གྲི་འདྲ་བའི་ནང༌། །མཐའ་དམག་བཟློག་པའི་མཚོན་ཆ་ཡོད། །བྲག་སྦྲང་ཚང་འདྲ་བའི་ནང་ཤད་ན། །བསྐལ་བཟང་༼ཡིག་༽འབྲུ་ཆ་བདུན་ཡོད། །ཕྱི་ལ་བཀའ་རྟགས་རི་མོ་ཡོད། །སྦས་པའི་གསང་གཏེར་མང་ཡོད་ཀྱང༌། །དུས་ལ་མ་བྱེ་བྲག་སྨྲ་བ་མི་རུང༌། །བཤད་པ་འདི་རྣམས་མ་བརྗེད་པ། །ཕྱི་རབས་ཀུན་ལ་དེ་སྐད་སྒྲོགས། །དེ་ལྟར་གནས་ཆེན་འདི་ཉིད་ལ། །ཞལ་མཇལ་ཐོབ་པའི་མི་རྣམས་ལ། །ཚེ་རབས་བསགས་པའི་སྒྲིབ་པ་སྦྱངས། །ཕྱག་དང་བསྐོར་བ་བྱེད་པ་རྣམས། །ངན་སོང་གནོན་ཞིང་མཐོ་རིས་ཐོབ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི། །ཚོགས་གཉིས་ཡོངས་རྫོགས་བོན་སྐུ་ཐོབ། །མར་མེ་མཆོད་པ་ཕུལ་བ་རྣམས། །ཡི་དྭགས་ གནས་ནས་ཐར་བར་འགྱུར། །ཚན་ཆབ་སྐུ་ཁྲུས་གསོལ་བ་རྣམས། །བྱོལ་སོང་གནས་ནས་ཐར་བར་འགྱུར། །ལྷ་བསང་མཆོད་པ་ཕུལ་བ་རྣམས། །བྲེལ་ཕོངས་གནས་ནས་ཐར་བར་འགྱུར། །མེ་ཏོག་མཆོད་པ་ཕུལ་བ་རྣམས། །ལྷ་མིན་གནས་ནས་ཐར་བར་འགྱུར། །གནས་འདིར་ལན་གཅིག་བསྐོར་བས་ནི། །བར་དོའི་གནས་ནས་ཐར་བར་འགྱུར། །གནས་འདིར་མཚམས་བཞུགས་བྱེད་པ་ཕུ་ནུ་མོས། །དུག་གསུམ་སྒྲིབ་པ་མ་ལུས་དག །གནས་འདིར་ཕྱག་དང་བསྐོར་བ་དང༌། །ཚོགས་དང་མཆོད་འབུལ་གསོལ་འདེབས་དང༌། །མར་མེ་མཆོད་པ་ཕུལ་བ་རྣམས། །ཕྱི་མར་བར་དོའི་འཕྲང་ལས་གྲོལ། །འདི་རུ་རྐྱེན་ངན་བར་ཆད་ཞི། །གནས་དང་ར་ཁྱུང་རྫོང་བྱ་བ་ལ། །ཡིན་ཏན་བརྗོད་ན་བསམ་མི་ཁྱབ། །བརྗོད་པ་བློ་ཡི་མེ་ལོང་ངོར། །ཟུར་ཙམ་འདི་ལ་ཕྱི་རབས་ཀྱིས། །དད་མོས་མཛོད་ཅིག་ཐུགས་ལ་ཞོག། ཅེས་གསུངས་སོ། ཁོ་བོ་སྣང་ཞིག་འདུལ་བ་རྒྱལ་མཚན་གྱིས། །ཉམས་སྣང་ཡི་གེར་བཀོད་པ་རྫོགས་སོ། ། ། །
༼རེབ་གོང་བོན་མང་༽དྲ་བ་ལས་བཤུས་པའོ། །