ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> གནས་མཆོག་ཤང་ལོང་བྲག་དཀར།
གནས་མཆོག་ཤང་ལོང་བྲག་དཀར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།] [ཟླ་ཚེས། 12-03-07] [ཀློག་གྲངས། ]

གནས་མཆོག་ཤང་ལོང་བྲག་དཀར་གྱི་གནས་ཡིག་འབེལ་གཏམ་བདེ་ཆེན་བགྲོད་པའི་ལམ་བཟང་བཞུགས།

འོག་མིན་དབྱིངས་སུ་ཀུན་བཟང་གཤེན་ལྷ་འོད། །རྩ་གསུམ་གནས་སུ་འཆི་མེད་གཙུག་ཕུད་རྗེ། །
འོལ་མོའི་གླིང་དུ་སྟོན་པ་གཤེན་རབ་ཞབས། །གསང་གསུམ་སྟོན་མཆོག་རྣམས་ལ་གུས་པས་འདུད། །
སྲིད་གསུམ་ཟིལ་གནོན་གསང་བ་འདུས་པ་དང་། །ཁམས་གསུམ་དབང་སྡུད་སྟག་ལ་མེ་འབར་དང་། །
ས་གསུམ་བྱེད་པོ་ལྷ་ཀླུ་མི་ཡི་གཤེན། །ཐེག་གསུམ་བསྟན་པའི་མངའ་བདག་རྣམས་ལ་བསྟོད། །
གངས་ཅན་མགོན་པོ་སྣང་བ་མདོགཅན་དང་། །རིག་འཛིན་ཆན་པོ་ལྕེ་ཚ་མཁར་བུ་དང་། །
སྙིགས་དུས་མགོན་པོ་དྲན་པ་ཡབ་སྲས་གསུམ། །ཞང་བོད་གྲུབ་ཆེན་རྣམས་ལ་དད་ཕྱག་བརྩེགས། །
འཛམ་གླིང་བླ་མ་སངས་རྒྱས་གླིང་པའི་དཔལ། །གཏེར་སྟོན་རྗེ་བོ་གསང་སྔགས་གླིང་པ་དང་། །
བཀའ་དྲིན་སུམ་ལྡན་དྲིན་ཆེན་བླ་མ་གསུམ། །དབྱེར་མེད་ལྷ་མཆོག་རྣམས་ལ་ཕྱག་འཚལ་ལོ། །
གནས་དང་ཡུལ་གྱི་དཔལ་བོ་རྣལ་འབྱོར་མ། །ཊཀྐི་དམ་ཅན་གཏེར་བདག་བོན་སྐྱོང་ཚོགས། །
མ་ལུས་དགྱེས་ཞལ་གཡོ་བའི་འཛུམ་སྟོན་བཞིན། །ཚུལ་འདིར་བཀའ་ཡི་གནང་བ་སྩོལ་དུ་གསོལ། །
གངས་ལྗོངས་ས་ཡི་ཐིག་ལེ་མདོ་ཁམས་དབུས། །མི་ཕམ་ཉག་ཤོད་ཨ་འཛི་རོང་དུ་ཡུལ། །
སྐུ་གསུང་ཐུགས་ཀྱི་གནས་མཆོག་རྣམ་གསུམ་ལས། །ལྷང་ལྷང་བྲག་གི་གནས་ཡིག་འདི་ན་འཁྲོལ། །
ཐོག་མ་ཤང་ལོང་བྲག་དཀར་འབྱུང་ཁུངས་ནི། །སྔོན་ཚེ་མི་ལོ་ཁྲི་ཕྲག་སྔ་རོལ་དུ། །
འབྱུང་ལྔའི་སྙོང་པོ་ལས་བྱུང་སྒོ་ང་ལས། །ཕྱི་ནང་སྣོད་བཅུད་གྲོལ་བའི་བཅུད་ལས་བྱུང་། །
ལྷ་རྒོད་ཡབ་ཡུམ་ཁྲི་ལྡེ་ལསུམ་པའི་གདུང་། །སྲིད་པའི་ལྷ་རབས་གཉན་ལས་གྲོལ་བའི་རྒྱུད། །
ཁ་བ་ལུང་རིང་ལྷང་ལྷང་བྲག་དཀར་དང་། །སྐྱོབ་འབྱིན་སེང་ནག་ལྷ་རབས་གཉན་བུ་གསུམ། །
འཇིག་རྟེན་སྟོབས་ལྡན་ཡབ་བླ་བདལ་དྲུག་གིས། །གསང་ཅན་ཉག་རོང་ཡུལ་དུ་སྲུང་མར་བསྐོས། །
རྒྱལ་བའི་སྐུ་གསུང་ཐུགས་ཀྱི་གནས་ཆེན་གསུམ། །རྣམ་སྣང་སྐུ་ཡི་གནས་ཆེན་ཁ་བ་ལུང་། །
མི་དཀར་གཡུང་དྲུང་ཆག་ཤིང་བུམ་པ་འཛིན། །རྟ་དཀར་ཆིབས་ཅིང་ཕྱོགས་བཅུ་བསྟན་པ་སྲུང་། །
སྨྲ་སེང་གསུང་གི་གནས་ཆེན་ལྷང་ལྷང་བྲག ། །མི་དཀར་འདུལ་ཆས་བུམ་པ་རྒྱལ་མཚན་འཛིན། །
རྟ་དཀར་ཆིབས་ཅིང་བསྟན་པའི་བདག་གཉེར་བྱེད། །གསང་བདག་ཐུགས་ཀྱི་གནས་ཆེན་ལྕགས་མདུད་སྲིབས། །
སྐུ་མདོག་དམར་སྨུག་རྒྱལ་མཚན་བུམ་པ་འཛིན། །རྐྱང་ནག་ཁ་དཀར་བཅིབས་ཤིང་བསྟན་པ་བསྲུང་། །
ཕྱག་མཚན་ཆིབ་པ་མ་གངེས་སྣ་ཚོགས་གསལ། །

གནས་འདིར་བྱིན་གྱིས་བརླབས་པའི་ཚུལ་ལ་ནི།
གསུང་གི་གནས་ཆེན་ཤང་ལོང་བྲག་དཀར་ནི། །ལྷ་ཡི་དབང་པོ་བརྒྱ་བྱིན་བཀའ་བཞིན་དུ། །
ཉག་ཡུལ་བྱོན་པའི་རྒྱུད་ལས་ལྷ་རིགས་དང་། །བདུད་བཚན་སྡེ་བརྒྱད་ཆོ་འཕྲུལ་གཡོ་བའི་ཚེ། །
སྟོན་པ་འཆི་མེད་གཙུག་ཕུད་གསང་འདུས་དང་། །སྟག་ལ་མེ་འབར་ལྷ་ཀླུ་མི་གསུམ་གྱི། །
གཤེན་རབ་རྣམས་ཀྱིས་བཀའ་ཡི་འཁོར་ལོ་བསྐོར། །དབང་བསྐུར་གཟེངས་བསྟོད་བྱིན་གྱིས་བརླབས་པར་མཛད། །
དེ་རྗེས་བོད་ཡུལ་མདོ་ཁམས་ཤོད་ཆེན་ལ། །ལྷ་སྲིན་གདུག་པའི་ཟ་ཁ་དར་བའི་ཚེ། །
གཤེན་པོ་སྣང་བ་མདོག་ཅན་བྱིན་གྱི་བརླབས། །ཕྱོགས་བཅུ་བསྟན་པ་བསྲུང་བའི་དབང་ཆེན་བསྐུར། །
དེ་རྗེས་བོད་རྒྱལ་གྲི་གུམ་བཚད་པོ་ཡིས། །བོན་བསྟན་བསྣུབས་སྐབས་ལྕེ་ཚ་མཁར་བུ་སོགས། །
གྲུབ་ཐོབ་དུ་མ་གནས་འདིར་ཞབས་བཅགས་ནས། །གནས་སྒོ་འབྱེད་པའི་ལུང་བསྟན་བྱིན་གྱིས་བརླབས། །
ཁྱད་པར་སྙིགས་པའི་འགྲོ་བའི་མགོན་པོ་མཆོག །འཆི་མེད་དྲན་པ་ཡབ་སྲས་གསུམ་བཅས་ཀྱིས། །
ཞབས་བཅགས་བཀའ་དམ་བཞག་ཅིང་གཟེངས་བསྟོད་བྱས། །ཞྭ་དཀར་བསྟན་པའི་རུ་མཚོན་མཁའ་ལ་ཕྱར། །
བོད་ཁམས་གདུག་འདྲེ་མདོ་སྨད་བདུད་སྲིན་རིགས། །བྲན་དུ་བཀོལ་ནས་སྔགས་ཀྱི་འདུ་བ་སྤེལ། །
དེ་རྗེས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས། །དྲན་པ་ནམ་མཁའ་གཡུང་དྲུང་མཐོང་གྲོལ་དང་། །
སྟོང་རྒྱུང་མཐུ་ཆེན་བེེ་རོ་ཙ་ན་སོགས། །གནས་འདིར་བྱོན་ནས་ཟབ་གཏེར་དུ་མ་སྦས། །
དེ་རྗེས་འཛམ་གླིང་བླ་མ་སངས་རྒྱས་གླིང་། །ཞིང་འདིར་བྱོན་ནས་གནས་སྒོ་འབྱེད་པའི་ཚེ། །
རྟགས་མཚན་ངོ་མཚར་ཅན་རྣམས་གཞན་དུ་གསལ། །ཁྱད་པར་གཏེར་སྟོན་སངས་རྒྱས་གླིང་པ་ཡིས། །
གནས་སྒོ་འབྱེད་པའི་དུས་ཀྱི་ཐོག་མ་ནི། །ཆུ་མོ་གླང་ལོ་ཧོར་ཟླ་ཚེས་བརྒྱད་ཉིན། །
གནས་རི་འདི་ཡི་མདུན་དྲུང་བྱོན་ནས་སུ། །བསང་བརྔན་ཆེན་པོ་ཕུལ་བ་ལེགས་པའི་སྐབས། །
ཊཀྐི་རྣམས་ཀྱིས་ལུང་བསྟན་གནས་ཞལ་མཇལ། །མ་དང་མཁའ་འགྲོ་བོན་སྐར་ཚུལ་དུ་བྱོན། །
དེར་བཞུགས་བླ་གྲྭ་ཀུན་གྱིས་མཐོང་ཡུལ་གྱུར། །བླ་མས་ཟབ་གཏེར་མང་དུ་བཞེས་ནས་སུ། །
མ་འོངས་འགྲོ་དོན་འབྱུང་བའི་སྒོ་འཕར་ཕྱེས། །དེ་རྗེས་དབལ་གཏེར་གསང་སྔགས་གླིང་པ་མཆོག །
གནས་འདིར་ཞབས་བཅག་ཟབ་གཏེར་མང་དུ་བཞེས། །གནས་བསྟོད་བྱིན་བརླབས་སྣ་ཚོགས་མཛད་རྗེས་སུ། །
སྒྲུབ་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད། །ཆོས་རྗེ་པད་མ་བདུད་དཔུང་འདུལ་བ་དང་། །
ཉག་གཏེར་གསང་སྔགས་གླིང་པ་མཆོག་གཉིས་དེར། །གནས་སྐོར་ཕེབས་དུས་ཐུན་མོང་མཐོང་སྣང་དུ། །
མ་དང་མཁའ་འགྲོས་བོན་སྐོར་བྱེད་པར་གཟིགས། །གནས་འདིར་ཞང་བོད་རིག་འཛིན་དུ་མ་ཡིས། །
བྱིན་རླབས་མཛད་ཅིང་བོན་རི་མངའ་ཡང་གསོལ། །བོན་བསྟན་ཕྱོགས་བཅུར་སྤེལ་བའི་ཕྲིན་ལས་བཅོལ། །
བླ་ཆེན་དྲན་པ་ནམ་མཁའ་བྱིན་བརླབས་གནས། །ལྷང་ལྷང་ནོར་བུ་ཡང་རྩེ་གནས་བརྒྱ་འདུས། །
གཏེར་སྟོན་སངས་རྒྱས་གླིང་པའི་རྣམ་ཐར་ལས། །རི་བོ་དུང་སེང་གནམ་དུ་མཆོང་བ་འདྲ། །
བཀོད་པ་རྣམ་པ་དུ་མ་འཆར་བ་ལ། །གནས་ཆེན་འདི་ལ་བཀོད་པ་བཅུ་གསུམ་ཡོད། །
ཅེས་སོགས་ལུང་གི་དགོངས་དོན་ཅི་བཞིན་བཀྲོལ། །གནས་མཆོག་ལྷང་ལྷང་ནོར་བུ་ཡང་རྩེ་འདི། །
རི་བོ་གཅིག་ལ་རྩེ་མོ་གསུམ་རྡོལ་བ། །ཕྱོགས་བཅུའི་སངས་རྒྱས་འདུ་གནས་སྐུ་གསུམ་ཞིང་། །
ཡོངས་སུ་ཕུད་གྱུར་རྩེ་མོ་གསུམ་འབྱུང་བ། །གནས་གསུམ་སྐུ་གསུམ་ཞིང་གི་ཚབ་ཡིན་གསུངས། །
རྩེ་མོ་གོང་མ་འོག་མིན་ཞིང་གི་ཚབ། །ཀུན་བཟང་གཤེན་ལྷ་འོད་དཀར་གཙོ་འཁོར་བཀྲ། །
རྩེ་མོ་བར་མ་རྩ་གསུམ་གནས་ཀྱི་ཚབ། །སྟོ་པ་འཆི་མེ་གཙུག་ཕུད་བྱིན་རླབས་གནས། །
རྩེ་མོ་ཐ་མ་ཞང་ཞུང་འོལ་གླིང་ཚབ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཞབས་རྗེས་གསལ། །
གནས་ཆེན་འདི་ལ་འཚོགས་པ་བརྒྱད་ཡོད་པ། །རྩེ་ལ་བླ་མ་རིག་འཛིན་ལྷ་ཚོགས་འཚོགས། །
མགུལ་ལ་མ་སྲིང་མཁའ་འགྲོའི་ལྷ་ཚོགས་འཚོགས། །སྐེད་པ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་འཚོགས། །
ལྟེ་བ་དམ་ཅན་ཞིང་སྐྱོང་ལྷ་ཚོགས་འཚོགས། །རྩ་བ་དུར་ཁྲོད་ཀིང་ཆེན་ལྺ་ཚོགས་འཚོགས། །
ཕྱི་རོལ་དཔལ་མགོན་ཡུལ་ས་ལྷ་ཚོགས་འཚོགས། ། ནང་རོལ་གནས་བདག་གཏེར་སྲུང་ལྷ་ཚོགས་འཚོགས། །
གསང་བ་འཇིག་རྟེན་དྲེགས་ལྡན་ལྷ་ཚོགས་འཚོགས། །ཁྱད་པར་ཚོགས་ཀྱི་འཁོར་ལོ་ལྔ་ཡོད་ལ། །
དབུས་ཕྱོགས་ནོར་བུ་སྤུངས་པའི་བྲག་རི་ལ། །ན་དང་མཁའ་འགྲོ་རྒྱ་མཚོའི་ཚོགས་ཁང་ཡོད། །
ཤར་ཕྱོགས་ཤེལ་གྱི་མཆོད་རྟེན་བཀོད་འདྲ་ལ། །གཡུང་དྲུང་མཐོང་གྲོལ་དང་ནི་ལྩེ་ཚ་ཡི། །
སྐུ་དང་རིག་འཛིན་རྒྱ་མཚོའི་ཚོགས་ཁང་ཡོད། །སྐུ་གཟུགས་མཆོད་རྟེན་བརྒྱ་རྩ་གཏེར་ཁ་ཡོད། །
གཏེར་བདག་མཁའ་འགྲོ་སེང་གདོང་ཅན་ལ་གཏད། །བྱང་ཕྱོགས་དར་ཆེན་མཁའ་ལ་འཕྱར་འདྲ་ལ། །
རྒྱལ་བརྒྱ་མཚོ་དང་ནི་བོན་སྐྱོང་སྡེའི། །སྐུ་དང་དམ་ཅན་རྒྱ་མཚོའི་ཚོགས་ཁང་ཡོད། །
དྲག་པོ་ལས་ཚོགས་གཏེར་ཁ་དུ་མ་ཡོད། །ཞང་བོད་གྲུབ་ཐོབ་བརྒྱད་ཅུ་རང་བྱོན་ཡོད། །
ནུབ་ཕྱོགས་རིན་ཆེན་བུམ་པ་བཀོད་འདྲ་ལ། །གསང་བ་འདུས་པ་དང་ནི་རྣམ་དག་གི།
སྐུ་དང་ནོར་ལྷའི་ཚོགས་ཀྱི་ཚོགས་ཁང་ཡོད། །ཤེལ་གྱི་ནོར་ལྷ་མཆེད་བརྒྱད་གཙོ་འཁོར་དང་། །
དབང་གི་ལས་ཚོགས་གཏེར་ཁ་བརྒྱ་རྩ་ཡོད། །ལྷོ་ཕྱོགས་དུང་སེང་ཕོ་མོ་རྩེད་འདྲ་ལ། །
འཆི་མེད་གཙུག་ཕུད་དང་ནི་དྲན་པ་ཡི། །སྐུ་དང་སྣ་ཚོགས་བཀོད་པའི་ཚོགས་ཁང་ཡོད། །
དྲན་པ་ཡབ་སྲས་བེེ་རོ་ཙ་ན་སོགས། །སྦས་པའི་ཞི་རྒྱས་ལས་ཚོགས་གཏེར་ཁ་ཡོད། །
གནས་འདིར་གནས་འདུས་ཆེན་མོའི་དུས་ཚོད་ནི། །གནས་མཆོག་འདི་དག་འཁོར་བ་མ་སྟོང་བར། །
འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་པར་ཡིན། །ཁྱད་པར་གནས་འདུས་འབྲུག་ལོ་ལོ་གཅིག་ཡིན། །
ལྷག་པར་གནས་འདུས་ཆེན་པོ་ཞེས་པ་ནི། །འབྲུག་ལོའི་གླང་ཟླ་ཡར་ཚེས་བཅུ་གསུམ་ནས། །
ཟླ་བ་གསུམ་གྱི་བར་དུ་གནས་འདུས་ཆེན། །འཛམ་གླིང་གནས་ཆེན་ཀུན་ཀྱང་འདི་ན་འདུས། །
བསགས་སྦྱོངས་བྱེད་ན་ཕན་ཡོན་ཆེ་བ་གསུངས། །

གནས་ཆེན་འདི་ལ་བསགས་སྦྱོངས་ཕན་ཡོན་ནི།
དུས་ཚོད་ཀུན་ལ་མཆོད་ཕྱག་ཕན་ཡོན་ཏེ། །རྩེ་སྐོར་གཅིག་ལ་བྱེ་ཆེན་གཅིག་དང་ནི། །
བར་སྐོར་གཅིག་ལ་བྱེ་ཆེན་བཞི་དང་ནི། །མཐའ་སྐོར་གཅིག་ལ་བྱེ་ཆེན་བདུན་དང་ནི། །
ཕྱི་སྐོར་གཅིག་ལ་དུང་ཕྱུར་གཅིག་དང་ནི། །ཕྱི་སྐོར་ཆེན་མོ་དུང་ཕྱུར་ལྔ་འགྱུར་གྱི། །
ཕན་ཡོན་ཡོད་པ་དཀར་ཆག་ནང་དུ་གསལ། །ཁྱད་པར་འབྲུག་ལོ་གནས་འདུས་ཆེན་པོ་ལ། །
རྩེ་གཅིག་གསོལ་བཏབ་ཀུན་སློང་རྣམ་དག་གིས། །རྩེ་སྐོར་གཅིག་ལ་དུང་ཕྱུར་བཅུ་གསུམ་དང་། །
བར་སྐོར་གཅིག་ལ་དུང་ཕྱུར་ཉེར་ལྔ་དང་། །མཐའ་སྐོར་གཅིག་ལ་དུང་ཕྱུར་ལྔ་བཅུ་དང་། །
ཕྱི་སྐོར་དུང་ཕྱུར་བརྒྱ་དང་བཅུ་གསུམ་གྱི། །དགེ་པའི་འགྱུར་ཡོད་རིག་འཛིན་གོང་མས་གསུངས། །
རྒྱུན་དུ་བསྐོར་ན་བྱེ་བ་གཅིག་ཏུ་འགྱུར། །དེ་ལྟར་སྦས་གནས་ལྷང་ལྷང་བྲག་དཀར་ལ། །
དད་ལྡན་ལས་འཕྲོ་ཅན་གྱི་སྐྱེས་བུ་རྣམས། །བསང་མཆོད་དར་ཅོག་ཕྱག་སྐོར་དགེ་བའི་འབྲས། །
གྲོང་ཡུལ་དགོན་གནས་གཞན་དུ་བྱེད་པ་ལས། །བསོད་ནམས་བརྒྱ་ཕྲག་སྟོང་གིས་ཆ་མི་ཉེ། །
ཐོས་བསམ་སྒོམ་དང་བསྙེན་བསྒྲུབ་ལས་བྱེད་ན། །མཆོག་དང་ཐུན་མོང་དངོས་གྲུབ་གཞན་ལས་མྱུར། །
རྩེ་གཅིག་གསོལ་བཏབ་དགེ་བ་བསྒྱུར་གྱུར་ན། །འདོད་པའི་དོན་འགྲུབ་སྒྲིབ་བྱང་ཚོགས་ཆེན་རྫོགས། །
ཁྱད་པར་ཚོགས་འཁོར་བྱས་ན་མཁའ་སྤྱོད་བགྲོད། །གཞན་ཡང་ལྷང་ལྷང་བྲག་གི་དཀར་ཆག་ལས། །
གནས་ཆེན་འདི་ལ་འབྱུང་བ་རྣམ་ལྔ་ཡོད༔ གཡས་སུ་སྐོར་བོན་སྐོར་བྱས་ན་མཆོག་ཐུན་དངོས་འགྲུབ་འབྱུང་། །
གུས་ཕྱག་འཚལ་ན་འདོད་པའི་ཚོགས་ཀུན་འབྱུང་༔ མཆོད་པ་བྱེད་ན་ཚོགས་རྫོགས་དངོས་འགྲུབ་འབྱུང་༔
ཐོས་བསམ་བྱས་ན་ཐོགས་མེད་ཤེས་རབ་འབྱུང་༔ བསྒྲུབ་པ་བྱེད་ན་སྐུ་གསུམ་ཡོན་ཏན་འབྱུང་༔
མདོར་ན་གསོལ་བ་གང་བཏབ་འགྲུབ་པར་ངེས༔ གནས་མཆོག་འདི་ཡིས་སེལ་བ་རྣམ་ལྔ་ཡོད། །
ཕྱག་སྐོར་བྱས་ན་ཉོན་ཤེས་སྒྲིབ་པ་སེལ། །བསྙེན་བསྒྲུབ་བརྩོན་ན་འཁོར་བའི་འཇིགས་པ་སེལ། །
ཞི་རྒྱས་དབང་དྲག་ལས་རྣམས་མཐར་ཕྱིན་ཞིང་༔ བོན་སྐྱོང་སྲུང་མ་བྲན་བཞིན་འཁོར་དུ་འདུས༔
མི་མཐུན་རྐྱེན་བགེགས་བཟློག་ཅིང་བསམ་དོན་འགྲུབ༔ མཐོང་ཐོས་གྲོལ་རྒྱུད་བྱང་ཆུབ་ས་བོན་ཐེབས་༔
མཐར་ཐུག་བོན་སྐུའི་གོ་འཕང་ཐོབ་པར་ངེས། །ཞེས་དང་སངས་རྒྱས་གླིང་པའི་རྣམ་ཐར་སོགས། །
ཚད་གསུམ་ལུང་དང་འབྲེལ་ལ་བསླུ་མི་སྲིད། །གནས་འདི་སྐོར་བའི་ཚད་ནི་དཀར་ཆག་ལས། །
རབ་ནི་རྩེ་སྐོར་སྟོང་དང་བར་སྐོར་བརྒྱ། །མཐའ་སྐོར་བཅུ་དང་ཕྱི་སྐོར་གཅིག་ཡིན་གསུངས། །
འབྲིང་ནི་རྩེ་སྐོར་ལྔ་བརྒྱ་བར་སྐོར་ནི། །ལྔ་བཅུ་མཐའ་སྐོར་གཅིག་ཡིན་བླ་མས་གསུངས། །
ཐ་མ་རྩེ་སྐོར་བརྒྱ་དང་བར་སྐོར་བཅུ། །ཅེས་སོགས་དཀར་ཆག་འཐོར་མའི་ནང་དུ་གསལ། །
གནས་ཀྱི་དཀར་ཆག་འབེལ་གཏམ་བདེ་ཆེན་གྱི། །ལམ་བཟང་ཚུལ་འདི་བཀོད་པའི་རྣམ་པ་ལ། །
མ་རྟོགས་ལོག་སྡེབ་བསྐྱར་བཟློའི་དྲི་མ་ཀུན། །མཆོག་གསུམ་སྤྱི་དང་བྱེ་བྲག་བླ་མ་དང་། །
སྲུང་མ་དམ་ཅན་རྣམས་ལ་བཤགས་པ་འབུལ། །འདི་བརྩམས་དགེ་འབྲས་བོན་བསྟན་ས་སྟེང་ཁྱབ། །
བསྟན་འཛིན་སྐྱེས་བུ་ཐུགས་མཐུན་ཁྲིམས་གཙང་ཞིང་། །བཤད་སྒྲུབ་གཤེན་བསྟན་ཉི་བཞིན་རྒྱས་པ་དང་། །
མ་གྱུར་འགྲོ་རྣམས་བོན་སྐུ་ཐོབ་ཕྱིར་བསྔོ། །

ཞེས་པ་འདི་ནི་དབལ་ཁྱུང་་དགོན་པའི་བླ་མ་ཀུན་སྤངས་བྱ་བྲལ་ཆེན་མོ་གཡུང་དྲུང་དོན་འགྲུང་ཀྱིས་བཀའ་ནན་སྤྱི་བོར་ལན་མང་བབས་པ་མ་བཟློག་ཙམ་དུ་ཆོས་རྗེ་སེང་གེ་དབང་ཕྱུག་གི་ཡང་སྲིད་གཡའ་དྲུག་རིག་འཛིན་ཉི་མ་བདག་གིས་གནས་ཡིག་འཐོར་མ་ཞིག་དང་། སངས་རྒྱས་གླིང་པའི་རྣམ་ཐར་དང་། དཀར་ཆག་མདོར་བསྡུས་སོགས་བོན་པོའི་རང་ལུགས་ལ་བསྟེན་ནས་སྦྱར་རོ། །བཀྲ་ཤིས་སོ། ། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག