ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> རབ་ལེགས་གཡུང་དྲུང་གླིང་།
རབ་ལེགས་གཡུང་དྲུང་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྔ་བ་ཕུན་ཚོགས་རྣམ་རྒྱལ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]


 

      ཐེག་ཆེན་གཡུང་དྲུང་བོན་གྱི་འབྱུང་གནས་རྟག་གཟིགས་ཀྱི་ནང་བཅུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན། མཁའ་འགྱིང་གཉེན་གྱི་གདུང་ལས་གྲོལ་བའི་གཉེན་ཁྱུང་རིམ་རྒྱལ་བ་ནས་བཟུང་གདུང་རབས་མུ་ཏིག་གི་ཕྲེང་བ་ལྟར་རིམ་པར་བརྒྱུད་དེ་ཞང་ཞུང་སྒོ་པའི་གཤེན་པོ་སད་ནེ་གའུ་ཞེས་སྐུ་སྟོད་རྒོད་ཀྱི་གཤོག་པ་དང་། སྐུ་སྨད་སྟག་གི་ཤམ་ཐབས། རྐེད་པར་འཕྲུལ་ཡིག་བཞི་བཅུ་ཡོད་པ། ཚེ་ལ་རང་དབང་ཐོབ་པའི་གཤེན་པོ་དེ་ཉིད་ལ་ཐུག རིག་འཛིན་དམ་པ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་རྣམས་ཐར་ལམ་ལ་འདྲེན་པའི་དོན་དུ་གདུང་རྒྱུད་དུས་མཐའི་བར་དུ་བཞག་པ་ལས། བླ་མ་ཞུ་སྒོམ་འཁྲུལ་ཞིག་གིས་ས་ལེ་འོད་རིན་ཆེན་ཁྱུང་གི་སྒྲུབ་པ་བཀའ་བསྩལ་བ་བཞིན་བསྒྲུབས་ནས་གྲུབ་རྟགས་སུ་བྱ་རྒོད་དུ་སྤྲུལ་ནས་རྨ་གཉེན་ལྕགས་ཀ་ཕུག་ལ་སྟོད་རྩིབས་རི་རྩེ་བྲག་བར་དུ་ཉིན་བསྐོར་བྱས་པས་མཚན་ལ་བྱ་འཕུར་བློ་གྲོས་རྒྱལ་མཚན་ཞེས་སུ་གྲགས། གཤེན་ཆེན་ཀླུ་དགའི་གཏེར་ལུང་ལས། ༼དེའི་ཚེ་འཆི་མེད་ཁོད་སྤུངས་རོལ་པའི་གར། སྤྲུལ་སྐུ་དོ་འཕགས་སྣང་ཞིག་ཆེན་པོར་འཁྲུངས། ཤེལ་ལ་ཤེལ་ཞིག་འབྲུ་ལ་འབྲུ་ཞིག་གིས། གངས་རིའི་ཁྲོད་འདིར་སྐྱེ་དགུ་གཏན་བདེར་བཀོད། ༽ཅེས་གསུངས་པ་ལྟར་རོ། འཁྲུལ་སྣང་དབྱིངས་སུ་ཞིག་པའི་རིག་འཛིན་དམ་པ་སྣང་ཞིག་བློ་གྲོས་རྒྱལ་མཚན་དང་ཡུམ་ཉི་མ་འབུམ་གཉིས་ལ་རབ་བྱུང་ས་འབྲུག་ལོར་སྲས་གཅིག་འཁྲུངས། མཚན་ལ་སྣང་ཞིག་ཡོན་ཏན་རྒྱལ་མཚན་གསོལ། དམ་པ་དེ་ཉིད་འཛམ་གླིང་གནས་ཆེན་དུ་མར་རྫུ་འཕྲུལ་གྱིས་ཞབས་བསྐྱོད་ནས་རིག་འཛིན་དུ་མའི་ཞལ་མཇལ་གདམས་ངག་མང་དུ་གསན་ཏེ། སྟོད་སྨད་ཕྱོགས་མཚམས་གནས་ཆེན་ཀུན་ཏུ་སྒྲུབ་པ་མཛད། ཁྱད་པར་དུ་དང་རའི་དོ་གླིང་དུ་གྲུབ་པ་བརྙེས་པས་མཚན་ལ་སྣང་ཞིག་དོ་འཕགས་ཆེན་པོ་ཞེས་སུ་གྲགས། ལུང་བསྟན་གསལ་བྱེད་འཁོར་ལོ་ལས། ༼མ་འོངས་བོན་བསྟན་ཉི་འོད་ཤར་བའི་ཚེ། ། དབང་ལྡན་རྨ་རྒྱལ་མདུན་དུ་བསྟན་པ་ཆགས། ། བསྟན་སྦྱིན་ཨ་ཡི་མིང་གི་ཞབས་ནས་འདེགས། ། མདོ་སྨད་སྤྲུལ་སྐུ་སྣང་ཞིག་ཅེས་སུ་གྲགས། ། ༽ཞེས་དང་། ༼དེའི་རྒྱུད་འཛིན་སྐྱེས་ཆེན་ཕྲེང་ལྟར་བཞིན། ། ལྷད་དང་རྒྱུད་ན་བར་ཆད་གཏན་མི་འབྱུང་། ། བསྟན་འགྲོར་ཕན་བདེ་དོན་གཉིས་རླབས་ཆེན་མཛད། ། ༽ཅེས་གསུངས་པ་ལྟར། སྣང་ཞིག་དོ་འཕགས་ཆེན་པོ་མདོ་སྨད་ཕྱོགས་སུ་ཕེབས་ནས་འདྲེན་སྟོན་བྱས་པར་ཨ་མདོ་ཁྲི་སྐོར་མང་པོའི་སྦྱིན་བདག་བྱས་ནས་བསྟན་པ་རྒྱ་ཆེར་སྤེལ།
      ཁྱད་པར་དུ་རྔ་ཡུལ་དུ་ཕེབས་ནས་རྔ་ཡུལ་གྱི་ཡུལ་ས་གཞི་བདག་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བསྐོས། དེ་རྗེས་གཏེར་བདག་སྦང་གི་མདུན་དུ་ཁྲི་གདན་ནོར་བུའི་ཡང་རྩེར་བཞུགས་སྐབས། ཤར་རྐྱང་འཕགས་ཀྱི་གདན་ས་ནས་མཁའ་འགྲོ་འོད་ལྡན་འབར་མའི་རྣམ་སྤྲུལ་རྐྱང་བཟའ་གཡུ་སྒྲོན་ནམ། ཨ་མ་ཞིག་མོ་བྱ་ལྟར་འཕུར་ཏེ། ཁྲི་གདན་ནོར་བུའི་ཡང་རྩེའི་མདུན་དུ་བབས་ནས་མཆོད་པ་སྣ་ཚོགས་ཕུལ་ཏེ་བསྟོད་ཚིག་ནི། ༼དམིགས་མེད་མཁྱེན་བརྩེའི་གཏེར་ཆེན་ཀུན་ཏུ་བཟང་། ། ཤེས་བྱ་ཀུན་གསལ་བླ་ཆེན་དྲན་པའི་ཐུགས། ། མཁྱེན་བརྩེ་ཀུན་ཁྱབ་སད་ནེ་གའུ་ཡི། ། རིགས་རྒྱུད་བྱིན་རླབས་རྒྱལ་སྲས་འགྲོ་བའི་མགོན ། ། རྒྱལ་བ་དོ་འཕགས་ཆེན་པོར་གསོལ་བ་འདེབས། ། ༽ཞེས་དང་། ལྷ་ཀླུ་གཞི་བདག་སོགས་ཀྱང་དགའ་ཞིང་དགྱེས་ཚུལ་གྱིས་ཆར་འབེབ་པ་དང་། འཇའ་ཤར་འབྲུག་གྲག་པ་སོགས་ངོ་མཚར་ཆེ་བའི་་རྟགས་སྣ་ཚོགས་དང་བཅས་ཏེ། མདོ་སྨད་ཨ་མ་ཞིག་མོའམ་རྐྱང་བཟའ་གཡུ་སྒྲོན་སྒྲུབ་པའི་གྲོགས་སུ་བསྟེན། ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་བྱ་ཆེན་ཉི་མ་འཛིན་གྱིས་ཡབ་དོ་འཕགས་ཆེན་པོའི་གཟིགས་དགོངས་བཞིན་དངུལ་གཞུང་དཀྱིལ་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ཞེས་སྒྲུབ་སྡེ་སེར་ཚོགས་ཀྱི་གཞི་བཟུང་ནས་བསྟན་པ་རྒྱ་ཆེར་སྤེལ། དེང་སྐབས་གླིང་དེའི་མིང་ལ་སྣང་ཞིག་སྒར་ཆེན་ནམ། སྣང་ཞིག་མ་དགོན་ཞེས་སུ་གྲགས། སྲས་འབྲིང་བ་ཨ་མདོ་ཤར་ཁོག་ཏུ་ཕེབས་ནས་ལྕགས་མདུད་དགོན་ཕྱག་བཏབ་ནས་བསྟན་པ་སྤེལ། སྲས་ཆུང་བས་འགྲོ་དོན་ཤར་ཁྲི་སྐྱོང་གི་ཕྱོགས་སུ་གཟིགས་ཚེ། མ་ཡུམ་གྱི་རྟེན་མཆོག་ཁྱད་པར་ཅན་བླ་ཆེན་དྲན་པ་ནམ་མཁས་བྱིན་གྱི་བརླབས་པའི་བཀའ་རྟགས་རིན་ཆེན་གཉིས་པ་ལས་གྲུབ་པའི་དངུལ་སྐུ་དྲན་པ་ནམ་མཁའ་གསུང་བྱོན་དང་། ཡབ་དོ་འཕགས་ཀྱི་འཕེལ་གདུང་བྱེའུ་སྐྱ་གའི་སྒོ་ང་ཙམ་ལོའི་གྲངས་སུ་གནང་། ཁོང་གིས་རྟེན་མཆོག་དེ་རྣམས་ཤར་ཁྲི་སྐྱོང་གི་ཕྱོགས་སུ་གདན་དྲངས་ཚེ། སྲས་དེ་ཉིད་ལ་རྟེན་གཙོ་དངུལ་སྐུ་དྲན་པ་ནམ་མཁའ་ཡོད་པས་མཚན་ཡང་དངུལ་སྐུ་ཚང་ཞེས་སུ་གྲགས། དམ་པ་དེ་ཉིད་ཀྱི་གདུང་ལས་གྲོལ་བའི་ཡབ་སྣང་ཞིག་ནོར་བུ་དང་ཡུམ་ཁ་ལེབ་བཟའ་སྐུ་རིག་གཉིས་ལ་དགེ་མཚན་གྱི་རྟགས་སྣ་ཚོགས་དང་བཅས་ཏེ། དུས་རབས༼༡༩༽པའི་མེ་ཕོ་འབྲུག་སྤྱི་ལོ་༼༡༨༠༧༽གྱི་ལོར་རིག་འཛིན་གྱེར་མི་ཉི་འོད་ཀྱི་རྣམ་སྤྲུལ་བཤད་སྒྲུབ་བསྟན་པའི་མངའ་བདག་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་མཚན་དཔེ་མངོན་པར་བཞད། དམ་པ་དེ་ཉིད་ཆུང་ནས་ཤེས་རབ་ཆེ་ཞིང་བརྩེ་སེམས་དང་། བདག་བས་གཞན་གཅེས་བྱང་སེམས་འཕགས་པའི་དགོངས་ནོར་བླ་མེད་རྒྱུད་ལ་ལྡན་པའོ། ། དེ་ནས་དགུང་ལོ་བཞི་ཙམ་གྱི་ཐོག་ལ་ཁྲ་ཆུང་ལུང་པའི་ཁར་ཕེབས་ནས་ཀླུ་བདུད་ནག་པོ་དམ་ལ་བཏགས་ཏེ་ཡུལ་ཁམས་བདེ་ལ་བཀོད། གནས་དེར་དམ་བཏགས་ཞབས་རྗེས་ཀྱང་ཡོད་པར་མངོན། དགུང་ལོ་དྲུག་ཕྱིན་ཚེ་སློབ་དཔོན་རུས་ཀྱི་གཅེན་པོ་རིན་ཆེན་གྱི་མདུན་ནས་འབྲི་འདོན་ཀློག་གསུམ་སོགས་སྦྱང་ཚུལ་ཙམ་གྱིས་ཐོགས་མེད་རང་གྲོལ་དུ་མཁྱེན། དགུང་ལོ་བཅུ་གསུམ་བཞེས་ཚེ་རྔ་ཡུལ་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཕེབས་ནས་ཨ་ཁུ་ཤེས་རབ་བློ་གྲོས་ཀྱི་ཞབས་ལ་གཏུགས་ཏེ། རབ་ཏུ་བྱུང་བ་དང་སྔོན་འགྲོའི་ཁྲིད་སོགས་གདམས་ངག་མང་དུ་ཞུས། དེ་རྗེས་དགུང་ལོ་བཅོ་ལྔའི་ཐོག་རྒྱ་ནག་གླང་ཆེན་འགྱིང་རི་ལ་ཕེབས་ནས་བླ་མ་ཚེ་དབང་རིག་འཛིན་གྱི་ཞལ་མཇལ། དགུང་ལོ་བཅུ་བདུན་ཐོག་ཨ་ཁུ་ཤེས་རབ་བློ་གྲོས་ཀྱི་བཀའ་བཞིན་འཛམ་གླིང་འདིར་མངོན་པར་འཕགས་པའི་ཞིང་མཆོག་ཁྱད་པར་ཅན་བཀྲ་ཤིས་སྨན་རིའི་གླིང་དུ་ཕེབས་ནས་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་ལམ་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོའི་ཞབས་ལ་བཏུགས་ཏེ་རབ་ཏུ་བྱུང་། དེ་ནས་བཟུང་རྗེ་ཉིད་ཀྱིས་དཔལ་ལྡན་བཀྲ་ཤིས་སྨན་རིའི་གླིང་གི་ཕྱི་ནང་ཀུན་གྱི་སྒྲིག་ཁྲིམས་དང་འགྲོ་འདུག་གི་བསླབ་བྱ། དཀྱིལ་འཁོར་ཕྱི་ནང་གསང་གསུམ་གྱི་ཐིག་ཚོན། གྱེར་གདངས་ཕྲིན་ནས་སོགས་སྦྱང་བ་མཐར་ཕྱིན་པར་མཛད། དེ་རྗེས་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་གྱི་བཀའ་བཞིན་འབྲས་བུ་སྐྱེད་ཚལ་དུ་ཕེབས་ནས་བཀའ་པོད་རྣམ་ལྔའི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྨྲ་བའི་དབང་པོར་གྱུར། དགུང་ལོ་ཉེར་ལྔའི་ཐོག་རབ་འབྱམས་པའི་མཚན་རྟགས་བཞེས་ནས་མཁས་མང་ཀུན་གྱིས་བླ་རུ་བཀུར། ཁྱད་པར་དུ་སྐུ་མདུན་ཤེས་རབ་དགོངས་རྒྱལ་གྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་པ་ནས་བཟུང་། ཤ་ཆང་སྒོག་ཙོང་ཕྱི་དྲོའི་ཁ་ཟས་སོགས་གཏན་ནས་སྤངས་ཏེ་སྲུང་ཁྲིམས་རྣམས་མིག་འབྲས་བཞིན་དུ་སྲུངས། གཞན་ཡང་དམ་པ་དེ་ཉིད་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཉིན་གཅིག་སྐུ་མདུན་ཤེས་རབ་དགོངས་རྒྱལ་གྱིས་གཡས་རུ་འོ་ཡུལ་མདར་དགོན་པ་ཞིག་ཆགས་ན་ལེགས་པར་དགོངས་ནས་སར་གཟིགས་ཚེ། རྒྱབ་རི་གནོད་སྦྱིན་ཁང་བཟང་གི་དབྱིབས་ལེགས་ཏོག་དང་ལྡན་པའི་ནང་ནས་མི་དཀར་པོ་ཞིག་གིས་ལྡེ་མིག་ཐུ་བ་གང་ཁུར་བྱུང་ནས། ༼འདི་ཁྱེད་ཀྱི་སྐལ་བ་ཡིན། འདི་མཁའ་འགྲོ་ཤེས་རབ་བློ་འཕེལ་གྱི་གསང་མཚན་དུ་ཕུལ་བས་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་སྐལ་བ་ཡིན། ། ༽ཞེས་ཟེར་ནས་ཕྱིར་ལོག་སྟེ་སོང་བ་རུ་སྣང་ངོ་། ། གཞན་ཡང་དྲན་པའི་ཞལ་བྱང་ཟངས་གཏེར་ཆེན་པོ་ལས། ༼ བོད་ཡུལ་འོ་ཡུལ་ས་མདའ་རུ། ། བོན་གྱི་འདུས་གནས་ཆེན་པོ་ཆགས། ། ཁྲི་ཕྲག་གྲངས་ཀྱི་ལྷ་སྡེ་ཆགས། ། མདོ་སྡེ་རྣམས་ཀྱི་བསྟན་པ་དར། ། ༽ཞེས་དང་། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཆེན་མོའི་ལེའུ་དྲུག་ཅུ་རེ་དགུ་པའི་ནང་། ༼ འདི་ནས་བླ་མ་ཉེར་གསུམ་དུས། ། མདོ་སྨད་ཨ་ཡི་ས་ཕྱོགས་སུ། ། སྨྲ་བའི་སེང་གེའི་སྤྲུལ་པ་གཅིག། མེ་འབྲུག་ཞོན་ནས་རྒྱལ་མཚན་ཐོག། དབུས་གཙང་སྟོད་སྨད་ཀུན་ཏུ་ཉུལ། ། གཙང་འགྲམ་བྱེ་མའི་མཁར་དུ་ཕྱག་རྗེས་འཇོག། སྟོང་ཕྲག་གསུམ་གྱི་དགོན་གྱི་དགོན་གནས་འབྱུང་། ། གང་མཇལ་ཐར་པའི་ལམ་ལ་བཀོད། ། ༽ཅེས་སོགས་ལུང་གིས་ཟིན་པ་ལྟར། སྐུ་མདུན་བསོད་ནམས་བློ་གྲོས་སམ་གང་མཚན་ཤེས་རབ་དགོངས་རྒྱལ་གྱིས་གཡས་རུ་གཙང་གི་འགྲམ། ར་ལག་སྨན་ལྗོངས་དགའ་བའི་ལྟོར། ། བཤད་སྒྲུབ་གཉིས་ལྡན་གྱི་འདུལ་དགོན་ཞིག་ཕྱག་འདེབས་དགོས་པའི་བཀའ་ནན་སྤྱི་བོར་ཕེབས་པ་ལྟར། ། སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་གཡས་རུ་འོ་ཡུལ་མདའ་རུ་༼རབ་ལེགས་གཡུང་དྲུང་གླིང༽ཞེས་རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པའི་གྲྭ་ས་འོག་མ་དུས་རབས་༼༡༩༽པའི་ནང་སྤྱི་ལོ༼༡༨༣༤༽ལོར་ཕྱག་བཏབ་མཛད་དོ། ། དེ་ནས་རྣམ་དཀར་རིས་མེད་ཀྱི་སྦྱིན་བདག་མང་དུ་བྱུང་ནས་བླ་བྲང་དང་། ཚོགས་ཆེན་འདུ་ཁང་། གྲྭ་ཤག སྒྲུབ་ཁང་སོགས་གསར་བསྐྲུན་མཛད། གླིང་ཚན་ཡང་ཀུན་གསལ་གླིང་། ཀུན་འདུལ་གླིང་། གཡུང་དྲུང་གླིང་། ཀུན་ཁྱབ་གླིང་དང་བཞི་བྱས། ཕྱོགས་མཚམས་ནས་སློབ་བུ་ལྔ་བརྒྱ་ཙམ་འདུས།
      དེའི་ཚེ་རྗེ་ཉིད་ཀྱི་གཟིགས་དགོངས་བཞིན་དུ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་བསྡུས་གྲྭ་དང་ཕར་ཕྱིན། ཚིག་བཀྲ་སོགས་མཛད་ནས་གཡུང་དྲུང་གླིང་གི་ཡོངས་འཛིན་སློབ་དཔོན་མཛད། རྗེ་ཉིད་ཀྱིས་ཀྱང་མཁན་པོ་མཛད་ནས་བཤད་གྲྭའི་སྲོལ་བཙུགས་ཏེ། ། ཧོར་ཟླ་དང་པོ་ལ་དཔྱིད་ཀྱི་བཤད་གྲྭ་ཆེན་མོ། ཧོར་ཟླ་དྲུག་པར་དབྱར་བཤད། ཟླ་བ་བཅུ་གཉིས་པར་དགུན་བཤད་ལ་སོགས་དང་། དེ་དག་ལ་ཚོགས་ལའང་ཆད་མེད་དུ་རིག་གྲྭ། བཀའ་བཤད། དམ་བཅའ། མཁན་སློབ་ཟུང་གིས་བོན་འཆད་རྒྱུ་དང་། ལོ་རེར་བཤད་གྲྭ་བ་གཉིས་རེས་རབ་འབྱམས་པའི་མཚན་རྟགས་བཞེས་རྒྱུ་སོགས་ཀྱི་སྲོལ་བཙུགས། དེ་ནས་བཟུང་རབ་ལེགས་གཡུང་དྲུང་གླིང་གི་འཆད་རྩོད་རྩོམ་པའི་གྲགས་སྙན་དབྱར་རྔའི་སྒྲ་བཞིན་ཕྱོགས་བཅུར་ཁྱབ། གཞན་ཡང་ཧོར་སོག་སྡེ་ཨ་གྲགས་རྫ་དམར་སོགས་ཧོར་ཚོ་བ་སོ་དགུའི་ཡུལ་ཆེན་རྣམས་ལ་འགྲོ་དོན་དུ་ཕེབས། གདུལ་བྱ་དེ་དག་གིས་ཕུལ་བའི་དངོས་རྫས་རྣམས་རབ་ལེགས་གཡུང་དྲུང་གླིང་གི་ལོ་རེའི་སྒྲུབ་པ་བཅུ་གཉིས་དང་། བཤད་གྲྭ་བ་རྣམས་ལ་རྒྱུན་ཇ་ཆད་མེད་སོགས་ཀྱི་རྒྱུ་ཡོན་བྱས་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉལ་འགྲོའི་རྒྱུན་བཞིན་བསྐྱངས། མར་ཞིའི་མདངས་ཀྱིས་བརྒྱན་པའི་ལྷ་ཁང་དང་མཆོད་རྫས་ཀྱང་ལྷུན་པོའི་གཏོས་ལྟར་བརྗིད་ཉམས་ཅན་དུ་སྦྱངས། དེ་ནས་ཤིང་ཡོས་ལོར་མཁར་ཆེན་ཉི་མ་བསྟན་འཛིན་གྱིས་སྣང་སྟོན་ཟླ་བ་རྒྱལ་མཚན་ལ་འཕྲིན་ཞིག་བསྐུར་གནང་སྟེ། བདག་མི་རིང་བར་མཁའ་སྤྱོད་དུ་གཤེགས་པར་ངེས། དེའི་ཕྱིར་བཀྲ་ཤིས་སྨན་རིའི་འདུས་སྤྱི་དང་རབ་ལེགས་གཡུང་དྲུང་གླིང་གི་བླ་གཉེར་བཅས་ཀྱི་བཀའ་གྲོས་བྱས་ནས་རྒྱལ་ཚབ་གསར་བསྐོ་བྱ་རྒྱུའི་རྟགས་རིལ་སོགས་མྱུར་དུ་བསྒྲིལ་དགོས་ཞེས་གསུངས་པ་བཞིན། སྣང་སྟོན་ཟླ་བ་རྒྱལ་མཚན་དབུར་བཞུགས་ཏེ། གྲྭ་ས་གོང་འོག་གཉིས་ཀྱི་འདུས་སྤྱི་ནས་རྟགས་རིལ་སྒྲིལ་ཚེ་རབ་འབྱམས་བསོད་ནམས་ཕུན་ཚོགས་ལ་བབས། རབ་འབྱམས་པ་དེ་ཉིད་ཀྱིས་ལུང་རྟོགས་བསྟན་པའི་བདག་ཉིད་སྣང་སྟོན་ཆེན་པོའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས། མཚན་ལ་ཡང་བསོད་ནམས་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་ལོ། །གངས་ཅན་བསྟན་པའི་མངའ་བདག་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱ་མཚན་གྱི་གསེར་ཁྲིར་མངའ་གསོལ་ནས་རྒྱལ་བ་སྨན་རི་བའི་བསྟན་པའི་གདུགས་དཀར་མི་ནུབ་དབྱིངས་སུ་བསྒྲེངས། གྲྭ་ས་འོག་མའི་དཔོན་སློབ་ཀྱི་ཁྲི་ལ་ཡོངས་འཛིན་འདུལ་བ་རྒྱལ་མཚན་མངའ་གསོལ་ནས་བཤད་སྒྲུབ་མཛད་བཟང་འཁོར་ལོ་གསུམ་གྱི་བོན་འཁོར་རྒྱ་ཆེར་བསྐོར། 
      དེ་ལྟར་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་རྒྱལ་བ་མཉམ་མེད་ཆེན་པོའི་ལུང་རྟོགས་གཉིས་ཀྱི་བསྟན་པ་རིན་པོ་ཆེ་རིང་དུ་སྤེལ་ནས་དགུང་ལོ་དྲུག་ཅུ་རེ་བདུན་ཅུ་ཁྱི་ལོའི་དགུན་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན་ས་གསུམ་ཟིལ་གནོན་གྱི་ཕོ་བྲང་དུ་སྐུ་ཆ་ལུགས་ལྔ་ལྡན་དུ་བཞུགས་ཏེ་དགོངས་པ་བོན་དབྱིངས་སུ་གཤེགས། དེའི་ཚེ་སྐུ་གདུང་ཀུན་མཁྱེན་ཉི་མའི་བཀའ་བཞིན་དུས་མཐའི་བར་བསྟན་འགྲོའི་མགོན་དུ་བཞག་ནས་ཉིན་རེར་མཆོད་པ་རྣམ་ལྔ་སོགས་མཆོད་ཚོགས་རྒྱ་ཆེར་འབུལ་བ་དང་། གསེར་གདུང་ཁང་སོགས་སྦྱངས་ནས་སྙིགས་འགྲོའི་རྟེན་དུ་བཞག
      དེ་རྗེས་ཆུ་ཕག་ལོའི་སྨོན་ལམ་ཟླ་བའི་ཡར་ཚེས་ལ་ལྷ་དང་སྲུང་མའི་བཀའ་བཞིན་གཡུང་དྲུང་བསྟན་དབང་ཀུན་མཁྱེན་བླ་མའི་རྒྱལ་ཚབ་ལ་མངའ་གསོལ་ཏེ། རྗེ་ཉིད་ཀྱིས་གསར་བསྐྲུན་གནང་བའི་མར་ཞིའི་མདངས་ཀྱིས་བརྒྱན་པའི་ཕོ་བྲང་ཆེན་པོ་བཞི་སོགས་རྟེན་གཙོ་འཁོར་དང་བཅས་པ་རྩིས་སྤྲད་ནས་རྒྱལ་བསྟན་སྤེལ། དཔོན་སློབ་ཀྱི་ཁྲི་ལ་རྣམ་དག་འོད་ཟེར་མངའ་གསོལ་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བཀའ་བཞིན་ཕར་ཕྱིན་གྱི་རྒྱུན་ཁམས་ནས་མཉམ་པ་ཉིད་ཀྱི་བར་སྐབས་བདུན་གྱི་འགྲེལ་སོགས་མཛད་ནས་བོན་འཁོར་བསྐོར། མཁན་རབས་གཉིས་པ་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐུ་འཁྲུངས་པས། མཁན་ཆེན་གཡུང་དྲུང་བསྟན་འཛིན་ལ་གདན་ས་གོང་མའི་ལུགས་བཞིན་རྟགས་རིལ་བབས་པ་ནས་བཟུང་། ཀུན་མཁྱེན་སྣང་སྟོན་ཆེན་པོའི་གསེར་ཁྲི་ལ་མངའ་གསོལ་ཏེ་གདན་ས་བསྐྱངས།

      མཁན་རབས་གསུམ་པ་མཁན་ཆེན་སྐལ་བཟང་བསྟན་པའི་ཉི་མ་མདོ་སྨད་ཟོང་ཆུའི་ཕྱོགས་སུ་ལྕགས་མོ་གླང་གི་ལོར་སྐུ་འཁྲུངས། དམ་པ་དེ་ཉིད་དགུང་ལོ་ཆེར་ཕྱིན་ཚེ་གྲྭ་སར་ཕེབས་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མང་དུ་གསན། ཁྱད་པར་དུ་དམུ་གཤེན་གཡུང་དྲུང་བསྟ་དབང་དང་འགྲོ་མགོན་ཤེས་རབ་གཡུང་དྲུང་སོགས་སྐྱེས་མཆོག་དུ་མ་བསྟེན་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་དྲུག་ལ་རབ་འབྱམས་པའི་མཚན་རྟགས་བཞེས། དེ་ནས་སྣང་སྟོན་ཆེན་པོའི་གསེར་ཁྲི་ཕེབས་ནས་རབ་ལེགས་གཡུང་དྲུང་གླིང་གི་སྒྲུབ་པ་བཅུ་གཉིས། དགུ་གཏོར། རིག་འཛིན་གོང་མའི་ལུགས་བཞིན་ཕུར་བའི་སྒོ་ནས་ཟབ་རྒྱས་ཀྱི་སྒྲུབ་ཆེན་དང་། སྐྱབས་མགོན་ཆེན་མོ་སོགས་སྦྱངས། དེ་བཞིན་འཆད་རྩོད་རྩོམ་གསུམ་གྱི་བཀའ་འཁོར་བསྐོར་ནས་བསྟན་པའི་སྒྲ་ཆེན་ཕྱོགས་བཅུར་བསྒྲགས།

      མཁན་རབས་བཞི་པ་རྒྱལ་རོང་དུ་སྐུ་འཁྲུངས་པས། རྣམ་འདྲེན་ཕུན་ཚོགས་དབང་རྒྱལ་གྱིས་མཁན་ཆེན་སྐལ་བཟང་ཉི་རྒྱལ་དང་འགྲོ་མགོན་ཤེས་རབ་གཡུང་དྲུང་གཉིས་ཀྱི་ཞབས་ལ་གཏུགས་ཏེ་དག་པ་དྲང་སྲོང་གི་ཁྲིམས་ཞུས། གཞན་ཡང་མཚན་ཉིད་གཞུང་ཆེན་དྲུག་སོགས་ལ་སྦྱང་པ་མཐར་ཕྱིན་མཛད་དེ། གོང་མའི་གསེར་ཁྲིར་མངའ་གསོལ་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ།
      མཁན་རབས་ལྔ་མཚུངས་མེད་ཚུལ་ཁྲིམས་དབང་རྒྱལ་འཁྲུངས་ཡུལ་ཚ་བ་རོང་བུ་རིག་ལྡན་གྱི་སྲས་སུ་མཚན་དཔེ་མངོན་པར་བཞད། དེ་ནས་ཕ་ཡུལ་དུ་གྲྭ་སར་ཞུགས་ནས་བཤེས་གཉེན་དུ་མ་བསྟེན་ཏེ་རབ་འབྱམས་པའི་མཚན་རྟགས་བཞེས། དེ་ནས་གྲྭ་ས་འོག་མ་སྣང་སྟོན་ཆེན་པོའི་གདན་སར་ཕེབས་ནས་གོང་མའི་གསེར་ཁྲིར་མངའ་གསོལ། མདོ་སྔགས་རྫོགས་གསུམ་གྱི་བོན་འཁོར་རྒྱ་ཆེར་བསྐོར་ཏེ་ཞིང་གཞན་གཤེགས།
      མཁན་རབས་དྲུག་པ་དབལ་གཤེན་སྟག་ལའི་སྤྲུལ་པ་ཀུན་མཁྱེན་ཤེས་རབ་བློ་ལྡན་ཨ་མདོ་རྔ་ཡུལ་གྱི་སྣང་ཞིག་ཚང་གི་ལྷ་སྡེའི་ནང་ཚན། ལྷ་བཤོས་ལྕག་ཅེས་པའི་ས་གནས་དེར་ལྷ་ཚང་ལ་ཆུ་ཕོ་རྟ་ལོའི་དུས་བཟང་ལ་མཚན་དཔེ་བཞད ། ཤེས་རབ་སྨྲ་བའི་སེང་གེའི་རྗེས་སུ་བཟུང་སྟེ་སྐྱེས་སྦྱངས་ཤེས་རབ་ཀྱི་རྩལ་དང་ལྡན་ཞིང་། ཁུ་བོ་ཡོངས་འཛིན་བློ་གྲོས་རྒྱལ་མཚན་སོགས་མཁས་གྲུབ་མང་དུ་བསྟེན་ནས་ཕྱི་ནས་གསང་གསུམ་གྱི་གདམས་ལུང་མང་དུ་ཞུས། གྲྭ་སར་ཕེབས་ནས་མདོ་སྔགས་གཞུང་ཆེན་ཀུན་ལ་མཁས་པར་སྦྱངས་ཏེ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། མདོ་སྔགས་རྫོགས་གསུམ་གྱི་་གཞུང་དོན་ལ་འགྲན་ཟླ་བྲལ་བའི་སྨྲ་བའི་་སེང་གེར་གྱུར། ཁྱད་པར་དུ་མཁན་ཆེན་ཕུན་ཚོགས་དབང་རྒྱལ་གྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་རྣམས་ཞུས། མདོ་སྔགས་སེམས་གསུམ་གྱི་དབང་ལུང་མང་དུ་གསན་མཛད། དེ་རྗེས་དགུང་ལོ་ཉེར་ལྔའི་ཐོག་གོང་མའི་གསེར་ཁྲི་ལ་མངའ་གསོལ། ཀུན་མཁྱེན་སྣང་སྟོན་ཆེན་པོའི་བསྟན་པའི་བོན་འཁོར་རྒྱ་ཆེར་བསྐོར། གཞན་ཡང་མཐོང་གྲོལ་ལྷ་ཁང་སོགས་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་སྦྱངས། ཞལ་སློབ་ཤེས་རབ་ཉི་མ་དང་། བློ་གྲོས་རྒྱལ་མཚན། ཡོངས་འཛིན་ཚུལ་རྒྱན། སྐལ་བཟང་རྒྱལ་མཚན། ཤེས་རབས་བསྟན་རྒྱལ། རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན་སོགས་མཁས་གྲུབ་སྨྲ་བའི་དབང་པོ་མང་དུ་བྱོན། དེ་དག་ལ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་དམ་ཤེས་རབ་བློ་ལྡན་གྱིས་སྨིན་གྲོལ་གྱི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་ཞིང་གཞན་གཤེགས།

      མཁན་རབས་བདུན་པ་ཤེས་རབ་བསྟན་པའི་ཉི་མས་འཁྲུངས་ཡུལ་ཨ་མདོ་རྔ་བའི་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་དུ་མཁན་སློབ་གོང་མ་རྣམས་བསྟེན་ནས་མཚན་ཉིད་སྦྱངས་མཐར་མཛད་དེ། རབ་འབྱམས་པའི་མཚན་རྟགས་བཞེས། དེ་རྗེས་གྲྭ་ས་འོག་མ་སྣང་སྟོན་ཆེན་པོའི་གདན་སར་ཕེབས་ཏེ། ཀུན་མཁྱེན་ཤེས་རབ་བློ་ལྡན་གྱི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གདམས་ལུང་དང་དག་པ་དྲང་སྲོང་གི་ཁྲིམས་ཞུས་ནས་གོང་མའི་ལུགས་བཞིན་བཤད་སྒྲུབ་བསྟན་པའི་བདག་ཉིད་སྣང་སྟོན་ཆེན་པོའི་གསེར་ཁྲིར་ཕེབས། བཤད་སྒྲུབ་གཉིས་ཀྱི་བསྟན་པའི་སྲོལ་བསྐྱངས་ཏེ་རེ་ཞིག་མདོ་ཁམས་སུ་གདུལ་བྱར་ཕེབས་ཚེ་ཞིང་གཞན་དུ་གཤེགས།  

       མཁན་རབས་བརྒྱད་པ་བློ་གྲོས་རྒྱལ་མཚན་ནི། མདོ་སྨད་རྒྱལ་རོང་ཁྲོ་ཆེན་རྒྱལ་པོའི་བློན་རྒྱུད་དུ་འཁྲུངས། གདན་སར་ཕེབས་ནས་མདོ་སྔགས་སེམས་གསུམ་སོགས་གཞུང་ལུགས་ཀུན་ལ་སྨྲ་བའི་དབང་པོར་གྱུར། དེའི་ཚེ་མཁན་རབས་བརྒྱད་པའི་རྟགས་སྒྲིལ་བབས་ཏེ་གསེར་ཁྲིར་ཕེབས་ནས་མདོ་སྔགས་ཟུང་འབྲེལ་གྱི་རྒྱལ་བསྟན་བསྐྱངས། 
      མཁན་རབས་དགུ་པ་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐུ་འཁྲུངས་པའི་མཁན་ཆེན་བློ་གྲོས་ཉི་མ་ཉིེད་གདན་སར་ཕེབས་ནས་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། དེ་རྗེས་གོང་མའི་གསེར་ཁྲི་ལ་ཕེབས་ནས་རིང་པོར་མ་བཞུགས་ཞི་བར་གཤེགས།

      མཁན་རབས་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན། ཨ་མདོའི་ཟིང་ཆུར་ལྕགས་མོ་ཕག་གི་ལོར་སྐུ་བལྟམས། ཆུང་ནས་དགེ་བའི་ལས་ན་བརྩོན་ཞིང་རྒྱུད་སྡེ་གསན། དེ་རྗེས་གཙང་དུ་ཕེབས་ཏེ། གྲྭ་ས་འོག་མར་ཞུགས་ནས་མདོ་སྔགས་གཞུང་ཆེན་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། དེ་ནས་རབ་འབྱམས་པའི་མཚན་རྟགས་བཞེས་ནས། དབེན་གནས་རྣམས་སུ་སྒོམ་སྒྲུབ་མཛད། དེ་ཚེ་ལྷ་དང་སྲུང་མའི་ལུང་བསྟན་བཞིན་ཁྲི་ཐོག་བཅུ་པའི་རྟགས་སྒྲིལ་བབས་ནས་གྲྭ་ས་འོག་མའི་གསེར་ཁྲི་ལ་མངའ་གསོལ། སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་མདོ་སྔགས་གཉིས་ཀྱི་་བསྟན་པ་རིན་པོ་ཆེ་མཁས་པའི་བྱ་བ་རྣམས་གསུམ་གྱིས་སྒོ་ནས་སྤེལ། གཞན་ཡང་ཚོགས་ཆེན་འདུ་ཁང་སྟེང་དུ་མར་ཞུ་གསེར་གྱི་རྒྱ་ཕིབས་དང་། དེའི་ནང་དུ་རྟེན་གཙོ་རྣམ་པར་རྒྱལ་བའི་སྐུ་གཟུགས་སོགས་སྐུ་གསུང་ཐུགས་རྟེན་བསམ་ལས་འདས་པ་སྦྱངས། དེ་ལྟར་ཕྱོགས་ཀུན་ནས་བསྟན་པའི་བྱ་བ་རྒྱ་ཆེར་བསྒྲུབས་ནས་རེ་ཞིག་དབེན་སར་སྒོམ་སྒྲུབ་ཏུ་བཞུགས་ཚེ་བསྟན་གཤེད་ཀྱི་དྲག་པོའི་དཔུང་ཚོགས་ཕྱོགས་བཅུར་ཉུལ་ནས་སླེབས། དེ་ཚེ་རྗེ་ཉིད་ཐབས་ཀྱིས་བྱོལ་ནས་རྒྱ་གར་དུ་ཕེབས་ཏེ། རྒྱལ་བ་སྨན་རི་བ་ཆེན་པོ་དང་། ཀུན་མཁྱེན་སྣང་སྟོན་ཆེན་པོ་གཉིས་ཀྱི་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ་བཞིན་བོན་དབྱིངས་སུ་གཤེགས། སྐབས་དེར་བསྟན་པ་ལ་ཉམས་ཆགས་ཅུང་ཙམ་བྱུང་ཡང་། ད་ལྟའི་ཆར་རབ་ལེགས་གཡུང་དྲུང་གླིང་གི་སློབ་དཔོན་ཀུན་གསལ་བློ་གྲོས། དགེ་སློང་ཤེས་རབ་བསྟན་འཛིན་གཉིས་ཀྱིས་གཙོ་འགན་བཞེས་ཏེ། ཉམས་པ་སླར་གསོ་གནང་ནས་བཟུང་ད་བར་བླ་བྲང་དང་། ཚོགས་ཆེན་འདུ་ཁང་། མཐོང་གྲོལ་ལྷ་ཁང་། སྒྲུབ་ཁང་སོགས་དེ་དག་གི་ནང་དུ་སྐུ་གསུང་ཐུགས་རྟེན་དང་། མཐར་གྲྭ་ཤག་སོགས་སྔར་གནས་ད་འཇགས་ཀྱི་བསྐྱར་གསོ་མཛད་དེ། ཕྱོགས་མཚམས་ཀུན་ནས་གྲྭ་ས་བ་རྣམས་བུང་བ་སྤྲིན་གྱི་ཕྱོགས་བཞིན་དུ་འདུས། དེ་དག་ལ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་ཀུན་གསལ་བློ་གྲོས་ཀྱིས་མདོ་སྔགས་སེམས་གསུམ་གྱི་གདམས་ངག་བདུད་རྩིའི་རྒྱུན་བཞིན་གནང་བའི་མཐུ་ལས། ད་ལྟ་བསྟན་པའི་མེ་རོ་སྤར་བའི་དུས་འདིར་རབ་ལེགས་གཡུང་དྲུང་གླིང་གི་བཤད་སྒྲུབ་གཉིས་ཀྱི་བསྟན་པའི་གྲགས་སྙན་ཕྱོགས་ཀུན་ཏུ་ཁྱབ་པའི་གནས་ཚུལ་འདི་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག