༄༅། །རྫ་སྟེང་ཆེན་དགོན་མདོ་སྔགས་བསྟན་རྒྱས་གླིང་གི་བྱུང་བ་བརྗོད་པ་ངོ་མཚར་གསེར་གྱི་གླིང་བུ་ཞེས་བྱ་བ་བཞུགས་སོ།།
༧ རྣམ་དག་བོན་སྐུ་འཆི་མེད་ལམ་ཡངས་པོར།།
རྣམ་གསལ་རྫོགས་སྐུ་ཉི་ཟླའི་དཀྱིལ་འཁོར་རྒྱས།།
རྣམ་མང་སྤྲུལ་སྐུ་རྣམ་བཀྲའི་དབང་གཞུ་གསལ།།
རྣམ་འདྲེན་དམུ་རྒྱལ་སྲས་པོས་དགེ་ལེགས་སྩོལ།།
རྒྱལ་བསྟན་འཛམ་གླིང་ཡུལ་གྲུ་མཐའ་དག་ཏུ།།
ཡོངས་སུ་སྤེལ་མཛད་གདུང་སོབ་མུ་ཆོ་དང་།།
སྐད་གཉིས་དབང་ཕྱུག་རྒྱན་དྲུག་མཁས་པ་བཞི།།
སྒྲ་བསྒྱུར་ལོ་པཎ་ཚོགས་ཀྱི་དཀའ་དྲིན་དྲན།།
ཕྱི་དར་བསྟན་པའི་སྙིང་པོ་ཟབ་གཏེར་ཉིན་མོར་བྱེད།།
ཐོག་མར་འདྲེན་མཛད་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་དང་།།
བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་དཀར་ནག་སེར་གསུམ་གྱི།།
ཁྱུང་གི་བརྒྱུད་པ་བཅས་ལ་མི་ཕྱེད་དད་ཕྱག་བརྩེགས།།
ཟབ་པ་སྔགས་དང་རྒྱས་པ་མདོ་ཡི་ཚུལ།།
ཟུང་དུ་འཇུག་པའི་ཉམས་ལེན་ཕྱག་རྒྱ་ཡིས།།
བསྟན་འགྲོའི་གཉེན་མཛད་དབྲ་སྟོན་རིམ་བྱོན་གྱི།།
མཁས་དང་གྲུབ་པ་མཆོག་རྣམས་བསྔགས་བྱའི་གནས།།
མཁྱེན་གཉིས་ཆུ་འཛིན་ཕྲེང་བ་དཀྲིགས་པ་ལས།།
ཟབ་རྒྱས་ལེགས་བཤད་གྲུ་ཆར་འབུམ་འཇོ་སྟེ།།
སྙིགས་དུས་བསྟན་པའི་ཚལ་ཆེན་གསོས་མཛད་པ།།
ཤར་རྫ་ཡབ་སྲས་བདག་བློའི་དབུས་སུ་བསྟེན།།
ལེགས་བཤད་གསུང་གི་གདམ་པ་རེ་རེས་ཀྱང་།།
རབ་རྨོངས་ཡིད་ཀྱི་མདུད་རྒྱ་བཀྲོལ་བྱེད་ཅིང་།།
མ་བཅོས་ཡང་དག་གཤིས་ཀྱི་ཟབ་མོའི་དོན།།
རྗེན་པར་སྟོན་མཛད་དྲིན་ཅན་བླ་མར་འདུད།།
རྣམ་དག་ཚུལ༵་ཁྲིམས༵་དྲི༵་ངད་འཐུལ་བའི་བསླབ་གསུམ་པད་དཀར་སྟོང་བཞད་པའི།།
ལེགས་མཛད་འཕྲིན་ལས་སྦྲང་བཅུད་རོ་བརྒྱས་སྐྱེ་རྒུ་བུང་བ་གཞོན་ནུའི་ཁྱུ།།
སྨིན་གྲོལ་བདུད་རྩིས་མྱོས་པར་བསྒྲུབས་པའི་བླ་མེ༵ད་ཕན་བདེའི་རྒྱ་མཚོའི་གཏེར།།
མངོན་པར་སྩོལ་མཛད་སྤྲུལ་པའི་སྐུ་མཆོག་དུས་ཀུན་རྣམ༵་པར་རྒྱལ༵་གྱུར་ཅིག།
རི་བོ་གླང་ཆེན་འགྱིང་འདྲའི་སྟེང༷་།།
རྨེའུ་དང་དབྲ་ཆེ༷ན་བྱོན་པའི་ཞིང་།།
མདོ༷་སྔ༷གས་བསྟ༷ན་པ་དར་རྒྱས༷་ཀྱི།།
གླིང༷་འདི་འགྲོ་བའི་དཔལ་དུ་ཆགས།།
ཕྱེད་དང་ཉིས་སྟོང་བརྒྱུད་རིམ་ལས་བྱུང་བའི།།
ཁུངས་ལྡན་ལོ་རྒྱུས་སྨྲ་བའི་རྒྱུན་རིང་ཡང་།།
ཕྲན་ལ་མཐོང་ཐོས་མྱོང་བས་དབེན་པའི་རྐྱེན།།
དེང་འདིར་མངོན་པར་སྤྲོ་བའི་སྐལ་བ་ཕྲ།།
འོན་ཀྱང་དགོན་འདིའི་ངོ་མཚར་གྱི།།
ལོ་རྒྱུས་རིན་ཆེན་སིལ་མ་ཚོགས།།
གསུང་རྒྱུན་ནོར་གླིང་ལས་བཏུས་ཏེ།།
དད་གསུམ་མགུལ་གྱི་རྒྱན་འདི་བསྟར།།
ཞེས་མཆོད་བརྗོད་དང་དམ་བཅའ་བའི་ཚིག་གིས་མདུན་ལེགས་པར་བསུས་ཏེ་འདིར་གང་གླེང་བར་བྱ་བ་ནི་རྨེའུ་ཚང་དང་དབྲ་བའི་བླ་རབས་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་སུ་འཆད་པ་ལས་དཔལ་སྟེང་ཆེན་དགོན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་མདོ་སྔགས་བསྟན་རྒྱས་གླིང་གི་ལོ་རྒྱུས་ཤུགས་ལས་གསལ་བའི་ཚུལ་དུ་འབྲི་བ་ལ་གཉིས་ཏེ། སྤྱིར་བསྟན་པའི་བྱུང་བ་མདོར་ཙམ་བསྟན་པ་དང་། བྱེ་བྲག་དགོན་པའི་ལོ་རྒྱུས་དངོས་བརྗོད་པའོ། །
སྤྱིར་བསྟན་པའི་བྱུང་བ་མདོར་ཙམ་བསྟན་པ།
དེ་ཡང་ཆུ་ཕུགས་གངས་དང་ཆོས་ཕུགས་བོན་ལ་ཐུག་ཟེར་བའི་དཔེ་ཀུན་ལ་ཉི་ཟླ་ལྟར་གྲགས་པའི་འཕྲུལ་ངག་གཡུང་དྲུང་བོན་གྱི་བྱུང་ཁུངས་ཡང་དག་པ་ནི་བསྐལ་བཟང་སངས་རྒྱས་སྟོང་གི་ཐུ་བོ། ཚེ་ལོ་བརྒྱ་བའི་མགོན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ལ་ཐུག་ཡོད་ལ། སངས་རྒྱས་དེ་ཉིད་ཀྱང་དང་པོ་སྐྱེ་བ་མང་པོར་གང་ཟག་རིམ་པར་བརྒྱུད་པའི་མཐར་སྟོན་པ་བསོད་ནམས་དབང་གི་མདུན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚོགས་ཀྱི་ལམ་ལ་ཞུགས་ཏེ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐར་བར་ལྷ་འོད་གསལ་གནས་སུ་སྒྲིབ་གཉིས་ལྷག་མར་བཅས་སྤངས་ཏེ་མངོན་པར་རྫོགས་པའི་སངས་རྒྱས་ཤིང་། སུམ་ཅུ་རྩ་གསུམ་གནས་སུ་གཅུང་ཤེས་པ་དག་ལ་ལྷ་རྣམས་འདྲེན་པའི་སྟོན་པར་དབང་བསྐུར་ནས། སྟོང་གསུམ་མི་མཇེད་འཇིག་རྟེན་འདུལ་བའི་སྟོན་པར་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་
བཀྲམ་སྟེ་རྟག་གཟིགས་འོལ་མོ་ལུང་རིང་དུ་ཡབ་དམུ་རིགས་ཀྱི་རྒྱལ་པོ་ཐོད་དཀར་དང་ཡུམ་རྒྱལ་བཞད་མའི་སྲས་སུ་ཤིང་ཕོ་བྱི་༼སྤྱི་ལོའི་ སྔོན་མི་ལོ་༡༦༠༡༧༽ལོར་ཚེ་ལོ་བརྒྱ་བའི་སྟོན་པར་སྐུ་སྐྱེ་བ་བཞེས་པའི་ཚུལ་བསྟན། དེ་ནས་མཛད་ཆེན་བཅུ་གཉིས་དང་མཛད་ཕྲན་དྲུག་ཅུ་སོགས་ཀྱི་སྒོ་ནས་མཛད་པ་མཐའ་ཡས་པ་བསྐྱངས་ཤིང་དེ་ལས་འགྲོ་བ་འདུལ་བའི་ཐབས་སུ་ཐོག་མར་དྲང་དོན་ཤས་ཆེ་བ་ཐེག་པ་རིམ་དགུ་དང་། བར་དུ་དྲང་ངེས་ཟུང་འབྲེལ་དུ་སྟོན་པ་སྒོ་བཞི་མཛོད་ལྔ། ཐ་མར་ངེས་དོན་ཤས་ཆེ་བ་ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་རྣམས་རིམ་བཞིན་བསྐོར་ཏེ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་མདོར་ན་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་མ་ལུས་ཆ་ཚང་བ་གསུངས། ལྷག་པར་གཤེན་རབ་ཉིད་དགུང་ལོ་ཉི་ཤུའི་སྐབས་འོལ་མོའི་གླིང་ནས་བདུད་ཁྱབ་པས་རྟ་བདུན་བརྐུས་ཏེ་བོད་ཡུལ་ཀོང་པོར་བྲོས་པ་ལ་སངས་རྒྱས་ཉིད་རྟ་ལ་ཆགས་པ་མ་ཡིན་ཡང་། བདུད་རྣམས་བཏུལ་ཆེད་བོད་ཡུལ་ཀོང་པོའི་གནས་སུ་གཤེན་རབ་འཁོར་དང་བཅས་པ་བྱོན་ཏེ་བདུད་རྣམས་བཏུལ་ཏེ་དམ་ལ་བཏགས། ཁྱད་པར་བོད་ཡུལ་གྱི་ཡུལ་ས་གཞི་བདག་དང་ལྷ་ཀླུ་དྲེགས་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་ཐ་ཚིག་བཞག སྐབས་དེར་བོད་ཡུལ་མཐའ་འཁོབ་གླིང་དུ་ངེས་དོན་ཟབ་མོའི་བོན་རྣམས་བསྟན་པའི་གནས་མེད་པས། བོད་མི་རྣམས་ལ་ལྷ་གསོལ་བ་དང་ཡུགས་ཕུད་པ་སོགས་ཀྱི་ལུང་ཕོག་པས་སྐབས་དེ་ཙམ་ནས་བོད་ན་རྒྱུའི་བོན་ཅུང་ཙམ་དར་བ་དང་།སྟོན་པ་ཉིད་ཀྱིས་ནམ་ཞིག་ཐེག་པ་དགུ་ལ་སྤྱོད་པའི་སྨོན་ལམ་བཏབ་པར་མཛད། དེ་ནས་སླར་ཤམྦྷ་ལ་འོལ་མོའི་གླིང་དུ་གཤེགས་ཏེ་འཁོར་གྱི་དམ་པ་འ་ཞ་གསང་བ་མདོ་སྡུད་སོགས་ཐུགས་སྲས་ཆེན་པོ་བཅུ་གཉིས་ཀྱིས་མཚོན་གནས་བརྟན་ཆེན་པོ་རྣམས་ལ་བཀའ་རྣམས་གཏད་གཉེར་སོ་སོར་བསྐོས་པ་དང་། ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་ཅི་རིགས་སྤེལ་ཞིང་བཞག་པ་དང་། ཁྱད་པར་མུ་ཁྱུད་བརྡལ་བའི་མཚོ་གླིང་གསས་ཁང་དཀར་ནག་བཀྲ་གསལ་དུ་སྐུ་གསུང་ཐུགས་ཀྱི་བསྟན་པ་ཐམས་ཅད་རྗེས་སུ་བཞག་སྟེ་རྟག་འཛིན་ཅན་རྣམས་སུན་ཕྱུང་བའི་ཕྱིར་དུ་ཁྲི་སྨོན་རྒྱལ་བཞེད་གནས་སུ་སྐུ་མི་རྟག་མྱ་ངན་འདས་པའི་ཚུལ་བསྟན་ཏོ། །དེ་ནས་ལུང་ལས། གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་དྲུག་ཐར་པར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །ཞེས་གསུངས་པ་ལྟར་གཤེན་རབ་སྐུ་མྱ་ངན་འདས་ནས་མི་ལོ་གཅིག་སྟོང་བརྒྱད་བརྒྱ་༼སྤྱི་ལོའི་སྔོན་མི་ལོ་༦༠༡༦༽ལོར་གདུང་སོབ་སྟོན་པའི་སྒྲོན་མེ་མུ་ཆོ་ལྡེམ་དྲུག་བྱོན་ཏེ་བསྟན་པ་ཐམས་ཅད་འོལ་མོའི་གླིང་དུ་བབས། དེ་ནས་སྡུད་འཁོར་བཅུ་གསུམ་གྱིས་བཀའ་སྡུད་མཛད་དེ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཤིང་བསྟན་པའི་སྲོག་ཤིང་འཛུགས། གདུང་སོབ་ཆེན་པོ་ལ་སློབ་མ་མཁས་མཆོག་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་ཞིང་དེ་རྣམས་ནི་མཁས་ཤིང་གྲུབ་པའི་རིག་འཛིན་རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་ཤ་སྟག་ཡིན་པས་སྟག་གཟིག་རྒྱ་དཀར་ནག་སོགས་ཡུལ་ཆེན་དྲུག་གི་སྐད་རིགས་སུ་བསྒྱུར་ཅིང་བསྟན་པ་སྤེལ། དེ་རྣམས་ཀྱི་སློབ་མ་མཁས་པ་མི་བཞིས་བོད་སྐད་སོགས་སུ་བསྒྱུར་ནས་སྤེལ་བ་དང་། ཁྱད་པར་༼སྤྱི་ལོའི་སྔོན་༡༡༣༦༽ལོར་བོད་རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ་ལྷ་རི་གྱང་ཐོའི་ཁར་བྱོན་པ་དང་གཤེན་ནམ་མཁའ་སྣང་བ་མདོག་ཅན་གཉིས་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གྱུར་པ་དང་། ལྷག་པར་མུ་ཁྲི་བཙད་པོའི་སྐབས་ཞང་ཞུང་ནས་པཎ་ཏ་བརྒྱ་རྩ་བརྒྱད་གདན་དྲངས། དྲི་མེད་འདུལ་བའི་བསྟན་པ་རྒྱ་ཆེར་དར་ལ་འདུ་གནས་སུམ་ཅུ་རྩ་བདུན་སོགས་སུ་འཕེལ་བར་གྲགས། མདོར་ན་བོད་རྒྱལ་གནམ་གྱི་ཁྲི་བདུན་དང་། བར་གྱི་ལྡིང་གཉིས། ས་ཡི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། འོག་གི་བཙན་ལྔ་སྟེ་བོན་རྒྱལ་སོ་གཉིས་ཀྱི་སྐུ་རིང་ལ་གཡུང་དྲུང་གི་བོན་དར་བ་སྟེ། རྣམ་འབྱེད་འཕྲུལ་སྡེ་ལས། །རྗེ་གཉའ་ཁྲི་བཙད་པོ་མན་ཆད་ནས། །གནམ་རི་སྲོང་བཙན་ཡན་ཆད་དུ། །ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། །ཐར་ལམ་འདྲེན་པའི་སྐུ་གཤེན་རེ། །སྐད་རིགས་བསྒྱུར་བའི་ལོ་པཎ་རེ། །བྱས་ཐབས་གསུང་རབ་རེ་རེ་བཞག།ཅེས་གསུང་པར་མ་ཟད། ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་གྲོལ་ཞིང་འཆད་རྩོད་རྩོམ་གསུམ་གྱིས་གཞན་རྒྱུད་སྨིན་པར་མཛད་པའི་བསྟན་འཛིན་གྱི་སྐྱེས་མཆོག་ཕལ་མོ་ཆེ་རྣམས་བྱོན་པ་སྟེ། བོན་གཤེན་བཞི་བཅུ་ཞེ་གཉིས། སྒྲུབ་པ་པོ་བཞི་བཅུ་ཞེ་བརྒྱད། གྲུབ་པ་ཐོབ་པའི་གཤེན་དགུ། ཞང་བོད་གཤེན་བརྒྱད། གྲུབ་ཆེན་བཅོ་བརྒྱད། རྫུ་འཕྲུལ་མ་དགུ་སོགས་བྱོན་ཏེ་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་དར་ཆེན་ཡོངས་སུ་བསྒྲེངས་བར་མཛད། དེ་ནས་བར་སྐབས་སུ་ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་རྣམས་ཀྱི་སྐུ་རིང་ལ་བོན་ལ་དར་ནུབ་ཅུང་ཟད་རེ་བྱུང་ཡང་བསྟན་པ་ཕྱི་དར་གྱི་དུས་སུ་ཟབ་གཏེར་གྱི་འཁོར་ལོ་བསྒྱུར་བ་རིག་འཛིན་ཆེན་པོ་གཤེན་གྱེར་རྨ་དབྱིལ་གཙོས་པའི་གཏེར་སྟོན་རྣམས་ཀྱིས་གཡའ་རི་གངས་བྲག་གི་གནས་ཅི་རིགས་ནས་སྤང་ལ་ཤ་མོང་བརྡོལ་བཞིན་གཏེར་ཞལ་ཕྱེས་ཤིང་། དེ་རྣམས་ཀྱི་བརྒྱུད་པ་འཛིན་ཞིང་བཤད་སྒྲུབ་ཀྱི་བཀའ་སྲོལ་རྒྱ་ཆེར་ཕྱེ་བའི་བྲུ་ཞུ་སྤ་རྨེའུའི་གདུང་བྱོན་བླ་མ་རྣམས་དང་།གཡས་རུ་སྟོན་པ་བཅོ་བརྒྱད། ཁྱུང་པོ་དཀར་ནག་སེར་གསུམ།མཁས་པ་རྒྱལ་མཚན་ཆེ་ལྔ། མདོ་སྨད་ཞིག་པོ་བཅོ་བརྒྱད་རྣམས་བྱོན་ཏེ་འཆད་ཉན་སྒོམ་སྒྲུབ་ཀྱི་གཞུང་བཟུང་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་ནས་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་འདུ་གནས་བཀྲ་ཤིས་སྨན་རིའི་གདན་ས་བཏབ་པ་ནས་རབ་འབྱམས་གཞུང་བརྒྱ་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་ལུང་ཟིན་གྱི་མཁན་རབས་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་དར་བར་མཛད། དེ་རྣམས་ཀྱི་བསྟན་པའི་རིང་ལུགས་རྨ་མེད་པར་བསྐྱངས་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་རྒྱལ་དབང་ཤར་རྫ་པ་ཡབ་སྲས་རྣམས་བྱོན་ཏེ་གཡུང་དྲུང་ལྷུན་པོའི་རི་ལ་སྒྲུབ་བརྒྱུད་བསྟན་པའི་ཕྱག་སྲོལ་རྒྱ་ཆེར་ཕྱེས་ཤིང་ཡོངས་རྫོགས་བསྟན་པའི་རྒྱལ་མཚན་ས་གསུམ་ན་གཡོ་བར་མཛད། དེ་བཞིན་སྡེ་སྣོད་སྨྲ་བའི་དབང་ཕྱུག་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་མཆོག་དང་། རང་ཅག་ལ་བཀའ་དྲིན་བླ་ན་མ་མཆིས་པ་སུམ་ལྡན་བཤེས་གཉེན་ཆེན་པོ་མཁས་དང་གྲུབ་པའི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་མཆོག་ལ་མ་ཐུག་གི་བར་དུ་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་པའོ།།
སྲས་བཅས་རྒྱལ་བའི་མཐུ་དང་གདུལ་བྱའི་ལས།།
སྟོབས་སུ་སྨིན་པ་སྟོན་མཆོག་དམུ་རྒྱལ་སྲས།།
མི་མཇེད་ཞིང་འདིར་ཨུ་དུམ་ཝ་ར་དང་།།
ལྷན་ཅིག་བཞད་པའི་དགའ་སྟོན་འདི་ན་ལྷམ།།
གང་གི་མཁྱེན་བརྩེ་ཟླ་བའི་མ་མ་ལས།།
ལེགས་འཁྲུངས་ལུང་རྟོགས་བསྟན་པའི་ཉིན་མོར་བྱེད།།
ལྗོངས་འདིར་འདྲེན་ལ་རིག་པའི་རྩལ་མངའ་བ།།
ལོ་པཎ་ཤིང་རྟའི་ཚོགས་ཀྱི་ཐང་མར་བརྡལ།།
ཕན་བདེའི་གཞིར་གྱུར་རྒྱལ་བསྟན་སིནྡྷུའི་བདག།
འཕེལ་མཛད་བསྟན་འཛིན་ཆུ་ཀླུང་རྟག་བཞུད་པས།།
གདུལ་བྱའི་བསོད་ནམས་ཞིང་ས་རབ་བརླན་ནས།།
ངེས་ལེགས་མྱུ་གུའི་སྲོག་འཚོ་ཕྱི་ཕྱིར་བསྲིངས།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
བྱེ་བྲག་དགོན་པའི་ལོ་རྒྱུས་དངོས་བརྗོད་པ།
བྱེ་བྲག་དགོན་པའི་ལོ་རྒྱུས་དངོས་བརྗོད་པ་ལ་གཉིས།
རྨེའུ་ཚང་གི་ལོ་རྒྱུས་དང་འབྲེལ་ནས་དགོན་འདིའི་ཆགས་རིམ་དང་།དབྲ་སྟོན་བློ་གྲོས་རིང་མོ་ནས་དགོན་འདིར་དབྲ་བའི་བླ་རབས་རིམ་པར་བྱོན་ཚུལ་ལོ། །དང་པོ་ལ་གཉིས། རྨེའུ་ཚང་གི་ལོ་རྒྱུས་སྤྱིར་བསྟན་པ་དང་། རྨེའུ་ཨ་ཡུ་དང་རས་དགོན་པ་ཐོག་མར་བཏབ་སྟེ་རྨེའུའི་མཁན་རབས་བྱོན་ཚུལ་ལོ།།
རྨེའུ་ཚང་གི་ལོ་རྒྱུས་སྤྱིར་བསྟན་པ།
གྲུབ་མཐའ་ཀུན་ཀྱི་ཡང་མེས། ཕྱི་དར་ཆོས་ཀྱི་འབྱུང་གནས་སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་མཁས་དང་གྲུབ་པའི་དབང་པོ་རྒྱུ་སྐར་ཕྲེང་བ་ལྟར་བྱོན་པའི་བརྒྱུད་འཛིན་ཆེན་པོ་བྲུ་ཞུ་སྤ་རྨེའུའི་གདུང་བྱོན་བླ་མ་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་བྱོན་པ་ལས་ཁྱད་པར་མཁས་པ་རྨེའུའི་གདུང་རབས་ནི། སྲིད་པ་ཡབ་ཡུམ་ལས་གྲོལ་བའི་ལྷ་སྲས་ཁྱེའུ་དཀར་པོ་འོད་གསལ་བྱ་བ་ལྷ་ལས་བབས་ཏེ་འཛམ་གླིང་ཡིག་ཚང་ཅན་གྱི་གདུང་ལས་ཆད། དེའི་སྲས་ལ་རྨ་དང་རྨེའུ་གཉིས་སུ་བྱུང་བ་ལས་འདིར་གླེང་བྱ་ནི་རྨེའུའི་གདུང་རབས་ཏེ། རྨེའུའི་གདུང་རབས་ཐོག་མ་ངམ་ལེན་སྐྱོལ་པོ་བྱ་བ་བྱུང་སྟེ་ཞང་ཞུང་ལྷ་རིར་ཡི་དམ་དབལ་ཕུར་བསྒྲུབས་པས་ལྷ་ཞལ་གཟིགས་པ་དང་གཡུ་འབྲུག་སྔོན་མོ་རྟ་རུ་ཞོན་ཏེ་གངས་ཏི་སེ་ནས་ལྷ་རི་གྱང་ཐོར་བྱོན། དེ་དུས་གཉའ་ཁྲི་བཙན་པོའི་སྐབས་ཡིན་པས་རྒྱལ་པོའི་མཆོད་གནས་སུ་བཀུར། དེ་ནས་དུང་གི་བྱ་རྒོད་གཉིས་སུ་སྤྲུལ་ཏེ་གཡས་རུ་ཤངས་ཀྱི་ས་ཆར་གཤེགས་ནས་འཕུར་ལྡིང་བསྐོར་བ་བྱས་པའི་མཐར། ཤུན་གྱི་སྨན་མོ་གཡུ་མཁར་གྱི་རྩེར་བབས་པར་ཤེལ་སྒོང་འོད་འབར་བ་གཉིས་སུ་གྱུར་པ་ལས་སྲས་རྨེའུ་འདུལ་བ་བཙན་པོ་དང་གཡུ་གཤེན་ཐོད་དཀར་བྱ་བ་འཁྲུངས། དེ་རྣམ་གཉིས་ནི་ཡི་དམ་ཕུར་པ་སྒྲུབ་པའི་གྲུབ་པ་ཐོབ་པའི་རིག་འཛིན་གཉིས་སུ་བྱུང་། དེ་ནས་ཞོག་ལ་སྟོད་སྨད་གཉིས་སུ་ཆད་དེ་སྟོད་པ་ལ་སྨིན་གྲོལ་གྱི་བསྟན་པ་འཛིན་པའི་སྐྱེས་མཆོག་མང་དུ་འཕེལ། སྨད་པ་གཡུ་གཤེན་གྱི་སྲས་རྨེའུ་རྒྱལ་ལྷུན། དེ་སྲས་རྨེའུ་སྐྱིད་གསུམ། དེ་སྲས་རྨེའུ་སྟོང་ཚབ་དང་པད་སྟོང་གཉིས་བྱུང་། པད་སྟོང་གི་སྲས་དབང་གྲུབ་དང་སྐྱབས་ཆུང་གཉིས་ཡོད་ཀྱང་གཉིས་ཀའི་བརྒྱུད་ཆད་དོ། །ལ་ལས་པད་སྟོང་ལ་སྲས་རྨེའུ་ར་མ་སྙ་བྱ་བ་ཞིག་བྱུང་བར་བཤད། རྨེའུ་སྟོང་ཚབ་ཀྱི་སྲས་རྨེའུ་གདུང་ནག་ཅན་ཡིན་ལ་དེ་ནི་ཡི་དམ་དབལ་ཕུར་དང་གཉན་བྱ་ནག་གཉིས་ལ་གྲུབ་པ་ཐོབ་པས་གུར་ཞོག་པས་གདན་དྲངས་ནས་སེ་བ་འོད་དང་རྨེའུ་གྲངས་གཉིས་ཀྱིས་ཡུལ་བཟུང་། རྨེའུ་སྤྱི་ལྷ་དྲོ་དཀར་པོ་ཟེར་བ་བྱུང་། གདུང་ཐུང་ཅན་ལ་སྲས་གསུམ་བྱུང་བ་ཆེ་བ་རྨེའུ་སྟོན་རྩེགས་བྱ་བ་གཙང་གཙུག་ཡིན། འབྲིང་བ་རྨེའུ་རོག་དཔལ་ནི་དབལ་བོན་ཕུར་པ་ལ་གྲུབ་པ་ཐོབ་ནས་འཇུ་སྐེད་དམར་གྱི་བྲག་ལ་ཕུར་པ་བཏབ་པས་ཀླུ་ཆེན་བྲན་དུ་བཀོལ་ནས་གུར་ཞོག་ས་ཆར་གྲུབ་རྟགས་ཆུ་མིག་བཏོན་པ་དེའོ། །རྨེའུ་རོག་དཔལ་གྱི་སྲས་ནི་རྨེའུ་ལྷ་རི་གཉེན་པོ་ཡིན་ལ་རྨེའུ་སྟོན་སྒོམ་གཉིས་ཀྱང་རི་ཁྲོད་པ་དང་ལྷ་རི་གཉེན་པོ་གཉིས་ལ་བྱ་ཞིང་ཁོང་གཉིས་ནི་ཕྱི་དར་བསྟན་པའི་བརྒྱུད་འཛིན་པ་ལ་དེ་ལས་བཀའ་དྲིན་ཆེ་བ་ མེད་དོ། །ལྷ་རི་གཉེན་པོས་མྱང་མོ་དཔལ་ཆེན་མཚོ་ཁབ་ཏུ་བཞེས་པ་ལ་སྲས་མེད། ལྷ་ཕུ་བའི་འབྲམ་ཟ་བསོད་མཚོ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་འཁྲུངས་ཏེ། སློབ་དཔོན་འཁོར་ལོ་རྒྱལ་པོ། མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན། གསས་མཁར་བླ་མ་དང་གསུམ་མོ། འཁོར་ལོ་རྒྱལ་པོ་སྐུ་གཞོན་དུས་ཙམ་ནས་གྲོངས་ཀྱང་སྲས་གསུམ་ཡོད་པ་ནི། ཡེ་ཤེས་རྒྱལ་དང་ཡེ་ཤེས་གཡུང་དྲུང་། གྲགས་པ་རྒྱལ་ཡིན། རྨེའུ་སྟོན་ཡེ་ཤེས་གཡུང་དྲུང་སྙེ་མོ་བཟང་པོའི་རི་ལ་བཞུགས་ཏེ་རྨེའུ་ཚང་གི་བླ་བྲང་ཆགས་ཏེ་རྨེའུ་ཚང་གདུང་རྒྱུད་ཤེལ་དཀར་ཕྲེང་བ་ལྟར་བྱོན་པ་རྣམས་ཡིན་ཞིང་། དེ་བཞིན་རྨེའུ་ཚང་གདུང་ལས་ཆད་དེ་མདོ་སྨད་ཕྱོགས་སུའང་གདུང་འཛིན་གྱི་སྐྱེས་མཆོག་མང་དུ་བྱོན་པར་བཤད་དོ།།
རྨེའུ་ཨ་ཡུ་དང་རས་དགོན་པ་ཐོག་མར་བཏབ་སྟེ་རྨེའུའི་མཁན་རབས་བྱོན་ཚུལ།
དེ་ཡང་དགོན་གནས་འདི་ཉིད་ཡུལ་གང་དུ་ཆགས་པའི་གནས་ཀྱི་ཆེ་བའི་བཀོད་པ་བཤད་པ་ནི། བསྐལ་པ་བཟང་པོའི་དུས་འདིར་སངས་རྒྱས་སྟོང་རྩ་གཉིས་བྱོན་པའི་གནས་ཀྱི་སྙིང་པོ་སྐུ་གསུང་ཐུགས་ཀྱི་བསྟན་པ་མ་ཉམས་པར་བཞུགས་པ་དཔལ་ལྡན་ཛམ་བུ་པྲིཀྵས་མཚན་པའི་གླིང་ཆེན་པོའི་ཡུལ་དབུས་ན་བརྗིད་ཅིང་ཆགས་པའི་གནས་མཆོག་གངས་རྒྱལ་ཏི་སེ་ལྷུན་པོ་བླ་ན་མཐོ་ཞིང་། ཡུལ་གྱི་ཁོར་ཡུག་ཐམས་ཅད་ནས་གངས་དཀར་གྱི་ཕྲེང་བ་ཚར་དུ་དངར་བས་ཕྱོགས་ཀུན་ནས་ཡོངས་སུ་བསྐོར་ཞིང་མི་ལོ་ཁྲི་ཕྲག་ཡར་སྔོན་ ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཞབས་དངོས་སུ་བཅགས་པའི་གནས་གངས་ཅན་བོད་ཀྱི་ཞིང་ཁམས་འདི་ལ་སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་གམ་ཡང་ན་ཆུ་བཞིས་ཕྱེས་པའི་སྒང་བཞི་ལས་བསྡ་སྒང་རིང་མོའི་སའི་ཆར་གཏོགས་པ། ཤར་རྫ་ཟླ་བ་ཤེལ་ཀླུང་དུ་འབོད་པའི་བསྡའི་རི་རྒྱུད་ན་རྫ་ཁོག་ཅེས་གྲགས་པ་དེ་ཡོད་ལ། དེ་ན་མེ་ཏོག་གི་ཁྲ་ཚོམ་བཀྲ་བའི་སྤང་ལྗོངས་དང་ནེའུ་གསིང་གི་ཐང་ཆེན་ན་སྤུ་སྡུག་གི་རི་དྭགས་སྣ་ཚོགས་རྒྱུ་ཞིང་། ཚང་ཚིང་གཡུ་ལོས་བརྒྱན་པའི་ནགས་ཚལ་ན་སྐད་སྙན་བྱ་རིགས་ཀྱི་འཕུར་ལྡིང་རྩེན་པ། དྭངས་གཙང་གི་རྫ་ཆུ་དང་མཚོ་དང་མཚེའུ་རྣམས་སུ་ཉ་གསེར་མིག་ཅན་གྱི་འཁྱུག་རྩལ་འགྲན་པ་སོགས་ཕུན་སུམ་ཚོགས་པའི་གནས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་གྲོང་དང་གྲོང་ཁྱེར་གྱི་ཚུལ་དུ་ཆགས་པའི་ཡུལ་གྱི་དབུས་ན། མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན། རིག་འཛིན་གོང་མ་རྣམས་ཀྱི་ལུང་གིས་བསྔགས་ཤིང་ཡབ་མཁའ་འགྱིང་དཀར་པོས་བྱིན་གྱིས་བརླབས་པ། འཆི་མེད་དྲན་པ་ཡབ་སྲས་ཞབས་ཀྱིས་བཅགས་པའི་གནས་མཆོག་གཡུང་དྲུང་ལྷུན་པོའམ་རྫ་ཁྲ་ལྡོམ་ཝེར་སྙིང་མི་འགྱུར་ཞེས་པ། སྟོད་ལྷུན་པོའི་རྩེ་མོ་དགུང་སྔོན་ལ་ཟུག་ཅིང་དལ་བུར་རྒྱུ་བའི་སྨུག་སྤྲིན་དར་དཔྱངས་དཀར་པོ་བླ་བྲེ་བྲེས་པ། རི་སྐེད་ཀྱི་ཕྱོགས་དང་ཕྱོགས་ཀུན་ཏུ་སྤང་རི་དང་རྫ་རི་བྲག་སྐྱིབས་ཀྱི་རྣམ་པ་དུ་མས་ཡོངས་སུ་ཁེངས་པ། མཐའ་འཁོར་ན་སྔོ་ལྗང་གཡུ་མདངས་ཀྱིས་སྤུད་པའི་ལྷ་ཤིང་ལྗོན་པའི་ཚང་ཚིང་གིས་མཛེས་པར་བརྒྱན་པའི་གྱེར་ཟ་མཆེད་གསུམ་གྱི་མདུན་ཞོལ། ཡུམ་མཁའ་ལ་གདུག་མོས་བྱིན་གྱིས་བརླབས་པའི་ལྕམ་མོ་ཀླུ་སྨན་དཀར་མོ་ཞེས་བླ་མཚོ་ཝ་ན་མཚོ་གསུམ་གྱི་གཡོན་ཟུར། མདུན་རི་དགེ་བསྙེན་ཁྱུང་ཐོག་གི་རྩ་བ། རྒྱབ་རི་ཟེ་མོ་གཡུ་རྩེ་ཞེས་རི་བོ་གླང་ཆེན་འགྱིང་པ་འདྲ་བའི་མགོའི་ཐོག ཐང་ཆེན་མེ་ལོང་སྦུབས་པ་ལྟ་བུའི་དབུས་སུ་ནི་དགོན་སྡེ་འདི་ཉིད་གང་དུ་ཆགས་པའི་གནས་གཞི་ཡིན། དེ་ལ་དགོན་སྡེ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། ལོ་ཟླ་ཞིབ་ཕྲའི་རྩིས་ལ་བགྲངས་མ་ནུས་ཀྱང་མཁས་པ་རྨེའུ་ཚང་གི་གདུང་བརྒྱུད་ཟམ་མ་ཆད་པ་ལས་བྱུང་བའི་རྨེའུ་གྲུབ་ཆེན་ཨ་ཡུ་དང་ར་བྱོན་ཏེ་དུས་རབས་ལྔ་བའི་ནང་ཐོག་མར་དགོན་པ་ཕྱག་བཏབ་པ་ཡིན་པར་གསུངས། དགོན་པའི་གནས་གཞི་དང་པོ་བཟུང་ཚུལ་ནི། དེ་ཡང་རྒྱལ་སྲས་རིག་འཛིན་གོང་མ་ཐམས་ཅད་རང་ཉིད་ལྟ་སྤྱོད་སྒོམ་པའི་འབྲས་བུ་མངོན་དུ་བྱས་ཏེ་གཏན་བདེའི་རྒྱལ་ཁབ་ཆེན་པོར་རིག་པའི་བཙན་སར་ཟིན་ཀྱང་།རིགས་དྲུག་ཏུ་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པས་ནམ་ཡང་ཐུགས་རྗེས་ཡལ་བར་མི་འདོར་བའི་དཔག་ཏུ་མེད་པའི་ཐུགས་བསྐྱེད་ཀྱི་བདག་ཉིད་ཅན་དུ་བཞུགས་པས། གནས་ངེས་མེད་ཀྱི་རྒྱལ་ཁམས་འགྲིམ་ཞིང་བོན་ངེས་མེད་ཀྱི་གདམས་ངག་བསྟན་ཏེ་འགྲོ་དོན་འགྲུབ་པའི་གནས་གང་ལྷག་པ་དེར་ཕེབས་ནས་འགྲོ་བའི་དོན་དུ་སྐུ་མི་ཕོངས་པའི་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་པ་བཞིན། རྨེའུ་སྟོན་ཨ་ཡུ་དང་ར་མཆོག་ཉིད་ཀྱང་དེ་ལས་མི་གཞན་སྟེ་མདོ་ཁམས་སྨད་ལ་འགྲོ་དོན་ཆེ་བར་དགོངས་ཏེ་དྲེལ་དཀར་པོ་ཞིག་ལ་གསུང་རབ་རྒྱབ་གཅིག་བཀལ་ནས་གཤེགས་ཏེ་འོང་། དྲེལ་དཀར་མོ་དེ་གོང་ནས་བཤད་པའི་ས་མིག་དེར་སླེབས་པ་དང་ངལ་གསོ་བྱས་ཏེ་འགྲོ་ཁ་མ་ཉན་པའི་ཚུལ་ལ་བླ་མའི་རྟེན་འབྲེལ་ལེགས་པར་དགོངས་ཏེ་གནས་དེར་དགོན་པ་འདི་ཉིད་བཏབ་པ་ཡིན། དགོན་པའི་མཚན་ལ་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་ཞེས་གསོལ། དེ་ནས་མཁས་ཤིང་གྲུབ་པའི་བདག་ཉིད་རྨེའུ་སྟོན་གཡུང་དྲུང་གཙུག་གཤེན་རྒྱལ་བ་བྱོན་ཏེ་དགོན་འདིར་སྲུང་མའི་བསྐང་གསོལ་སོགས་མཛད་པ་དང་འཆད་ཉན་སྒོམ་སྒྲུབ་ཀྱི་གཞུང་བཟུང་སྟེ་དགོན་པའི་བསྟན་དོན་རྒྱ་ཆེར་བསྐྱངས། དུས་རབས་བཅུ་པའི་སྔ་གཞུག་ཙམ་ན་རྨེའུ་བསོད་ནམས་དབང་གྲགས་རྫ་སྟོད་སྨད་ཀུན་ཏུ་བསྟན་འགྲོའི་དོན་ལ་ཆིབས་བསྐྱོད་གནང་བ་དང་བསྟུན་ཏེ་དགོན་འདིར་ཕེབས་ནས་བསྟན་སྲིད་ལ་བཀའ་དྲིན་བླ་མེད་བསྩལ། དེ་མཚུངས་སུ་རྨེའུ་ཚང་གྲུབ་ཆེན་ནམ་མཁའ་གཡུང་དྲུང་བྱོན་ཏེ་རྨེའུ་སྟོན་ཆེན་པོ་རྨེའུ་ལྷ་རི་གཉེན་པོའི་སྐུ་གདུང་རིང་བསྲེལ་གདན་དྲངས་ཏེ་དེ་ཉིད་བཞུགས་པའི་གདུང་རྟེན་སོགས་རྟེན་གང་མང་བཞེངས་པའི་འཕྲིན་ལས་བསྐྱངས། གཞན་ཡང་རྨེའུ་ཚང་གི་མཁན་རབས་དང་བླ་རབས་ཇི་སྙེད་ཅིག་བྱོན་ཏེ་དགོན་པའི་གདན་ས་བཟུང་ཞིང་སྨིན་གྲོལ་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་སྐུ་གསུང་ཐུག་ཀྱི་རྟེན་གྲངས་མེད་པ་བཞེངས་སུ་གསོལ་བར་མཛད། དེ་ལྟར་མདོ་སྨད་དུ་མཁས་པ་རྨེའུ་ཚང་གི་བསྟན་འགྲོའི་དོན་རྣམས་མཐར་ཕྱིན་ཏེ་རེ་ཞིག་སྟེང་ཆེན་དགོན་དུ་གདུང་བརྒྱུད་ཀྱི་སྐྱེ་རབས་ཕྲེང་བའི་མཇུག་བསྡུ་བ་ལ་ཉེ་བར་ཕྱོགས་སོ།།
གང་ན་བསུང་ཞིམ་པད་ཚལ་རྒྱས་པ་དེར།།
བུང་བའི་ཁྱུ་ཚོགས་ངང་གིས་འཁོར་བ་བཞིན།།
ལུང་གིས་བསྟན་བཞིན་འགྲོ་དོན་འགྲུབ་པའི་སར།།
མངོན་པར་གཤེགས་པ་རྒྱལ་སྲས་སྤྱོད་པའི་གཤིས།།
ཁྱད་པར་མདོ་སྨད་གདུལ་བྱའི་བསོད་ནམས་མཐུ།།
དུས་སུ་སྨིན་པའི་ཡ་མཚན་ལྟས་བཟང་བཅས།།
རྨེའུ་སྟོན་ཨ་ཡུ་དང་རའི་ཐུགས་བསྐྱེད་ལས།།
ཡོངས་སུ་བྱུང་བ་སྟེང་ཆེན་རྣམ་རྒྱལ་གླིང་།།
དགོན་འདི་སྐྱོང་བར་ཟླ་མེད་འཕྲིན་ལས་ཅན།།
རྨེའུ་ཚང་མཁན་རབས་ཇི་སྙེད་བྱོན་རྣམས་ཀྱི།།
རྒྱ་ཆེན་བཤད་སྒྲུབ་འོད་སྟོང་འབར་བའི་གཟིས།།
སྨིན་གྲོལ་པད་མོ་འབྱེད་པའི་མཐའ་མི་དཔོག།
ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གཉིས་པ་དབྲ་སྟོན་ལྷ་ཡི་བློ་གྲོས་ནས་དགོན་འདིར་དབྲ་བའི་བླ་རབས་རིམ་པར་བྱོན་ཚུལ་ལ། དབྲ་ལྕང་སྨོན་གསུམ་གྱི་ལོ་རྒྱུས་སྤྱིར་སྨོས་པ་དང་། དབྲ་སྟོན་ལྷ་ཡི་བློ་གྲོས་ནས་དབྲ་བའི་བླ་རབས་རིམ་པར་བྱོན་ཚུལ་ལོ། །
དབྲ་ལྕང་སྨོན་གསུམ་གྱི་ལོ་རྒྱུས་སྤྱིར་སྨོས་པ།
དེ་ཡང་གོང་ནས་བཤད་པའི་རྨེའུ་ཚང་གི་བླ་རབས་མཁན་བརྒྱུད་བྱོན་མཚམས་སུ་མཚན་གྱི་སྙན་པ་ཉི་ཟླ་ལྟར་གྲགས་པའི་ཀུན་བཟང་གི་ཐུགས་ལས་སྤྲུལ་པའི་རྒྱལ་ཁྱུང་དཀར་གྱི་རིགས་ལས་གྲོལ་བའི་ས་སྐྱོངས་དབྲ་བ་དང་། འགྲོ་མགོན་ལྕང་ལུང་། དམུ་ཚ་སྒ་རིགས་ལས་གྲོལ་བའི་དམ་པ་སྨོན་རྒྱལ་ཏེ་དབྲ་ལྕང་སྨོན་གསུམ་ནི་མདོ་སྨད་རྨ་རྒྱལ་སྤོམ་རའི་ཞོལ་དུ་ལྷན་ཅིག་ཏུ་འཛོམས་ཤིང་གདན་གཅིག་ཏུ་བཞུགས་གནས་ཆགས་པ་ནས་དབྲ་ལྕང་སྨོན་གསུམ་ནི། བཞུགས་པའི་གདན་ས་གཅིག སྒྲུབ་པའི་ཡི་དམ་གཅིག བསྟེན་པའི་སྲུང་མ་གཅིག སྤྱོད་པའི་ལྟ་གྲུབ་གཅིག བྱོན་པའི་ཞིང་ཁམས་གཅིག་ཅེས་པའི་གཏན་ཚིགས་བྱུང་ཞིང་། ཁྱད་པར་མདོ་ཁམས་སྨད་ཀྱི་རྒྱལ་གཤེན་བསྟན་པའི་སྙིང་པོ་གཞིར་བཞེས་སུ་བསླངས་ཏེ་སྨིན་གྲོལ་གདམས་པའི་བརྒྱུད་འཛིན་གྱི་བླ་མ་གསུམ་བྱོན་པ་ནི་དབྲ་ལྕང་སྨོན་གསུམ་གྱི་རིང་མོ་རྣམ་གསུམ་སྟེ་དབྲ་བའི་བློ་གྲོས་རིང་མོ། ལྕང་ལུང་མཁས་བཙུན་རིང་མོ། སྨོན་རྒྱལ་བཙུན་མཆོག་རིང་མོ་དང་གསུམ་མོ། །བླ་མ་དམ་པ་དེ་གསུམ་གྱིས་དབུས་གཙང་ཡུལ་དུ་གྲྭ་སར་བྱོན་པའི་སྲོལ་བཏོད་ནས་སྟོད་ཀྱི་བྲུ་ཞུ་སྤ་གཤེན་གྱི་བླ་མ་སྤྱི་དང་། ཁྱད་པར་མཁས་པ་རྨེའུ་ཚང་གི་བླ་མ་མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་དང་། དགོངས་མཛོད་འདུལ་བ་རིན་པོ་ཆེ་གཉིས་ཀྱི་ཞབས་ལ་གཏུགས་ཏེ་ལམ་བསླབ་པ་གསུམ་གྱི་གཞི་བཟུང་། ཐོས་བསམ་སྒོམ་པའི་གཞུང་བསྲང་། འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་སྤེལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་ཏེ་རིང་མོ་གསུམ་གྱིས་འགྲོ་བ་འདྲེན་ཞེས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དེ་ནས་དབྲ་ལྕང་སྨོན་གསུམ་གྱི་བླ་མ་རྣམས་ཧོར་དཀར་མཛེས་ཡུལ་དུ་སྟབས་ཅིག་ཏུ་ཆགས་ཏེ་དཀར་མཛེས་ཀྱི་དགོན་སྡེ་ཕལ་ཆེའི་བདག་པོར་མཛད་ཅིང་བསྟན་པ་བསྐྱངས། དེ་ཡང་དབྲ་བ་ཚང་གི་སྐབས་དེའི་གདན་ས་གཙོ་བོ་ནི་ད་ལྟའི་དཀར་མཛེས་དགོན་པའི་ཉེ་གནས་སུ་ཡོད་ཅིང་སྡེ་བའི་མིང་ལ་དབྲ་བ་དང་དབྲ་དགོན་ཞེས་འབོད་སྲོལ་ཆགས་ཡོད་པར་མ་ཟད། དབྲ་བ་བླ་མའི་བཞུགས་གནས་ཁྱིམ་ཚང་ལ་ད་ལྟ་དབྲ་དགོན་ཚང་ཞེས་འབོད་ཀྱིན་ཡོད་པ་དེའོ། །དབྲ་བླ་རྣམས་རྫ་ཁོག་ཏུ་ཕེབས་རྗེས་ཆོས་ཀྱི་གྲུབ་མཐའ་གཞན་དུ་འགྱུར་ཡང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་སྤེལ་ཚེ་ཐ་ནའང་བོན་ལུགས་ཀྱི་གཤང་རེ་དཀྲོལ་ནས་བོན་ལྷ་ཞིག་མ་མཆོད་ན་ཡུལ་ཕྱོགས་ལ་བཀྲ་མི་ཤིས་པ་འབྱུང་བའི་གནད་སྙིང་ཡོད་ཕྱིར་ཕྱག་སྲོལ་དེ་ད་ལྟའང་མ་ཉམས་པར་དངོས་སུ་ཡོད་པར་གྲགས། ལྕང་ལུང་གི་གདན་ས་ནི་གོང་ལུང་ཤང་གི་གོང་སྟོད་དུ་ཡོད་ལ་ད་ལྟ་གྲུབ་མཐའ་གཞན་གྱིས་དབང་བྱས་ཀྱང་མིང་དེ་མ་འགྱུར་བར་ལྕང་ལུང་རི་ཁྲོད་ཅེས་འབོད་བཞིན་པ་དེ་ཡིན། སྨོན་རྒྱལ་གདན་ས་ནི་ད་ལྟའི་སྐབས་སུ་ཡང་ཆོས་ལུགས་གཞན་དུ་མ་འགྱུར་བར་གནས་པ་གོང་ལུང་གཡུང་དྲུང་གླིང་ཞེས་དཀར་མཛེས་གསས་མཁར་གོང་ལུང་གྲོང་དུ་ཡོད་པ་དེ་ཡིན་ཏེ། ཏྲེ་སྟོད་རོང་པ་ཚ་རུ་ཡུལ་ལྷ་ཞི་དལ་མཆེད་བརྒྱད། ཡུལ་རྗེ་སྨོན་རྒྱལ་བླ་མས་མཛད། ཏྲེ་སྐེད་གོང་ལུང་བླ་མཚོ་ཕྱུག་མོ་རུ། ཡུལ་ལྷ་དགེ་བསྙེན་དམུ་ར་མཆེད་གསུམ། ཡུལ་རྗེ་ལྕང་ལུང་བླ་མས་མཛད། ཏྲེ་སྨད་ཆུ་ཉིན་སྲིབ་ཏུ།ཡུལ་ལྷ་ཁ་བ་ལུང་རིང་མཆེད་གསུམ། ཡུལ་རྗེ་དབྲ་བ་བླ་མས་མཛད་དེ། སྟོད་དུ་དམ་པ་སྨོན་རྒྱལ་ཞྭ་དཀར་མོ་ཅན་གྱི་གཙུག་ཏོར། བར་དུ་འགྲོ་མགོན་ལྕང་ལུང་། སྟོང་གསུམ་འགྲོ་བའི་སྐྱབས་མགོན། སྨད་དུ་དབྲ་དགོན་ནང་སོ། སེར་ཆགས་བསྟན་པའི་དབུ་རྨོག་ཅེས་ཟེར་བའི་རྒྱུ་མཚན་བྱུང་། དེ་ལྟར་དབྲ་ལྕང་སྨོན་གསུམ་གྱི་བསྟན་འགྲོའི་དོན་ལ་དམིགས་པའི་ཐུགས་དམ་གཅིག་ཏུ་འབྲེལ་ནས་མདོ་ཁམས་སྟོད་སྨད་བར་གསུམ་དུ་ཤར་རྒྱ་རོང་གྱ་ཕུ་དགོན་ཆེན་ཡན་ཆད་དགོན་སྡེ་བརྒྱ་དང་རྩ་བརྒྱད་ཕྱག་བཏབ་པར་གྲགས། དེ་རྣམས་སུ་བཤད་སྒྲུབ་ཟུང་འཇུག་གི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ་སློབ་མ་རིགས་རུས་གཙང་མ་འཛིན་པའི་གདུང་རྒྱུད་པ། སྡོམ་གསུམ་ཉེས་མཚམས་སྲུང་བའི་འདུལ་འཛིན་པ། ལུང་རིགས་རྣམ་དཔྱོད་ཡངས་པའི་རབ་འབྱམས་པ། གསང་ཆེན་རིག་པ་འཛིན་པའི་སྔགས་འཆང་བ། ཡང་དག་དོན་ལ་གཞོལ་བའི་རྣལ་འབྱོར་བ་སོགས་བསྟན་འགྲོའི་དོན་ཆེན་མཛད་ནུས་པའི་སྐྱེས་མཆོག་སྟོང་ཕྲག་དུ་མ་སྐྱེད་སྲིང་མཛད་དོ།།
དབྲ་སྟོན་ལྷ་ཡི་བློ་གྲོས་ནས་དབྲ་བའི་བླ་རབས་རིམ་པར་བྱོན་ཚུལ།
དེ་ནས་དབྲ་སྟོན་ཆེན་མོ་ནམ་མཁའ་ལྷ་ཡི་བློ་གྲོས་སམ་བློ་གྲོས་རིང་མོ་ལ་བཀའ་བབས་ལུང་བསྟན་བྱུང་བ་ལྟར་ཤར་རྫ་ཁོག་གི་ཡུལ་ཏེ། གཡས་རི་ལྷ་ཤུག་གིས་བརྒྱན་པ་ལ་བྱ་ཁུ་བྱུག་གི་སྐད་སྙན་གྲགས་ས། གཡོན་རི་ཙན་དན་ནགས་གསེབ་ནས་གཅན་གཟན་རྣམས་ཀྱིས་ངར་སྐད་འདོན་ས། མདུན་རི་སྤང་དཀར་གྱིས་བརྒྱན་པ་ལ་རྟ་འདོ་བའི་ཚགས་དྲག་ལེན་ས། རྒྱབ་རི་བྲག་དམར་གྱིས་བརྒྱན་པ་ལ་རྒོད་ཐང་དཀར་གྱིས་ཚང་ཆེན་བཅའ་ས། རྫ་དིང་ཆབ་དཀར་གྱི་འདུས་མདོ་ན་ཆགས་པའི་སྟེང་ཆེན་གཡུང་དྲུང་རྣམ་རྒྱལ་གླིང་དུ་ཞབས་ཀྱི་སོར་མོ་དངོས་སུ་བཀོད་དེ་ཟེར་འཕྲོ་དགོན་དང་བོན་པོ་དགོན་སོགས་སྟོད་སྨད་ཀུན་ཏུ་དགོན་སྡེ་ཉེར་ལྔ་ཙམ་ཕྱག་བཏབ་པ་མཛད་ཅིང་། མཆོག་ཉིད་བཞུགས་གནས་གཙོ་བོ་གདན་ས་གོང་འོག་བར་གསུམ་སྟེ་སྐུ་སྟེང་ཆེན་རྣམ་རྒྱལ་གླིང་། གསུང་ཟེར་འཕྲོ་སྟོབས་མཆོག་དགོན། ཐུགས་དབེན་གནས་བོན་པོ་དགོན་ཞེས་སྐུ་གསུང་ཐུགས་ཀྱི་ཚུལ་དུ་ཆགས་བཏབ་ཅིང་ལྗོངས་འདིའི་བསོད་ནམས་ཀྱི་དཔལ་དུ་ཆེ་བར་གྱུར། སྐབས་དེར་གླིང་སྟོད་དེ་དབྲ་བའི་གདན་ས། རྟེན་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་གི་བདག་པོ། གླིང་སྐེད་དེ་སྨོན་རྒྱལ་གྱི་གདན་ས། རྟེན་བཀྲ་ཤིས་འོད་འབར་གྱི་བདག་པོ། གླིང་སྨད་དེ་ལྕང་ལུང་གི་གདན་ས་ལྷ་རྣམ་པར་རྒྱལ་བའི་བདག་པོ་ཞེས་སྙན་པའི་གྲགས་པ་ཡོངས་ལ་ཁྱབ་པར་གྱུར། དམ་པ་འདི་ཉིད་ལམ་བསླབ་པ་གསུམ་གྱི་གཞི་བཟུང་སྟེ་ཕྱི་འདུལ་བའི་སྐུ་བཙུན་ཞིང་། ནང་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཕྱུག་པ་དང་། གསང་བ་གསང་སྔགས་དམ་ཚིག་ཟབ་མོ་ལ་ཉེས་པའི་དྲི་མས་མ་བསླད་པ། ཡང་གསང་རྫོགས་པ་ཆེན་པོའི་ལྟ་བ་ལ་གདེང་ཐོབ་ཅིང་ཡི་དམ་གྱི་ལྷ་ཞལ་གཟིགས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་སྟེ། དབྲ་བ་ཚང་གི་རྟེན་བྱིན་ཅན་གཤེན་རབ་མི་བོའི་ཚེམས་ལས་གྲུབ་པའི་དུང་དཀར་འཕར་ཆེན་དེ་ཀ་དམ་ཡེ་ཤེས་རྒྱལ་མཚན་གྱི་ཕྱག་ནས་འཕུར་ཤོར་བ་ཁོང་གི་ཕྱག་ཏུ་བབས་ཏེ་ཐུན་མིན་གྱི་དངོས་གྲུབ་བརྙེས། ཁྱད་པར་དུ་དམ་པ་མཆོག་གིས་སྟེང་ཆེན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་སོགས་བསྐྱར་བཞེངས་དང་རྒྱ་ཇེ་ཆེར་བསྐྱེད་དེ་རྟེན་བཞེངས་རྒྱ་ཆེར་གནང་བ་དང་། སྨིན་གྲོལ་གྱི་དབང་ལུང་ཁྲིད་གསུམ་བསྩལ་ནས་དགོན་པའི་བསྟན་དོན་ཐམས་ཅད་ཀྱི་བདག་པོར་བཞེས་ཏེ་བསྟན་པ་ཤིན་ཏུ་རྒྱས་པར་བྱུང་སྟེ། སྨོན་གཤེན་གྱི་སྒར་གཏམ་ལས། དེ་ལ་བརྟེན་པའི་བླ་མ་གྲྭ་འཁོར་ལ། གདུང་རྒྱུད་མཐར་ཕྱིན་བླ་མ་བརྟེན་སྒམ་ཅན་ལ་ཉིས་བརྒྱ་ཉེར་ལྔ། འདུལ་བ་མཐར་ཕྱིན་གྱི་དྲང་སྲོང་ཆོས་གོས་ཅན་ལ་ཉིས་བརྒྱ་ཉེར་ལྔ། རྩོད་པ་མཐར་ཕྱིན་བཀའ་རམ་སྒྲོས་འདོགས་ཅན་ལ་ཉིས་བརྒྱ་ཉེར་ལྔ། གསང་སྔགས་མཐར་ཕྱིན་སྔགས་པ་ཞྭ་ནག་ཅན་ལ་ཉིས་བརྒྱ་ཉེར་ལྔ། སེམས་ཉིད་མཐར་ཕྱིན་སྒོམ་ཆེན་སྒོམ་ཐག་ཅན་ལ་ཉིས་བརྒྱ་ཉེར་ལྔ། བརྒྱ་དང་སྟོང་ལྔ་དེ་དང་མཐུན་པའི་ཕྱི་ནང་གསང་གསུམ་འཛོམས་པའི་བླ་མ། དབྱངས་རྟ་བརྡུང་གསུམ་མཁས་པའི་དབུ་མཛད། མཁས་བཙུན་བཟང་གསུམ་འཛོམས་པའི་གྲྭ་འཁོར། ཆེ་གཉེན་བཙུན་གསུམ་འཛོམས་པའི་བོན་གཙོ། བདེ་མྱུར་གུས་གསུམ་འཛོམས་པའི་ཕྱག་བདེ། གཙང་དག་ཁྲུས་གསུམ་འཛོམས་པའི་མཆོད་དཔོན། རྒྱུ་ནོར་ཟས་གསུམ་འཛོམས་པའི་ཆོས་ཐེབས། དད་འབྱོར་གུས་གསུམ་འཛོམས་པའི་སྦྱིན་བདག ཁྲིམས་གཉིས་ཟུང་དང་ལྡན་པའི་ཆོས་ཁྲིམས། ཚོགས་གཉིས་རྒྱུད་ལ་རྫོགས་པའི་གཉེར་འཛིན། དེ་ལ་བརྟེན་པའི་འདོན་པའི་ཞལ་འགྲིག་བདེ་བ་ལ་ཚངས་པའི་དབྱངས་དང་ལྡན་པ། བརྡུང་བའི་ཕྱག་འགྲིག་བདེ་བ་ལ་རོལ་མོའི་བྱེ་བྲག་འབྱེད་པ། འཆམ་པའི་ཞབས་འགྲིག་བདེ་བ་ལ་རྔམ་པའི་གར་དང་ལྡན་པ། ཞེས་དང་། བསྟན་པའི་སྦྱིན་བདག་ཐམས་ཅད་ཀྱི་བླ་ཡི་མཆོད་གནས་དམ་པ་དང་མཆོད་པའི་ཞིང་ས་ཆེན་པོ་རུ་ཆགས། ཞེས་གསུངས་ཤིང་། ལྕང་ལུང་མཁས་བཙུན་རིང་མོའི་ཞལ་རྒྱུན་ལ། རྫ་སྟེང་ཆེན་རྣམ་རྒྱལ་གླིང་པ་ལ། །བཀའ་ཕྱི་ནང་གསང་གསུམ་སྲོལ་ཆེན་བཞག །བོན་གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུགས། །དེར་བསྟན་པ་མཐའ་ཡུན་རྒྱས་ས་ཡོད། །ཅེས་གསུངས་པ་ལྟར་བསྟན་པའི་རྒྱལ་མཚན་ཡོངས་སུ་བསྒྲེངས་བར་མཛད་དེ་དགོན་པའི་དབུ་བླ་བཞུགས་ནས་སྟེང་ཆེན་རྣམ་རྒྱལ་གླིང་གི་དབྲ་བའི་གདུང་རྒྱུད་ཀྱི་བླ་རབས་ཐོག་མར་གྱུར་ཏོ།།
དབྲ་བའི་བླ་རབས་གཉིས་པ་ཚུལ་ཁྲིམས་རྒྱལ་མཚན།
དམ་པ་མཆོག་ནི་རྨེའུ་མཁས་པ་དཔལ་ཆེན་གྱི་དྲུང་དུ་ཕེབས་ཏེ་ཨ་རྫོགས་སྙན་གསུམ་གྱི་སེམས་ཀློང་མན་ངག་གི་གདམས་པ་ཐམས་ཅད་ཚུལ་བཞིན་དུ་གསན་པ་དང་ཀུན་བཟང་གི་ལྷ་ཞལ་གཟིགས་ཤིང་ཟུང་འཇུག་སྐུ་བཞིའི་འབྲས་བུ་རང་སར་ཟིན་ཏེ།གསང་རིག་གཟུངས་གསུམ་གྱི་འཕྲིན་ལས་རྒྱ་ཆེན་པོ་གྲུབ་བོ། །
དབྲ་བའི་བླ་རབས་གསུམ་པ་ཚུལ་ཁྲིམས་དབང་ལྡན།
དེ་ཡང་བླ་མ་འདི་ཉིད་ཀྱི་ལྗགས་མཆིལ་ལས་མེ་འབར་བ་དང་ལྷ་སྲིན་གདོན་བགེགས་ཐམས་ཅད་གནས་སུ་བསྒྲོལ་བ་སོགས་གྲུབ་རྟགས་མཐའ་ཡས་པ་ལ་མངའ་བརྙེས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་ཡིན་པས་བསྟན་འགྲོའི་འཕྲིན་ལས་བསྐྱངས་པའི་མཛད་པ་རྒྱ་ཆེའོ།།
དབྲ་བའི་བླ་རབས་བཞི་པ་ཤེ་ཙུ་ཛྙ་ན།
རྟོགས་ལྡན་དམ་པ་འདིས་ཡི་དམ་དབལ་གསས་རྔམ་པ་བསྒྲུབས་པས་གྲུབ་པའི་འབྲས་བུ་མངོན་དུ་ཁུམས་ནས་གྲུབ་པ་ཐོབ་སྟེ་ནམ་མཁའི་དབྱིངས་ནས་འཇའ་འོད་འདྲེན་པ་དང་། ལྟ་སྒོམ་ཉམས་ཀྱིས་མྱོས་པའི་གསུང་མགུར་གླུ་རུ་ལེན་པ་སོགས་ཐུན་མིན་གྲུབ་ཐོབ་ཆས་ཀྱིས་འགྲོ་བ་འདུལ་བའི་མཛད་པ་བསྐྱངས་པའི་རིག་འཛིན་ཆེན་པོ་ཞིག་གོ །
དབྲ་བའི་བླ་རབས་ལྔ་པ་འདུལ་བ་རྒྱལ་མཚན།
རྗེ་བླ་མ་འདི་གཙང་གཡས་རུ་དབེན་ས་ཁར་ཕེབས་ཏེ་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་མདུན་ནས་དག་པ་དྲང་སྲོང་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཞུས་ཏེ་བསྙེན་པར་རྫོགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། ཁྲོ་བོ་འབྲུག་སྲས་ཆེམ་པའི་ལྷ་ཞལ་གཟིགས་ཤིང་རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མངའ་དབང་བསྒྱུར་ཅིང་། དྲི་མེད་བསླབ་པ་གསུམ་གྱི་བསྟན་པའི་སྲོག་ཤིང་འཛིན་ནས་འདུལ་བའི་འཕྲིན་ལས་རྒྱ་ཆེར་སྤེལ་བའོ།།
དབྲ་བའི་བླ་རབས་དྲུག་པ་ཁྲོ་བོ་རྒྱལ་མཚན།
བླ་མ་འདིས་ཡི་དམ་ཁྲོ་བོ་བསྒྲུབས་པས་ཡི་དམ་ལྷ་དང་གཉིས་སུ་མེད་པའི་གསང་ཆེན་ཁྲོ་བོ་རོལ་བའི་དཀྱིལ་འཁོར་དངོས་སུ་གྲུབ་སྟེ་ཡི་དམ་གྱི་ཞལ་གཟིགས་ཤིང་གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོར་གྱུར་ཏེ་སྔོན་མོའི་ལྕགས་དར་ལྟར་མདུད་པ་སོགས་གྲུབ་པ་བརྙེས་པའི་ངོ་མཚར་རྟགས་ཀྱི་རྒྱལ་མཚན་མཁའ་ལ་ཡོངས་སུ་ཕྱར་བར་མཛད། སྔོན་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས་ཤར་རྨ་རྒྱལ་པོམ་ར་ན་གཏེར་དུ་སྦས་པའི་རིན་པོ་ཆེ་རྒྱུ་གཟི་ཁྱིམ་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་དེ་དམ་པ་མཆོག་གིས་གཏེར་ཞལ་ཕྱེས་པ་ཡིན་ནོ།།
དབྲ་བའི་བླ་རབས་བདུན་པ་ཧ་ར་ཤེལ་བཞིན།
དམ་པ་མཆོག་ནི་དུས་རྟག་ཏུ་དབེན་པའི་གནས་སུ་ཐུགས་དམ་གཙོ་བོ་མི་ཡེངས་པའི་ཏིང་འཛིན་ཟབ་མོ་ལ་བྱས་ཏེ་ཚེ་དང་སྒྲུབ་པ་མཉམ་ཞིང་སྣང་སེམས་རོ་གཅིག་ཏུ་འདྲེས་ཏེ་ངང་ཉིད་ཆེན་པོའི་ལྷ་སྐུར་གྲོལ་བའོ།།
དབྲ་བའི་བླ་རབས་བརྒྱད་པ་མུ་ལ་ཤེལ་བཞིན།
བླ་མ་འདི་ཉིད་ས་ལམ་གྱི་རྟོགས་པའི་ཡོན་ཏན་ཐམས་ཅད་ཐུགས་རྒྱུད་ལ་འཕོས་ཏེ་མངོན་ཤེས་ལ་ཐོགས་པ་མེད་ཅིང་དུས་གསུམ་ས་ལེར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་ཡིན་ནོ།།
དབྲ་བའི་བླ་རབས་དགུ་པ་གཡུང་དྲུང་བློ་གྲོས།
རབ་འབྱམས་གཞུང་ལུགས་ཡོངས་ལ་ཐོས་བསམ་གྱི་ཤེས་རབ་རྒྱས་ཤིང་རིག་སྟོང་གཉུག་མའི་རྟོགས་པ་རྗེན་པར་གཟིགས་པའི་མཁས་གྲུབ་ཆེན་པོ་འདིས་དགེ་འདུན་འདུས་པའི་སྡེ་ཚོགས་བཤད་སྒྲུབ་ཀྱི་འཁོར་ལོས་མངའ་དབང་བསྒྱུར་ཅིང་། དགོན་པའི་རླབས་ཆེན་བསྟན་དོན་ཐམས་ཅད་ཀྱི་ཐུགས་འགན་ཆེད་བཞེས་ཀྱིས་དགོན་པའི་དབུ་འཕང་དགུང་དུ་འདེགས་པར་མཛད།
དབྲ་བའི་བླ་རབས་བཅུ་པ་ཉི་རུ་ཝེར་ཞི།
དམ་པ་འདིས་ཁྲོ་བོ་གཙོ་མཆོག་གི་ཞལ་གཟིགས་ཤིང་རྡོ་ལ་ཕྱག་རྗེས་བཞག་པ་དང་སྡེ་བརྒྱད་བྲན་དུ་བཀོལ་བ་སོགས་ཀྱི་གྲུབ་རྟགས་ལ་མངའ་བརྙེས་པའི་གྲུབ་ཐོབ་ཀྱི་རླབས་ཆེ་བའི་མཛད་པ་ཤིན་ཏུ་མང་།
དབྲ་བའི་བླ་རབས་བཅུ་གཅིག་པ་སྟག་རིས་མགོ་པ།
བླ་མ་འདི་ཉིད་ནི་སྟག་ཞྭ་དང་སྟག་བེར་སྐུ་ལ་གསོལ་བས་སྟག་རིས་མགོ་པ་ཞེས་བྱ་ཞིང་། གླིང་ཆེ་རྒྱུད་ཁོག་གི་འགུར་ལྷ་ཟོ་དོར་རྫ་སྟོད་ལྕི་རྒྱལ་སྟག་རིའི་དབུ་རྩེར་མཁའ་འགྲོ་གསང་བའི་ཐུགས་དམ་ལ་ཡུན་རིང་བཞུགས་ཤིང་། སྟེང་ཆེན་ནས་དྲེལ་དཀར་པོ་ཞིག་ལ་མཚམས་རྒྱགས་བཀལ་ནས་བཏང་བས་དྲེལ་དེས་རང་ཤུགས་ཀྱིས་རྒྱགས་སྤྲད་ནས་ཕྱིར་ལོག་པར་གྲགས། སྐབས་དེར་ལྕི་རྒྱལ་སྟག་རིའི་ཉེ་ཐད་དུ་གནས་པའི་ཟོ་དོར་དྲེགས་པ་མི་ཐེའུ་ཞེས་པས་ཏིང་ངེ་འཛིན་གྱི་ཟིལ་མ་བཟོད་དེ་གདུག་པའི་ཆོ་འཕྲུལ་ལན་གསུམ་བསྟན་པའི་ཐ་མར། གནམ་ལྕགས་ཐོག་མདའ་འཕང་པ་བླ་མས་སྡེ་བརྒྱད་དྲེགས་པའི་ང་རྒྱལ་གཞོམ་ཕྱིར་ཁྲོ་ཆུ་བར་སྣང་ནས་བཅངས་ཏེ་ཕྱག་རྗེས་ཁྱད་དུ་འཕགས་པ་བཞག་ནས་ཀུན་ཀྱི་ མཐོང་སྣང་དད་རྟེན་དུ་གནང་བས་དབྲ་བ་བླ་མས་ཐོག་བཅང་ཞེས་ཡོངས་སུ་གྲགས་པར་གྱུར། བླ་མ་ཚེ་དབང་རིག་འཛིན་གྱིས་མདོ་སྨད་རྒྱས་བཟང་གྲགས་ལ་གཏེར་དུ་སྦས་པའི་སྟོན་པ་གཡུ་ཐོད་མ་དེ་དམ་པ་ཁོང་གིས་གཏེར་ནས་སྤྱན་དྲངས་ཏེ་དབྲ་བ་ཚང་གི་རྟེན་མཆོག་གྲས་སུ་བཞུགས་སུ་གསོལ། །གཞན་ཡང་ཕྱག་གི་སྡིག་མཛུབ་ཀྱིས་གཡུ་འབྲུག་སྔོན་མོ་ས་ལ་ཕབ་པ་སོགས་གྲུབ་རྟགས་ལ་ཐོགས་པ་མེད་པའི་རིག་འཛིན་ཁྱད་དུ་འཕགས་པ་ཞིག་བྱོན་པའོ།།
དབྲ་བའི་བླ་རབས་བཅུ་གཉིས་པ་བསྟན་འཛིན་དབང་ལྡན།
རྗེ་བཙུན་དམ་པ་འདིས་ཁྲོ་བོ་གསང་མཆོག་བསྒྲུབས་པས་ཡི་དམ་ལྷའི་སྐུ་དང་དབྱེར་མེད་དུ་འགྲུབ་ཅིང་ཐུགས་དགོངས་ཉི་མ་བཞིན་རྒྱས་ཏེ་རྣམ་དག་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ། ལྷག་པར་དགོན་པར་གནས་པའི་དགེ་འདུན་འདུས་སྡེ་རྣམས་ལ་བཅའ་སྒྲིག་དམ་པོ་བཞག་སྟེ་བཤད་སྒྲུབ་བསྟན་པའི་འཁོར་ལོ་ཆེས་ཆེར་བསྐོར་བར་མཛད། དབྲ་བ་ཚང་གི་རྟེན་བྱིན་ཅན་གནམ་ལྕགས་དཀར་པོ་ལས་གྲུབ་པའི་ཀུན་བཟང་གི་སྐུ་ཆུང་བ་དེ་དམ་པ་འདི་ཉིད་ཀྱིས་གཏེར་ཞལ་ཕྱེས་པའོ།།
དབྲ་བའི་བླ་རབས་བཅུ་གསུམ་པ་གཡུང་དྲུང་འགྱུར་མེད།
དེ་ཡང་བླ་མ་འདི་ཉིད་ནི་ལྔ་རིག་མཁྱེན་པའི་དབང་ཕྱུག་ཀུན་གྲོལ་འཇའ་ཚོན་སྙིང་པོ་སོགས་བླ་མར་བསྟེན་ཏེ་མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་བསམ་དང་ཉམས་བཞེས་རྒྱ་ཆེར་མཛད་དེ་ཕྱི་འདུལ་བའི་སྐུ་བཙུན་པ། ནང་བྱང་ཆུབ་སེམས་ལ་ཐུགས་རྒྱུད་འབྱོངས་པ། གསང་བ་སྔགས་ཀྱི་དམ་ཚིག་ལ་དྲི་མས་དབེན་ཞིང་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་སྟེ་ལྕགས་ཀྱི་ཆབ་བཀག་ལ་མདུད་པ་རྒྱབ་པ་སོགས་གྲུབ་རྟགས་དང་མངོན་ཤེས་གང་ལའང་ཐོགས་པ་མེད་པ། བྱུང་བས་སྟེང་ཆེན་དགོན་པའི་རྟེན་དང་བསྟན་པའི་བདག་པོ་མཛད་ཅིང་། དགོངས་པ་ཞི་བར་གཤེགས་པའི་སྐུ་གདུང་ལས་དུང་དཀར་རང་བྱོན་རིང་བསྲེལ་གྱིས་བརྒྱན་པ་བྱུང་བས་དབྲ་བ་ཚང་གི་རྟེན་བྱིན་ཅན་གྲས་སུ་མངའ་གསོལ་བར་མཛད་དོ། །དེ་ལྟར་དབྲ་བའི་བླ་རབས་བཅུ་གསུམ་གྱི་བླ་མ་རྣམས་ནི་དབྲ་བའི་གདུང་ལས་སོན་པ་ཤ་སྟག་ཡིན་ཞིང་། བསླབ་པ་ཚུལ་ཁྲིམས་ལ་གནས་པའི་འདུལ་བ་པ་དང་། གསང་ཆེན་རིག་པ་འཛིན་པའི་སྔགས་འཆང་བ་ཅི་རིགས་སུ་བྱོན་ཏེ་སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་དང་ལྷག་པར་སྟེང་ཆེན་རྣམ་རྒྱལ་གླིང་གི་བཤད་སྒྲུབ་བསྟན་པའི་དགའ་ཚལ་ཡོངས་སུ་རྒྱས་པར་མཛད་པའི་འཕྲིན་ལས་ཉི་མའི་དཀྱིལ་འཁོར་དང་མཉམ་པའི་གདུང་འཛིན་གྱི་སྐྱེས་མཆོག་ཁོ་ན་བྱོན་པ་སྟེ། གཏམ་བཤད་ཡིག་རྙིང་ལས། དེ་བཞིན་དབྲ་སྟོན་ལྷ་ཡི་བློ་གྲོས་མན་ཆད་ནས། དབྲ་བ་གཡུང་དྲུང་འགྱུར་མེད་ཡན་ཆད་ལ་གདུང་རྒྱུད་དར་དཀར་གྱི་ཉག་ཐག་ལ། སྐྱེས་མཆོག་ཤེལ་དཀར་གྱི་ཕྲེང་བ་ལྟར་རིམ་པར་བྱོན་ནས་གྲུབ་པ་ཐོབ་པའི་གདུང་རྒྱུད་བཅུ་གསུམ་རྫོགས། གྲུབ་པ་ཐོབ་པའི་རྟགས་རེ་ལ། །ནམ་མཁའི་ཐོག་ལ་ཕྱག་རྗེས་བཞག །གོར་མོའི་རྡོ་ལ་ཞབས་རྗེས་བཞག། སྔོན་མོའི་ལྕགས་ལ་ཕྱག་མདུད་བཞག །ཅེས་གསུངས་སོ། དེ་ལྟར་དབྲ་བའི་གདུང་རབས་ཀྱི་བླ་མ་བཅུ་གསུམ་བྱོན་མཚམས་རྫོགས་པ་ནས་དབྲ་བའི་གདུང་རྒྱུད་ཀྱི་འགྲོ་དོན་མི་འོང་བ་མ་ཡིན་ཡང་། སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་འདིར་གདུང་རྒྱུད་ལས་ཀྱང་སྤྲུལ་པའི་སྐུར་བྱོན་ཏེ་གདུལ་དཀའི་འགྲོ་བ་འདུལ་ན་བསྟན་འགྲོའི་འཕྲིན་ལས་རྒྱ་ཆེན་འགྲུབ་པའི་ཚུལ་ལ་དགོངས་ནས་གསང་སྔགས་རིག་པ་འཛིན་པའི་སྐུར་སྤྲུལ་ནས་བྱོན་པའོ།།
ཕན་བདེའི་གཞིར་གྱུར་སྔ་འགྱུར་འཕྲུལ་ངག་བོན།།
བཤད་སྒྲུབ་སྒོམ་པས་ཡོངས་བཟུང་དབྲ་སྟོན་གྱི།།
གདུང་རྒྱུད་ཉི་ཟླའི་ཕྲེང་བ་ལྟར་བྱོན་པའི།།
མཛད་འཕྲིན་འོད་ཀྱིས་ལྗོངས་འདི་སྣང་བར་བྱས།།
གསང་བ་གསུམ་གྱི་ཀླུང་ཆེན་རྣམ་བཞིའི་རྒྱུན།།
ཇི་སྙེད་འཕྲིན་ལས་གཅིག་ཏུ་ལེགས་བསྐྱིལ་བའི།།
བཤད་སྒྲུབ་ཆུ་གཏེར་འཕེལ་བའི་གཉེན་གཅིག་པུ།།
མཁས་གྲུབ་ཟླ་གཞོན་ཞིང་འདིའི་གཙུག་ན་རྒྱལ།།
མི་བཟོད་མྱ་ངན་ཚ་གདུང་འབར་བའི་གཟིས།།
ཉེ་བར་གཙེས་པའི་ཉམ་ཐག་འགྲོ་རྣམས་ལ།།
ལེགས་མཛད་འཕྲིན་ལས་རིན་ཆེན་གདུགས་དཀར་ཏེ།།
ཞི་བསིལ་ཕན་བདེའི་དགའ་སྟོན་སྙོམ་པར་སྦྱིན།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དབྲ་བའི་བླ་རབས་བཅུ་བཞི་པ་བསྟན་འཛིན་ཚུལ་ཁྲིམས།
དེ་ཡང་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་ཞབས་བསྐྱོད་མདོ་སྨད་རྫ་ཡུལ་དུ་བསྒྱུར་ཚེ་སྟེང་ཆེན་དགོན་གྱི་མཆོག་སྤྲུལ་འདི་ཉིད་གཙོས་སེམས་དཔའ་འདུས་སྡེ་ཕྱེད་དང་ཉིས་བརྒྱ་ཙམ་གྱིས་རོལ་མོ་དང་སེར་ཕྲེང་གིས་བསུས་ཏེ་གདན་ཞུས་བྱས་ནས་མཁན་རིན་པོ་ཆེའི་དྲུང་དུ་ཞི་ཁྲོའི་དབང་ལུང་ཁྲིད་གསུམ་གང་མང་ཉམས་སུ་བཞེས་པར་མཛད། ལྷག་པར་ལྷག་པའི་ལྷ་མཆོག་ཡི་དམ་སྟག་ལ་བསྒྲུབས་པས་སྐུ་ལས་མེ་འབར་བ་དང་། བསྟན་པའི་དགྲ་བགེགས་གནས་སུ་སྒྲོལ་བའི་གྲུབ་རྟགས་སྣ་ཚོགས་ལ་དབང་ཐོབ་པའོ།།
དབྲ་བའི་བླ་རབས་བཅོ་ལྔ་པ་ཤེ་ཙུ་དྲུང་མུ།
དམ་པ་འདི་ཡང་སྡེ་སྣོད་གཞུང་ལུགས་ཡོངས་ལ་མཁས་པར་སྦྱངས་ཤིང་། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་ཡུན་རིང་བསྐྱངས་པར་མ་ཟད་། འཁོར་འདས་ཐམས་ཅད་གཟིགས་པའི་མངོན་ཤེས་ལ་ཐོགས་པ་མེད་ཅིང་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་འཕྲིན་ལས་ཀྱི་བདག་ཉིད་ཅན་དུ་བཞུགས་པའོ།།
དབྲ་བའི་བླ་རབས་བཅུ་དྲུག་པ་ཤེས་རབ་དབང་རྒྱལ།
མཆོག་སྤྲུལ་འདི་ཉིད་ནི་དུས་རྟག་ཏུ་དབེན་པའི་གནས་སུ་རྣལ་འབྱོར་གྱི་བརྟུལ་ཞུགས་འཆང་ཞིང་ཟག་མེད་ཏིང་ངེ་འཛིན་བདུད་རྩིའི་ཟས་ལ་ལོངས་སྤྱོད་པའི་རྟོགས་ལྡན་པ་ཞིག་གོ།
དབྲ་བའི་བླ་རབས་བཅུ་བདུན་པ་བསྟན་འཛིན་ཉི་མ།
སྤྲུལ་བའི་སྐུ་མཆོག་འདི་མདོ་སྔགས་ལམ་རིམ་གྱི་གཞུང་ལུགས་ཀུན་ལ་འོལ་ཚོད་དུ་མ་སོང་བའི་ཉམས་བཞེས་ཡུན་རིང་མཛད་དེ་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས་ཐུགས་རྒྱུད་གཏམས་ཤིང་། འགྲོ་ཀུན་སྨིན་གྲོལ་གྱི་དཔལ་ལ་བཀོད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་ཞིག་བྱོན་པས་སྟེང་ཆེན་དགོན་པའི་བཤད་སྒྲུབ་ཀྱི་བསྟན་པ་དང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་མཛད་འཕྲིན་ཤིན་ཏུ་ཆེའོ།།
དབྲ་བའི་བླ་རབས་བཅོ་བརྒྱད་པ་ཉི་མ་རྒྱལ་མཚན།
དམ་པ་འདིས་ལྷག་པའི་ལྷ་མཆོག་ཡི་དམ་གེ་ཁོད་ཀྱི་ཞལ་དངོས་སུ་གཟིགས་ཤིང་དབུ་བྱང་ཐབས་ཤེས་གཉིས་མེད་མཚོན་པའི་ཨ་མ་དུ་གསུམ་དང་དུང་དཀར་གྱི་རང་བྱོན་ཅན་ཁྱད་པར་འཕགས་པའི་རྟེན་བྱིན་ཅན་དེ་འགྲོ་བ་ཡོངས་ཀྱི་དད་རྟེན་དུ་བཞག་ཅིང་། དགོན་པའི་བསྟན་དོན་གྱི་བྱ་བ་སྔར་མུས་སུ་ཡུན་རིང་དུ་བསྐྱངས་པའི་མཐར་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་གཤེགས་སོ།།
དབྲ་བའི་བླ་རབས་བཅུ་དགུ་པ་དབྲ་སྟོན་བསྟན་འཛིན་དབང་རྒྱལ།
དེ་ཡང་གཏམ་ཡིག་འཐོར་བུ་ལས། ད་ལན་དབྲ་ཡི་མཆོག་སྤྲུལ་ཉི་མ་རྒྱལ་མཚན་གྱི་ཡང་སྲིད། གཡུང་དྲུང་བསྟན་འཛིན་དབང་གི་རྒྱལ་པོ། བླ་ཆེན་དྲན་པ་བདུད་འདུལ་དངོས་བྱོན། དགོངས་གཏེར་ཐམས་ཅད་རང་བརྡོལ་མཁྱེན་པ་འདི་ཉིད། གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུགས། གང་ལ་ཁྱད་འཕགས་འགྲན་ཟླ་བྲལ། ཡོན་ཏན་ནམ་མཁའི་མཐའ་ལ་འགྲན། ཞེས་པ་ལྟར་བླ་ཆེན་དྲན་པ་བདུད་འདུལ་མི་ཡི་ཟོལ་གྱིས་བྱོན་པའི་གྲུབ་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་འཁྲུངས་ཡུལ་ནི། སྟོད་ཀྱི་ར་སྐོར་གཉེན་ཆེན་རི་བོའི་མདུན་ཞོལ་དུ་སྐུ་བལྟམས། དེ་ནས་སྟེང་ཆེན་རྣམ་རྒྱལ་གླིང་གི་གསེར་ཁྲིར་མངའ་གསོལ་བ་ནས་གྲུབ་དབང་ཁ་སེར་མགོ་དཀར་སོགས་ཀྱི་ཞབས་ལ་བསྟེན་ཏེ་རབ་འབྱམས་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་གསན་བསམ་ཉམས་བཞེས་མཛད་ཅིང་། ཡི་དམ་གསས་མཁར་མཆོག་ལྔ་གཙོས་པའི་ཡི་དམ་རྣམས་ལ་བསྙེན་སྒྲུབ་ལས་གསུམ་གྱི་གཞུང་བསྲང་སྟེ་བསྙེན་ཚད་གྲངས་མེད་བསྐྱལ་བའི་ཞོལ་དུ། དགོན་པའི་བསྟན་སྲིད་ཀྱི་བྱ་བཞག་ཐམས་ཅད་མཛད་པའི་འཕྲིན་ལས་ཀྱི་སྙིང་པོར་གཟིགས་ཏེ་དགོན་པའི་བདག་པོར་བཞེས། རབ་བྱུང་བཅུ་བཞི་པའི་ས་མོ་ལུག་༼སྤྱི་ལོ་༡༨༥༩༽ལོར་སྟེང་ཆེན་དགོན་གྱི་མདུན་ཞོལ་ཡུལ་ཤང་ཐང་སྡེ་བ་ན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་སྐུ་བལྟམས་ཏེ་གྲུབ་རྗེ་མཆོག་གི་ནང་ཐུགས་ཀྱི་སྲས་གཅིག་པུ་ལྟ་བུ་བཟུང་ནས་བསྐྱངས་བར་མཛད། གྲུབ་རྗེ་མཆོག་ནི་མཁྱེན་བརྩེ་ལྟ་དགོངས་ལ་མངའ་བརྙེས་ཤིང་འབྱུང་བཞི་ལ་རང་དབང་ཐོབ་པའི་གྲུབ་པའི་རིག་འཛིན་ཆེན་པོ་ཞིག་བྱུང་བས། གོར་མོའི་རྡོ་ལ་ཞབས་རྗེས་ལམ་མེར་བཞག་སྟེ་ད་ལྟ་གད་ཀླུང་རྡོ་འབུམ་རྩར་མཇལ་ཡུལ་དུ་གྱུར་ཡོད་ཅིང་། སྔོན་མོའི་ལྕགས་དར་ལྟར་མདུད་དེ་དེང་སང་ཡང་སེར་སྐྱ་འགས་ཉར་ཡོད། གཞན་ཡང་གྲུབ་ཐོབ་ཀྱི་མཛད་པ་བརྗོད་ཀྱིས་མི་ལང་སྟེ། རྗེ་ཉིད་ཀོང་པོའི་ཡུལ་དུ་གནས་སྐོར་ལ་ཕེབས་ཚེ་མཆོག་ཉིད་ཀྱི་ན་བཟའ་རྣམས་ལྗོན་ཤིང་ཞིག་ལ་བཅོལ་བ་བཞིན་ལྗོན་ཤིང་གིས་ཉར་ཚགས་བྱས་པས་དབྲ་བའི་ཐང་ཤིང་ཞེས་ཡོངས་སུ་གྲགས་པར་གྱུར། དེ་ནས་དབུས་གཙང་ཡུལ་དུ་ཕེབས་ཏེ་གཙང་བོ་ཞིག་བརྒལ་དགོས་པས་གྲུ་པའི་རྩར་ཕྱིན་པ་ལ། གྲུ་པས་རྔན་པ་མང་ཙམ་ལེན་འདོད་བརྩམ་པ་ལ་ཐུགས་མ་རངས་ཏེ་གཙང་པོ་ཡར་མར་བཅད་ནས་ཕ་རོལ་ཏུ་ བྱོན་པའི་དབྲ་བའི་ཆུ་རབ་བྱ་བ་གྲགས་པ་བྱུང་། དེ་ནས་མར་ཧོར་ཡུལ་དུ་བསླེབས་ཚེ་ཅི་དགར་སྤྱོད་པའི་རྫི་བོ་གཉིས་ཀྱིས་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་བྱ་བ་བླ་མ་སྙན་གྲགས་ཅན་ཞིག་འདུག་པས་ངེད་གཉིས་ཉམས་ཚོད་ཅིག་ལེན་དགོས་ཟེར་ནས་དབྲ་སྟོན་ འབྱོན་ཡོང་བའི་ལམ་དུ་མི་གཅིག་ཤི་མདོག་བྱས་ནས་གོས་ཀྱིས་བཏུམས་ཏེ་བཞག མི་གཅིག་གིས་དབྲ་སྤྲུལ་མདུན་དུ་སོང་ནས་ངུ་འབོད་བཅས་ངའི་རོགས་པ་ཞིག་ཤི་སོང་བའི་བླ་མས་འཕོ་འདེབས་གནང་རོགས་ཞེས་ཞུས། སྤྲུལ་སྐུས་ཆོག་འདུག་གསུངས་ཏེ་བེམ་རོའི་རྩར་བྱོན་ཏེ་འཕོ་བ་བཏབ་ནས་བྱོན་སོང་། དེ་ནས་མི་དེས་གོས་ཀྱིས་བཏུམ་པ་ཕྱེས་དུས་ཤི་མདོག་བྱས་པའི་མི་དེ་དངོས་སུ་དབུགས་ཆད་ནས་འཆི་འདུག་པས། རོགས་པ་མི་དེས་དབྲ་སྤྲུལ་གྱི་རྗེས་བདས་ཏེ་ངའི་རོགས་པ་ནི་མ་ཤི་འཆི་མདོག་བྱེད་པ་ཡིན་ཡང་། ད་ནི་ངེས་པར་ཤི་འདུག་པས་བླ་མས་འདི་སྲོག་བསླུ་གནང་བ་ཡང་ཡང་ཞུས་བཞིན་སྤྲུལ་སྐུས་ཁྱོད་ཀྱི་རོགས་པ་བར་ལྷ་འོད་གསལ་གནས་སུ་སྤར་ཡོད་ཀྱང་ངས་སླར་གསོན་པར་བྱས་ཆོག་གསུངས་ཏེ་ཚེ་འགུག་སོགས་གསུངས་ཏེ་མི་དེ་སླར་སོས་པར་མཛད། མི་དེ་སོས་ནས་བཤད་རྒྱུ་ལ་ང་རང་གླིང་ཀ་ཡིད་དུ་འོང་བ་ཞིག་ཏུ་བསླེབས་པའི་ཉམས་སྣང་བྱུང་ཟེར་རོ། །དེ་ནས་བཟུང་ཡུལ་དེའི་མི་རྣམས་ཀྱིས་མི་མ་ཤི་གསོན་སྤར་བྱེད་མི་དེ། རྫ་སྟེང་ཆེན་དབྲ་བ་སྤྲུལ་སྐུ་རེད། །ཟེར་བའི་གླུ་དབྱངས་གྱེར་སྲོལ་ཡོད་པར་བཤད།ཡང་རེ་ཞིག་རྫ་ཁོག་ཡུལ་གྲུ་ན་རྟ་ནད་ཆེན་པོ་ཞིག་བྱུང་བའི་ཚེ་མཆོག་ཉིད་ཀྱི་སློབ་མ་ཤར་རྫ་པ་དང་མགོན་བླ་པད་མ་བྱ་བ་གཉིས་ལ་སྦྱིན་སྲེག་ཅིག་བྱ་བཅུག་སྟེ་རྗེ་ཉིད་ཀྱིས་མེ་མདའ་བསྣམས་ཏེ་རྟ་རར་ཕེབས་ནས་རྟ་གཉིས་ལ་མེ་མདའ་རེ་རེ་རྒྱག་པ་ན་རྟ་གཉིས་སར་འགྱེལ་ཙམ་རེ་བྱས་ཏེ་རྟ་ནད་སངས་ཤིང་ཡར་ལང་ནས་འགྲོ་བ་བྱུང་། རྟ་རྫི་མི་གཉིས་ལ་མེ་འདའ་རེ་རེ་བརྒྱབས་པས་མི་གཅིག་གི་མདེའུ་རུམ་ན་འདུག མི་གཅིག་གི་ཕྱི་ན་སྣང་ཞིང་མདེའུ་ལེབ་མོར་རེ་བྱས་ནས་འདུག ཡང་སྐབས་ཤིག་ན་ཡུལ་ཁམས་ལ་ཐན་པ་ཆེན་པོ་བྱུང་བས་ཤར་རྫ་པ་ཞབས་ཕྱི་ཁྲིད་དེ་ཆར་སློང་བྱོན། ཕྱོགས་ཀུན་ནས་རླུང་འཚུབས་གཡོས་ནས་ཆར་སྤྲིན་འཁོར་དུ་མ་སྟེར་བ་ལ་ཐུགས་ཁྲོས་པའི་ཚོམ་རྔམ་དྲག་པོར་བཅས་རལ་གྲིས་རྗེ་ཤར་རྫ་པ་ལ་ལན་ལྔ་ཙམ་བཏབ་སྟེ་དྲན་པ་བརྒྱལ་ཐབས་སུ་སོང་བ་ལས་སླར་གཉིད་སད་པ་ལྟ་བུ་དྭངས་སངས་པ་ན་དགོངས་བརྒྱུད་དོན་གྱི་རྟོགས་པ་རྒྱུད་ལ་འཕོས་ཏེ། སྟོང་གསལ་ཡེ་ཤེས་ཀྱི་མཁྱེན་པ་ནང་ནས་བརྡོལ་བར་མཛད། ཡང་ཉིན་ཞིག་ན་སྡེ་ཡུལ་གྱི་བུད་མེད་རྣམས་ལ་ཤི་འདྲེས་གནོད་པའི་སྨྱོ་ནད་ལྟ་བུ་ཞིག་བྱུང་བ་ལ་གྲུབ་རྗེ་མཆོག་གིས་སྦྱིན་སྲེག་མཛད། སྦྱིན་སྲེག་ཞུ་མཁན་གྲས་ཀྱི་བུད་མེད་ཡ་མཚོ་བྱ་བ་ཞིག་པུས་བཙུགས་ནས་འདུག་ཡོད་པའང་དབང་པོ་ཤོར་ནས་སོང་བ་ལ་གྲུབ་རྗེ་ནས་མེ་ཞགས་རྒྱག་པ་དང་ཤང་ལང་ཞིག་བསྣམས་ཏེ་བུད་མེད་དེའི་སྙིང་ཁ་ནས་བསྣུན་པ་སྔོ་ཙེ་རེ་ཁོག་སྟོད་ནས་ཐོན་ཏེ་བུད་མེད་རྒྱབ་ཏུ་འགྱེལ་ལ་ཁད་དུ་སོང་། ཡང་རལ་གྲི་ཚུར་འཐེན་པ་དང་བུད་མེད་རལ་པ་སྔུན་དུ་འཕངས་ཏེ་ཁ་སྦུབས་སུ་འགྱེལ་སོང་། དར་ཅིག་ཙམ་ནས་བུད་མེད་སོས་ཏེ་ནད་ཀྱང་དྲག་ནས་བཀའ་དྲིན་ཆེ་ཟེར་ནས་ཕྱག་འཚལ་ཏེ་སོང་། ཡང་རེ་ཞིག་གྲུབ་རྗེ་ཉིད་ཞོ་ར་སྡེ་བའི་འུར་རྒན་མའི་ཡུལ་གྱི་ཚ་འུར་བར་མ་བྱ་བར་ཕེབས་སྐབས། མགོ་ལོག་འབུས་པ་ཚང་བྱ་བའི་ཁྱིམ་ཚང་ཞིག་གིས་ཞོ་ར་ཨ་ངན་ཚང་ཟེར་བ་ལ་མཐུ་གཏད་བརྒྱབས་ནས་ཡོད་པ་ལ། ཨ་ངན་ཚང་གིས་གྲུབ་རྗེ་གདན་ནས་གཏད་སྤྲུགས་དགོས་པའི་རེ་བ་བཞིན་ས་བདག་གཏད་སྤྲུགས་བཅའ་སྐབས་ནམ་མཁའ་ནས་འབྲུག་ས་ལ་ཕབ་ནས་དེར་ཡོད་ཀུན་ཀྱིས་ལག་པས་ཀྱང་རེག་ཆོག་པ་འདུག་པས་རེག་བྱ་རྩུབ་མོ་སྣང་ཟེར་བ་བྱུང་ཞིང་། དེ་ནས་འབྲོག་པ་རྣམས་ཀྱིས་དགོངས་མོར་འབྲི་བཞོའི་སྐབས་སུ་བླ་མས་སེ་གོལ་ཞིག་གཏོགས་པས་འབྲུག་ནམ་མཁར་འུར་གྱིས་སོང་བས་ཕྱུགས་ཟོག་རྣམས་འདྲོག་ཟིང་ངེ་བ་ཞིག་བྱུང་། ཡང་བར་སྐབས་ཤིག་ལ་ཀུན་གྲོལ་ལྔ་བ་བདུད་འདུལ་གླིང་པ་མཆོག་སྐུ་འཁོར་འགའ་བཅས་སྨད་ཕྱོགས་སུ་ཕེབས་ཏེ་སྟེང་ཆེན་མངའ་ཞབས་ཟམ་མགོ་ཚང་བའི་ཁྱིམ་ཚང་ཞིག་ཏུ་ཞག་གཅིག་བཞུགས་པའི་དགོང་མོར་མར་མེ་ཞིག་མཆོད་ནས་གཟིམ། མཚན་གུང་པྲ་ཙི་འོང་ནས་མཆོད་མེའི་མར་དང་ཀོང་བུའི་ཁ་ཡང་ཟོས་ནས་ཁ་རལ་དུ་སོང་། ཞོགས་པར་ཀུན་གྲོལ་བླ་མའི་ཐུགས་ལ་དོགས་སྣང་བྱུང་སྟེ་ཞབས་ཕྱི་པ་ཞིག་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱི་མདུན་དུ་ལུང་བསྟན་ཞུ་བར་མངགས། དབྲ་སྤྲུལ་མཆོག་གིས། ཡི་དམ་དབལ་སོ་ར་བས་མ་བསྲུང་ན། །མི་རྒན་སྤྲེལ་རྒན་ལག་ཏུ་འགྲོ་དོགས་ཡོད། །ཅེས་ཚིག་རྐང་འདི་གཉིས་ཕྱག་བྲིས་གནང་ནས་བསྐུར། །དེ་ནས་བླ་མས་སྐུ་རིམ་སོགས་སྒྲུབ་ལོང་མ་བྱུང་བར་ཕེབས་ནས་སོང་། ལམ་ཁ་ཞིག་ཏུ་ཁོང་ཉིད་ཀྱི་ཞབས་ཕྱི་པ་སྤྲེལ་ལོ་བ་ཞིག་གིས་སྐུ་དགྲོངས་པར་གྲགས། དེ་ལྟར་ངོ་མཚར་བའི་གྲུབ་རྟགས་མངོན་ཤེས་མཐའ་ཡས་པ་ལ་མངའ་བརྙེས་ཀྱང་ཞིབ་མོ་བརྗོད་ཀྱིས་མི་བཏུབ་པས་དད་པའི་ངེས་ཤེས་སྐྱེ་ཕྱིར་ཙམ་ལས་འབྲི་བར་མི་བྱའོ། །སྐབས་ཤིག་ན་ཟབ་གཏེར་གྱི་འཁོར་ལོས་བསྒྱུར་བ་གཏེར་སྟོན་བདེ་ཆེན་གླིང་པ་འགྲོ་དོན་དུ་ཆིབས་བསྐྱོད་རྫ་ཡུལ་དུ་གནང་བྱུང་བའང་སྟེང་ཆེན་དགོན་པས་གདན་དྲངས་ནས་དགོན་པའི་རྟེན་དང་བརྟེན་པ་རྣམས་ལ་མངའ་དབུལ་རབ་གནས་དང་། སྲུང་མ་ཨ་བསྭེའི་མཆོད་བསྟོད་མཛད་ཅིང་སེར་སྐྱ་ཡོངས་ལ་དབང་ལུང་སོགས་ཀྱི་བོན་འབྲེལ་ཡང་དག་བསྩལ་བར་མཛད། གྲུབ་རྗེ་དམ་པ་འདིས་དགོན་པའི་བཤད་སྒྲུབ་ཀྱི་བསྟན་པ་དང་རྟེན་བཞེངས་པ་རྒྱ་ཆེར་མཛད་པའི་འཕྲིན་ལས་བསྩལ། སྐབས་དེར་སྟེང་ཆེན་དགོན་པའི་བླ་མ་ཆེ་ཁག་འགས་རང་རང་ནས་གདན་ས་འཛིན་ཁུལ་གྱིས་ཉེ་གནས་སུ་དགོན་པ་ཆུང་ཆུང་འགའ་བཏབ་ཡོད་པ་ལ། དབྲ་སྟོན་འདི་ཉིད་ཀྱིས་དྲག་པོའི་མཐུ་རྩལ་ངོམ་སྟེ་བག་བུ་དགོན་དང་། ལུང་ཀོང་དགོན། གཉེར་འབྱོར་དགོན། ཞི་བརྡ་དགོན་སོགས་ ཐམས་ཅད་སྟེང་ཆེན་དགོན་དུ་བསྡུས་ཤིང་། རྫ་ཆུའི་ཕ་རོལ་ཀྱི་ཟེར་འཕྲོ་དགོན་ཞེས་སྨོན་རྒྱལ་དགོན་གྱི་དགོན་ལག་ཏུའང་གྱུར་མྱོང་བ་དེ་དང་འཕེན་ཞོལ་བོན་པོ་དགོན་གཉིས་ཀྱང་སྟེང་ཆེན་དགོན་གྱི་བུ་དགོན་དུ་སླར་བསྡུས་པར་མཛད། མཚམས་ཤིག་ན་གཙང་རབ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་བསྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་ཉིད་མདོ་སྨད་དུ་འགྲོ་དོན་ལ་ཞབས་བསྐྱོད་གནང་བྱུང་བ་ཡང་དགོན་གཞུང་ནས་གདན་ཞུས་བྱས་ཏེ་ཀུན་མཁྱེན་ཤར་རྫ་པ་དང་མཆོག་སྤྲུལ་ཉི་མ་འོད་ཟེར་གཙོས་གྲྭ་སུམ་ཅུ་ཙམ་ལ་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་དང་འབྲེལ། བོན་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་། རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་རྟ་༼སྤྱི་ལོ་༡༨༨༢༽ལོར་དཔལ་སྟེང་ཆེན་དགོན་གྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ལྕང་མགོན་ཞེས་བྱ་བ་ན་དབྲ་སྲས་ཟླ་བ་གྲགས་པ་སྐུ་འཁྲུངས། ཡང་སྟག་ཞིག་མཆོག་སྤྲུལ་གཤེན་རྒྱལ་བསྟན་འཛིན་དགོན་པར་ཕེབས་ནས་ཤར་རྫ་པ་སོགས་སློབ་མ་འགའ་ལ་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་གནང་། ཡང་སྐབས་ཤིག་ལ་གྲུབ་རྗེ་ཉིད་ཡོན་བདག་བེ་རུ་ཚང་བྱ་བ་ཞིག་ལ་ཕེབས་ནས་ཡར་དགོན་པར་བྱོན་པའི་ལམ་དུ་ར་ཆུ་ཁ་བྱ་བར་ཟམ་པ་ཆུང་ངུ་ཞིག་ཡོད་པའི་ས་དེར་སླེབས་པ་དང་རིན་པོ་ཆེ་ཆིབས་གོང་ནས་མར་ཐང་ལ་བྱོན་ཏེ། དེར་བཞུགས་ཏེ་ཡང་ཡང་བཤུམས་ནས་དགོང་མོའི་བར་དུ་ཡར་བྱོན་རོགས་མ་མཛད། དེའི་དུས་ན་དམྱལ་བའི་སྦྱོང་ཚད་གཟིགས་པ་ཡིན་པ་འདུག་སྟེ་རྗེས་ནས་དམྱལ་སྣང་ཡི་གེ་པོ་ཏི་གཅིག་ཕབ་པ་དེ་ཡིན། མ་འོངས་ལུང་དུ་བསྟན་པའི་གསུང་རྣམས་ཡིག་ཐོག་ཏུ་ཕབ་སྟེ་ཕྱི་རབས་པ་ལ་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་གནང་བ་དང་། དྲན་པ་ཡང་ཞུན་སོགས་དགོངས་པའི་ཀློང་ལས་བརྡོལ་བའི་བོན་མང་པོ་མདོ་དབུས་ཁམས་གསུམ་ན་གཏེར་སྦྱིན་མཛད། རིན་ཆེན་གསེར་ལས་གྲུབ་པའི་ཀུན་བཟང་ཨ་སྐོར་འོད་དཀར་འཆང་ཆེན་གྱི་སྐུ་རྙིང་སོགས་རྟེན་མཆོག་མང་པོ་གཏེར་ལས་དྲངས། ད་དུང་གསུང་འབུམ་སྐོར་ལ་དག་སྣང་བསྟོད་ཚོགས་ཀྱི་སྐོར་དང་། སྒྲུབ་སྐོར། ཐོལ་བྱུང་ཉམས་མགུར་སྐོར་སོགས་མང་དུ་བཞུགས། མདོར་ན་གྲུབ་རྗེ་རིན་པོ་ཆེ་མཆོག་ནི་གསང་སྔགས་ཀྱི་བརྟུལ་ཞུགས་འཆང་བའི་གྲུབ་པའི་རྣལ་འབྱོར་བ་ཆེན་པོར་བཞུགས་ཀྱང་སློབ་མ་རྣམས་དང་དགོན་པ་ལ་རྒྱལ་བ་སྨན་རི་བའི་རིང་ལུགས་ཇི་བཞིན་བསྟན་པའི་སྲོག་ཤིང་འདུལ་བ་ཡིན་པར་གསུང་ནས་དགོན་པའི་སྒྲིག་གཞི་དང་འཕྲིན་ལས་ཕྱག་ལེན་ཐམས་ཅད་རྒྱལ་བ་བྲུ་ཡི་རིང་ལུགས་རྨ་མེད་བསྐྱངས་ཏེ་སྤྱི་སྟེང་ཆེན་དགོན་གྱི་བསྟན་པ་དང་། བྱེ་བྲག་བསྟན་འགྲོའི་འཕྲིན་ལས་ཐམས་ཅད་ནམ་མཁའི་མཐའ་དང་མཉམ་པ་བྱུང་སྟེ། ཇི་སྐད་དུ། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །བར་གྱི་དབུས་གཙང་རུ་བཞི་དང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་དང་། །རྒྱ་བོད་ཧོར་གྱི་ཞིང་ཁམས་སུ། །དགོན་གནས་མང་ལ་རྒྱས་པའི་ཚུལ། ཁྱད་པར་སྟེང་ཆེན་རྣམ་རྒྱལ་གླིང་། །འདྲེན་པའི་ལྷ་སྐལ་དབྲ་ཁྱུང་གདུང་། །འགྲོ་བའི་དོན་ལ་ཐུགས་དགོངས་ནས། །སེམས་དཔའི་རྒྱུད་ལ་བྱིན་གྱིས་རློབས། །བླ་མ་ཉི་ཟླ་ཟུང་འབྲེལ་བཞུགས། གྲྭ་ཚང་གནམ་གྱི་སྐར་མ་བཀྲ། སྟོད་ལ་གྲྭ་ས་སྨན་རི་གོང་འོག་དང་། སྨད་ལ་གྲྭ་ས་རྫ་སྟེང་ཆེན་རྣམ་རྒྱལ་གླིང་པ་ཞེས་ཡོངས་སུ་གྲགས་ནས། བོན་ནི་མི་འགྱུར་སྐུ་གསུམ་ཁྲོ་རྒྱལ། བླ་མ་མི་འགྱུར་དབྲ་ཁྱུང་དཀར་པོ།ཡི་དམ་མི་འགྱུར་ཁྲོ་ཕུར་ཞང་གསུམ། མཁའ་འགྲོ་མི་འགྱུར་སྲིད་པ་རྒྱལ་མོ། བསྟན་སྲུང་མི་འགྱུར་མ་བཙན་རྒྱལ་གསུམ། ཁྲིད་ནི་མི་འགྱུར་ཨ་རྫོགས་སྙན་གསུམ་གྱི་སྒྲིག་བཞག བཞེངས་པའི་གཞལ་ཡས་སྐུ་མཁར་རྒྱ་ཆེ། བཞུགས་པའི་ལྷ་སྐུ་རྟེན་གསུམ་ཁྱད་འཕགས་གྲངས་མང་། བསྒྲུབ་པའི་ཡི་དམ་བཀའ་སྐྱོང་སྟོབས་དྲག་རྩལ་གྱི་ནུས་པ་མ་ཡལ། ལྷ་གསེར་ཞལ་ཅན་ལ་སྐུ། འབུམ་ཁ་ཡིག་ཅན་ལ་གསུང་། རྟེན་བྱ་རུ་ཅན་ལ་ཐུགས། སྟེང་ལ་རིག་འཛིན་གྱི་གྲལ་མ་ཞིག འོག་ནས་དཀྱིལ་འཁོར་གྱི་ཐིག་རྩ་མ་ནོར། བར་ནས་ བྱིན་རླབས་ཀྱི་ན་བུན་མ་ཡལ། ཕྱི་གོས་འགྲིག་ནང་ཁོང་འགྲིག་འཆམ་ཞབས་འགྲིག་འདོན་ཞལ་འགྲིག་བརྡུང་ཕྱག་འགྲིག་ཅེས་པའི་སྙན་པའི་གྲགས་པ་ཕྱོགས་ཀུན་འབར་བར་གྱུར། ལྷག་པར་རྗེ་ཉིད་ཀྱི་ཕྱི་ནང་གསང་བའི་གདམས་པ་མ་ལུས་འཆང་བ་ཡང་གསང་ཐུགས་ཀྱི་སློབ་བུ་གཅིག་པུ་ལྟར་གྱུར་པའི་ཀུན་མཁྱེན་ཤར་རྫ་པ་གཙོས་པའི་སློབ་མ་རྣམས་དབང་ལུང་ཁྲིད་གསུམ་གྱིས་བསྐྱངས་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་གྲངས་མེད་བྱུང་། དེ་ལྟར་འཕྲིན་ལས་ཐམས་ཅད་མཐར་ཕྱིན་ཏེ་རབ་བྱུང་བཅོ་ལྔ་པའི་ས་གླང་༼སྤྱི་ལོ་༡༨༨༩༽ལོར་ཕྱི་གསལ་སྒྱུ་འཕྲུལ་གྱི་བཀོད་པ་རྣམས་ནང་དབྱིངས་གསང་ཆེན་རོལ་བའི་ཀློང་དུ་བསྡུས་པའི་སྐུ་གདུང་རིན་པོ་ཆེ་རྡོ་དཀར་ལུང་པའི་ནང་དུ་བཞུགས་སུ་གསོལ།
གྲུབ་ཆེན་བརྒྱད་ཅུའི་དཔལ་ལ་ཅོ་འདྲི་བའི།།
དཔག་མེད་རྫུ་འཕྲུལ་བྱེ་བར་མངའ་བརྙེས་པ།།
གྲུབ་པའི་འཁོར་བསྒྱུར་དབྲ་སྟོན་བྱོན་པ་ན།།
ཡུལ་འདིའི་དགའ་བདེ་སུམ་རྩེན་གནས་ཀྱི་ཟླ།།
དྲང་ངེས་རིན་ཆེན་ཁམས་ལས་ལེགས་གྲུབ་ཅིང་།།
བཤད་སྒྲུབ་འཕྲིན་ལས་ཡུ་བ་ལ་བརྟེན་པའི།།
ཞྭ་དཀར་བསྟན་པའི་གདུགས་དཀར་སྲིད་པའི་རྩེར།།
བསྒྲེངས་ནས་འགྲོ་ཀུན་ཕན་བདེའི་དཔལ་ལ་སྦྱོར།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དབྲ་བའི་བླ་རབས་ཉི་ཤུ་བ་བསྐལ་བཟང་ཉི་མ།
དེ་ཡང་མཆོག་སྤྲུལ་རིན་པོ་ཆེ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱི་ཡང་སྲིད་ཡུལ་གང་དུ་སྐུར་སྤྲུལ་ནས་སྲིད་པར་བཟུང་བའི་ཚུལ་ཁོང་ཉིད་ཀྱིས་གསལ་བར་གསུངས་པ་སྟེ། མ་འོངས་ལུང་བསྟན་དངུལ་དཀར་མེ་ལོང་ལས། ཁོ་བོ་བདག་གི་ཕྲིན་ལས་རྣམ་བཞི་ལ། །བར་ཆད་འཚུབས་རླུང་དུག་གིས་མ་དགྲ་ན། །ཁ་ཤ་མགོ་ཕུག་གཡུ་མཚོ་འཁྱིལ་བའི་འགྲམ། །རང་ཡུལ་སྡེ་བའི་ནོར་བུ་རང་ལག་ཡོད། །ཅེས་གསུངས་པ་བཞིན་བསྟན་འཛིན་སྐྱེས་མཆོག་དུ་མ་འཁྲུངས་པའི་ཡུལ་ཕུན་སུམ་ཚོགས་པ་ར་སྐོར་བར་མའི་ལྷིང་ཐོག་དེའུ་ལེ་རྐེད་ཀྱི་ཁ་ཤ་མགོ་མིག་གཡུ་མཚོ་འཁྱིལ་བའི་འགྲམ་དུ་ཡབ་སྟག་ལ་ཚེ་རིང་དང་། ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་༼སྤྱི་ལོ་༡༨༩༡༽ལོར་སྐུ་མཆོག་ཟླ་བའི་དཀྱིལ་འཁོར་ཚེས་པར་གྱུར། སྟག་ལུང་མ་སྤྲུལ་རིན་པོ་ཆེ་ནས་དབྲ་སྟོན་བསྟན་འཛིན་དབང་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་༼སྤྱི་ལོ་༡༨༩༤༽ལོར་ཤར་རྫ་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་རྣམས་ཀྱིས་ཚོགས་འཁོར་ཁྲུས་གསོལ་དང་འབྲེལ་བར་སྐུ་བདག་མཛད་དེ་དགོན་པའི་གསེར་ཁྲིར་མངའ་གསོལ་བར་མཛད། དེ་ནས་ཉག་རོང་གཏེར་ཆེན་བསྟན་གཉིས་གསང་སྔགས་གླིང་པ་ཤར་རྫའི་རི་ཁྲོད་དུ་ཕེབས་པའི་མདུན་ནས་གཏེར་ཆེན་ཉིད་ཀྱི་བོན་སྐོར་བླ་མ་ཚེ་དབང་རིག་འཛིན་གྱི་རྣམ་ཐར་དང་། གཞན་ཡང་བླ་མ་སྐུ་གསུམ་དྲག་ཕུར་སྒྲུབ་སྐོར། གུ་རུ་རྩ་གསུམ་སྒྲུབ་སྐོར།རགྴ་ཐོད་ཕྲེང་གི་ལས་བྱང་། ཚེ་སྒྲུབ་ཡང་སྙིང་འདུས་པ། སྤུ་རི་ལ་བརྟེན་པའི་ཚེ་སྒྲུབ། ཆར་འབེབས་བདུད་རྩི་རྒྱ་མཚོ། ཐུགས་རྗེ་ཀུན་སྒྲོལ་གཅོད་གདམས་སྐོར། བཱེེ་རོའི་བླ་སྒྲུབ། པད་མ་ཚེ་སྒྲུབ་བཅས་ཀྱི་དབང་ལུང་ཟུང་དུ་འབྲེལ་བར་ལེགས་པར་ནོས། ལྷག་པར་ཀུན་མཁྱེན་ཤར་རྫ་པ་ཐུན་མིན་གྱི་རྩ་བའི་བླ་མ་བསྟེན་ཏེ་རི་ཁྲོད་དུ་ཐོས་བསམ་མཛད་པ་དང་། དགོན་དུ་སྐུ་ཕྲེང་གོང་མའི་བསྟན་པ་སྔ་མུས་ལྟར་སྐྱོང་སྟེ། རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་བྱུང་། སྤྱིར་ཇི་ལྟར་སངས་རྒྱས་ཀྱི་བསྟན་པ་དར་ན་དེ་སྲིད་
དུ་དོ་བསྡོ་བའི་བདུད་ཚོགས་རྒོད་པ་བོན་ཉིད་ཡིན་གཤིས་༼སྤྱི་ལོ་༡༩༠༢༽ལོར་ལྷ་བདུད་དཀར་ནག་གིས་ལོག་པའི་སྨོན་ལམ་བཏབ་པའི་མཐུ་བརྡོལ་ཞིང་། མ་རུང་དམ་སྲི་རུ་ཏྲའི་དཔུང་ཚོགས་ཆེས་ཆེར་རྒོད་པ་ལས། ལས་འབྲས་ལ་ངེས་ཤེས་མེད་པའི་དགེ་སྦྱོར་ལང་ཤོར་བ་འགའ་ཞིག་བཟོད་མེད་ཆགས་སྡང་དུག་གིས་མྱོས་ཏེ་སྟེང་ཆེན་དགོན་པ་དང་དགོན་གསར་དགོན་གཉིས་ཟིང་འཁྲུག་གི་གཞི་བསླངས་ཏེ་རྫ་སྟེང་ཆེན་དགོན་པའི་འདུ་ཁང་གིས་བདག་ཅག་གི་ཉི་མ་སྒྲིབ་སོང་ཞེས་མི་བཟོད་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། ཆོས་སྒོར་ཞུགས་ཀྱང་ཆོས་མིན་གྱི་ལས་སྤྱོད་པ་ཁ་ཅིག་ཁ་མཐུན་བྱས་ཤིང་། དགོན་གསར་པས་ངན་ཐབས་དང་གཡོ་འཕྲུལ་སྣ་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་དམག་ལ་བསྐུལ་ཏེ་དགེ་འདུན་པའི་སེར་དམག་ལངས་ནས་བྱུང་བས་སྟེང་ཆེན་དགོན་པའི་རྟེན་དང་བརྟེན་པར་བཅས་མེ་ལ་ལྷག་མེད་བསྲེགས་སོང་། དེ་ཡང་འདུ་ཁང་བླ་བྲང་གྲྭ་ཁང་སོགས་ཀྱི་ནང་གི་བརྟེན་པ་ཟངས་གསེར་ལས་གྲུབ་པའི་མདོ་ཡི་སྟོན་པ་ཁྲི་གཙུག་རྒྱལ་བ་དང་། སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་སྐུ་གཉིས་རིན་པོ་ཆེའི་རྒྱན་དང་བཅས་ཐོག་བརྩེགས་ལྷག་ཅན་དང་། ཡང་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་རིན་པོ་ཆེའི་རྒྱན་ཅན་ཐོག་བརྩེགས་ལྷག་ཅན།ཟངས་གསེར་ལས་བྱས་པའི་སངས་རྒྱས་སྟོང་སྐུ་ཆ་ཚང་། སྨན་འདམ་ལས་གྲུབ་པའི་གསས་མཁར་མཆོག་ལྔ་དང་བདེར་གཤེགས་སྟོང་སྐུ་གཙོས་ལྷ་ཁང་ཉི་ཤུ་ལྷག་གི་ལི་དང་ཟངས་གསེར་ལས་གྲུབ་པའི་སྐུ་དང་མཆོད་རྟེན་གྲངས་ལས་འདས་པ་ཐལ་བའི་ཕུང་པོར་བྱས་ཤིང་། དབྲ་བའི་དཔེ་མཛོད་བོན་བརྩེགས་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་ཞེས་ཁམས་ཆེན་གསེར་བྲིས་མ་ཆ་གསུམ་གྱིས་གཙོས་པའི་ཡི་གེ་པོ་ཏི་ཉིས་སྟོང་ཙམ་དང་། གླེགས་བམ་རིལ་བརྩེགས་བྱས་པའི་པོ་ཏི་མང་པོ་ཐལ་རྡུལ་གྱི་ཕྱེ་མར་བཟོས། དགོན་པའི་ལྕགས་རི་ནས་བསྐོར་བའི་འཁོར་ཆེན་འཁོར་ཆུང་ཉིས་སྟོང་ལྷག་དང་། བན་ལུགས་ཀྱི་སྤྱན་རས་གཟིགས་སྐུ་རྟེན་དང་ཕལ་པོ་ཆེའི་མདོ་དང་དགོན་པའི་རྒྱུན་སྤྱོད་རྔ་གཤང་རོལ་མོའི་རིགས་དང་། མཆོད་ཆས་གསེར་ཀོང་། འཆམ་ཆས་འབག་ཞལ་སོགས་མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་ཡོད་དོ་ཅོག་རྣམས་ཐལ་ཕུང་དུ་བཏང་ནས་སྡིག་པའི་ལས་ཚབས་ཆེན་བསགས། དེར་མ་ཟད་ལྷ་དང་གསུང་རབ་ཀྱི་ན་བཟའ་དང་འཁོར་ཆེན་འཁོར་ཆུང་གི་དར་གོས་སོགས་ཀྱིས་གོས་དྲུབ་པ་དང་ལྷམ་ཚང་བྱེད་པ་རྟ་སྟན་བྱེད་པ་སོགས་ཀྱི་ལས་བསགས་ཤིང་། སྐབས་དེར་དམག་དཔོན་འགས་ལྷ་སྐུའི་ཚིག་རོ་སོགས་ལ་བལྟས་ཏེ་ལྷ་འདི་ཤི་བའི་རོ་ལ་ལྟོས་ཤིག་ཅེས་ཧ་དགོད་བཅས་རྩེད་མཚར་གྱི་ལས་ལ་ཅི་དགར་སྤྱོད།སྟེང་ཆེན་ཡུལ་དགོན་གྱི་མི་རྣམས་མིག་མཆི་མས་ཁེངས་ནས་མྱ་ངན་གྱི་ཤུགས་རིང་འབྱིན་བཞིན་མཆོག་སྤྲུལ་ཉི་མ་འོད་ཟེར་དཔོན་སློབ་བཅས་གནས་སྐབས་སྟོད་ཕྱོགས་ཧོར་སྤྱི་ཁྱབ་ཡུལ་དུ་བྱོན།གཞན་བླ་སྤྲུལ་གྲྭ་པ་ཆེ་བགྲེས་རྣམས་གསེར་ཐར་ཕྱོགས་སུ་ཕེབས་པ་གནང་། དེ་ནས་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་༼སྤྱི་ལོ་༡༩༠༤༽ལོར་ཤར་རྫ་རིན་པོ་ཆེ་ཉག་རོང་དུ་བཞུགས་སྐབས་མཆོག་ཉིད་གཙོར་མཛད་པའི་དཔོན་སློབ་གཙོ་འདུས་ཀྱིས་བཀའ་བགྲོས་ཐོག་རྒྱར་གཤིས་ལྡིང་དཔོན་ཨ་མགོན་དང་ཆུ་སྒོ་བཀྲ་ཤིས་ནོར་བུ་གཉིས་ལ་ཞུ་སྣ་བར་སྦྲན་ནས་སྟེང་ཆེན་དགོན་ལ་འཐོར་ཞིག་དང་ཉམས་གུད་བྱུང་བའི་སྙན་ཞུས་སྡེ་བ་གཞུང་ཉག་རོང་སྤྱི་ཁྱབ་མཁན་བསོད་ནམས་རྒྱལ་མཚན་མདུན་དུ་ཕུལ་བས། མཁན་པོ་ནས་བསྟན་དགོན་ལ་ཆགས་སྡང་གིས་བཙན་གནོད་བྱེད་པ་ཁྲིམས་འགལ་ཆེ་གཤིས། བླ་གྲྭ་རྣམས་རང་མལ་དུ་འདུས་ཤིག་དང་གནས་ཚུལ་རྣམས་གཏུག་སྒོ་མཐའ་སེལ་བཏང་ནས་དགོན་པ་སླར་ཡང་སོར་ཆུད་ཡོང་བ་ངེད་རང་ནས་བྱེད་ཅེས་པའི་ལུང་ཐོབ་པ་དང་། དེ་བཞིན་རང་དགོན་གྱི་གསེར་ཐར་ནས་ཕེབས་པའི་བླ་སྤྲུལ་རྣམས་དང་ཉག་ཡུལ་དགོན་ཁག་རྣམས་ཀྱི་མི་སྣ་དང་ལྡིང་དཔོན་གཉིས་བཅས་གཞུང་སའི་མདུན་བཅར་ཞུས་ནས། གནས་བརྟན་གཡུང་དྲུང་བསྟན་པས་དགོན་སྡེ་གཏོར་བཤིག་སོང་བའི་གནས་ཚུལ་བཤད་ཅིང་། མདོ་སྔགས་བླ་མེད་ཀྱི་བསྟན་པ་སྐྱོང་བའི་དགོན་པ་ཚུགས་ཐབས་མགོ་འདྲེན་ཅིས་ཀྱང་གནང་ཐུབ་པ་ཡང་ཡང་ཞུས། སྤྱི་ཁྱབ་ནས་ཐུགས་འགན་ལེགས་བཞེས་ཀྱིས་གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ལ་སྙན་གསན་ཕུལ་བས། དགོན་སྡེ་རང་མལ་དུ་ཆགས་པ་ལ་རམ་འདེགས་ལེགས་པ་དགོས་པའི་བཀའ་མཆིད་ཡང་དག་འབྱོར་བར་བརྟེན། སྤྱི་ཁྱབ་ཀྱི་སྐུ་ཚབ་མི་སྣ་དང་ཉག་རོང་ལྡིང་དཔོན་ཨ་རྟ་ཆེད་བཏང་གིས་དཀར་ནག་མཐའ་སེལ་རིམ་པར་བཏང་ནས་ཕྱི་ལོ་ཙམ་ནས་དགོན་པ་སླར་གསར་ཆགས་ཀྱི་གཞི་ཚུགས་པར་གྱུར་ཏོ། །དེ་ལྟར་གོང་ས་སྐྱབས་མགོན་མཆོག་གི་བདག་རྐྱེན་ལས། ཤར་རྫའི་བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་དགོན་པ་བསྐྱར་འདེབས་ཀྱི་དབུ་བརྩམས། དེ་ཡང་སྔར་གྱི་དགོན་རྙིང་འཇིག་ཤུལ་གྱི་ཞོལ་དུ་སྤོས་ཏེ་བསྐྱར་བཞེངས་ཀྱི་རྨང་གཞི་བཏིངས་ནས་ཉག་གཏེར་གསང་སྔགས་གླིང་པ་དང་དབྲ་སྤྲུལ་རིན་པོ་ཆེ་ཀུན་མཁྱེན་ཤར་རྫ་པ་སོགས་བླ་སྤྲུལ་དུ་མས་ས་འདུལ་མཛད་དེ་བསྟན་པ་དར་ཞིང་རྒྱས་པའི་བྱིན་རླབས་བདུད་རྩིའི་ཆར་ཆེན་ཡོངས་སུ་འབེབས་པར་མཛད། དེ་ལྟར་མཐུན་རྐྱེན་ཕུན་སུམ་ཚོགས་པས་གཞིར་བྱས། དབྲ་སྤྲུལ་བསྐལ་བཟང་ཉི་མ་མཆོག་དང་དབྲ་དབོན་རྣམ་རྒྱལ་གྲགས་པ་རྣམ་གཉིས་ཀྱིས་དགོན་པ་གསར་བཞེངས་ཀྱི་ཐུགས་འགན་གཙོ་བོ་བཞེས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་དབྲ་སྲས་ཟླ་བ་གྲགས་པ་རྣམ་གཉིས་ནས་མཐུན་རྐྱེན་ལེགས་པར་བསྒྲུབས། བླ་གྲྭ་ཆེ་བགྲེས་དང་དད་ལྡན་སེར་སྐྱ་ཡོངས་ནས་ཞབས་འདེབས་ཕུན་སུམ་ཚོགས་པར་བྱས་ཏེ་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་༼སྤྱི་ལོ་༡༩༡༦༽ལོར་འདུ་ཁང་གི་ཕྱིའི་བཀོད་པ་རྣམས་བཞེངས་པ་ཡོངས་སུ་མཐར་ཕྱིན་ཏེ་མཚན་གསར་པ་དཔལ་གཤེན་བསྟན་མདོ་སྔགས་གཡུང་དྲུང་བསྟན་རྒྱས་གླིང་ཞེས་གསོལ། ཤར་རྫ་རིན་པོ་ཆེ་ནས་དགོན་པ་འདི་རང་གི་རྩ་བའི་བླ་མའི་གདན་ས་ཡིན་སྟབས་ཐུགས་དགྱེས་ཚོར་ཆེན་པོ་གནང་ནས་ཐུགས་འགན་ཆེད་བཞེས་ཀྱིས་བཀའ་བཀོད་ལྟར་དབྲ་སྤྲུལ་བསྐལ་བཟང་ཉི་མས་འདུ་ཁང་གི་ཤིང་ཚོན་རིགས་རྒྱུ་རྐྱེན་ལེགས་སྦྱར་འོག་འདུ་ཁང་གི་ཤིང་ཚོན་དང་ཕུག་ལོགས་ཀྱི་དྲྭ་མིག་བཅས་སྒྲོས་གཙང་ཞིག་གྲུབ། ཡོན་བདག་འབྱོར་ལྡན་རྣམས་ལ་ཤར་རྫ་པས་གསུང་ཕེབས་གནང་སྟེ་འདུ་ཁང་འོག་གི་ལོགས་བྲིས་རས་བྲིས་སུ་བཀོད་ནས་ལེགས་པར་གྲུབ། སྔོན་ནས་དགོན་པའི་རྒྱུན་འཚོགས་ཀྱི་ཁྲོ་བོའི་གར་འཆམ་
སོགས་ཀྱི་ཕྱག་ལེན་རྒྱས་པ་མཆིས་པ་བཞིན་ཁྲོ་ཚོགས། དབལ་མོ། བོན་སྐྱོང་། རུ་འདྲེན་ཚོགས་བཅས་དང་། བདག་དབང་དང་མཆོད་ལྷའི་ཆས་རིགས་ལྔའི་དབུ་རྒྱན་སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་རྣམས་ཀྱང་ལེགས་བཞེངས་གནང་། ཞོར་དུ་དབྲ་སྤྲུལ་ཉིད་ཤར་རྫ་པ་མཆོག་གི་དྲུང་སྔོན་འགྲོའི་རྒྱུད་སྦྱོང་དང་བསགས་སྦྱོང་གི་རིམ་པ་རྣམས་སྔོན་དུ་བཏང་ནས་རྫོགས་ཆེན་སོགས་ཀྱི་རྩ་རླུང་དང་འོད་གསལ་མུན་མཚམས་བཅས་པ་ཉམས་བཞེས་རྒྱ་ཆེར་མཛད་ཅིང་། མདོ་སྔགས་བླ་མེད་ཀྱི་གཞུང་ལུགས་ཡོངས་ལ་ཐོས་བསམ་ཡུན་རིང་གནང་སྟེ་རིག་པའི་མཁྱེན་རྒྱ་ཤིན་ཏུ་ཡངས་པར་གྱུར། དབྲ་སྲས་ཟླ་བ་གྲགས་པས་ཀྱང་འདུ་ཁང་རྒྱ་མཐོངས་ཀྱི་ལོགས་བྲིས་རྣམས་བཞེངས་པའི་བཀའ་དམ་བཞིན་རྒྱ་མཐོངས་ཀྱི་ལོགས་བྲིས་སུ་གཤིན་རྗེ་གཙོ་འཁོར། དབལ་གསས་ཁྱུང་ནག་གཙོ་འཁོར། ཁྲོ་བོ་རྟ་མགྲིན་གཙོ་འཁོར། ཁྲོ་བོ་གཙོ་མཆོག་གཙོ་འཁོར། མ་རྒྱུད་གཙོ་འཁོར། ཕུར་ནག་གཙོ་འཁོར། གེ་ཁོད་གསང་དྲག་གཙོ་འཁོར། ཁྲོ་བོ་ལྷ་རྒོད་གཙོ་འཁོར། ལྗང་ནག་དབུ་བརྒྱ་ཕྱག་སྟོང་གཙོ་འཁོར་རྣམས་ཀྱི་ལོགས་བྲིས་སྒྲོས་དག་ཅིག་ཏུ་གྲུབ་པར་གནང་། དེ་ཡང་འདུ་ཁང་ནང་གི་ལྷ་ཚོགས་རྣམས་ཀྱི་བཀོད་ཚུལ་ཡང་། ཞི་ཁྲོ་རྩ་བསྐྱེད་ཀྱི་དགོངས་པ་ལྟར་སྤྱི་བོར་ཁྲོ་བོ་དང་སྙིང་ཁར་ཞི་བར་བསྒོམ་པར་གསུངས་པ་དང་མཐུན་པར། སྟེང་ཁང་ཡི་དམ་ཁྲོ་བོ་དང་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་བཀོད་ཅིང་། འོག་ཁང་དུ་མདོའི་ལྷ་ཚོགས་རྣམས་བཀོད་པ་སོགས་གཞལ་ཡས་ཁང་དངོས་ཀྱི་བཟོ་བཀོད་བྱས་པས་བསྟན་འགྲོའི་ལེགས་ཚོགས་ཐམས་ཅད་དབྱར་གྱི་ཆུ་གཏེར་བཞིན་འཕེལ་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་པར་མ་ཟད། གཙོ་ཁང་གི་ལྷ་ཆེན་རྣམས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བཞེངས་པའི་འཕྲོས་དོན་ཅུང་ཟད་སྨོས་ན། དེ་ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དྲན་པའི་ཞལ་ནས། ང་ཡི་མཆོག་གི་སྤྲུལ་པ་ལས། །ཕྲོམ་གཤེན་འོད་ཟེར་ཕོག་པ་གཅིག །བསྡ་ལ་བཀྲ་ཤིས་མཚན་ཅན་འབྱུང་། །འཕྲིན་ལས་གསང་སྔགས་བོན་རྣམས་སྟོན། །འགྲོ་དོན་མཐའ་འཁོབ་རྩོད་པ་འཇོམས། །ཞེས་ ཚད་མའི་ལུང་གིས་གསལ་བར་བསྟན་པ་བཞིན་གྲུབ་དབང་ཤར་རྫ་པའི་འཁྲུངས་ཡུལ་ནི་ཤར་རྫ་ཟླ་བ་ཤེལ་ཀླུང་། བསྡའི་རི་ངོགས་ཡིན་ཞིང་མཚན་ལའང་བཀྲ་ཤིས་ཀྱིས་དངོས་སུ་གསལ་བར་མཚོན་ཡོད་ཅིང་མཛད་པའི་འཕྲིན་ལས་གསང་སྔགས་རྫོགས་པ་ཆེན་པོའི་བོན་གཙོ་བོར་བསྟན་པ་སོགས་གསལ་བ་དང་། ཁྱད་པར་འགྲོ་དོན་མཐའ་འཁོབ་རྩོད་པ་འཇོམས་ཞེས་པ་ནི། ཀུན་མཁྱེན་ཤར་རྫ་རིན་པོ་ཆེ་མཆོག་གི་སྟེང་ཆེན་དགོན་གྱི་གཙོ་ཁང་ནང་དུ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། དགོས་སུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཁྱད་པར་དུས་དེར་མཐའ་དམག་དབུས་སུ་ལྷགས་ནས་བོད་ཀྱི་མི་རྟ་དུང་ཕྱུར་མང་པོའི་སྲོག་བཀུམ་སྟེ་སྡུག་བསྔལ་མེ་ལྟར་འབར་བ་ཞི་བ་དང་། རྒྱ་བོད་ཀྱི་འཁྲུགས་པ་ཞི་བའི་ཆེད་དུ་འོག་ནས་གསལ་བ་ལྟར་ཀྱི་ལྷ་ཆེན་རྣམས་བཞེངས་པ་ཡིན། སྤྱིར་ལུང་བསྟན་རྣམས་སུ་ལྕགས་ཁྱི་ལོ་ལ་མཐའ་དམག་དབུས་སུ་འབྱུང་བར་གསུང་བཞིན་ལྕགས་ཕོ་ཁྱི་ལོ་ལ་སྨད་རྒྱ་ཡུལ་ནས་འཁྲུགས་པ་ལངས་ནས་ལི་ཐང་མན་ཆད་ཀྱི་དགོན་སྡེ་མང་པོ་བཅོམ། སེམས་ཅན་ཁྲི་འབུམ་མང་པོའི་སྲོག་བཀུམ་སྟེ་རྒྱལ་ཁམས་ཡོ་ལང་འཁྲུགས་པ་དང་། ཤིང་སྟག་ལོ་ལ་སྟེང་ཆེན་རྣམ་རྒྱལ་གླིང་དུན་ཙེ་བདུད་སྤྲུལ་མང་པོས་བཅོམ་ཏེ་རྨེག་མེད་དུ་བཏང་། དེའི་རྗེས་སུ་སྨད་ནས་ཐོད་ནག་དམག་དར་འཛིན་ལྔ་བརྒྱ་ལྷ་སའི་བར་དུ་རྒྱུག དེའི་དུས་ན་སྟོད་ནས་ཐོད་དཀར་ལྷ་དམག་ལྔ་བརྒྱ་མར་རྒྱུག་ནས་ཐོད་དཀར་དང་ཐོད་ནག་གཉིས་འཁྲུགས་ཏེ། གཙང་ནས་ལྷ་ས་ཡན་ཆད་ཀྱི་མི་རྟ་ཁྲི་འབུམ་མང་པོའི་སྲོག་བཀུམ་སྟེ་སྡུག་བསྔལ་བར་གྱུར་ཏོ། །དེར་ཡུན་རིང་དུ་འཐབ་ནས་ལྷ་དམག་རྒྱལ་ཏེ་ཁྱུང་པོའི་བར་དུ་ཐོད་ནག་ཕྱིར་དེད་ནས་དེར་འཁྲུགས་པས་སེམས་ཅན་བརྒྱ་སྟོང་མང་པོའི་སྲོག་བཀུམ་ནས་སྡུག་བསྔལ་ལོ། །དེར་ཡང་ཡུན་རིང་ཏུ་འཐབ་ ནས་ཐོད་ནག་མཐའ་དམག་ཕམ་སྟེ་ཆབ་མདོའི་བར་དུ་ཕྱིར་དེད་དོ། །ཆབ་མདོར་ལོ་མང་དུ་འཐབ་ནས་མི་རྟ་ཁྲི་འབུམ་མང་པོ་བཀུམ་མོ། །དེ་ནས་ཐོད་ནག་གི་དམག་ཕམ་ནས་མར་དེད་དེ་ས་རྟ་ལོར་ཧོར་སྐར་འཛིན་ནམ་དཀར་མཛེས་སུ་འཁྲུགས་ནས་མི་རྟ་བརྒྱ་ཕྲག་མང་པོའི་སྲོག་བཀུམ། འདིའི་དུས་ན་ཀུན་མཁྱེན་ཉིད་དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་ཐོག །རྫ་དིང་གཉིས་ཀྱི་མདོར་གནམ་གྲུ་གསུམ་གྱི་འོག ཐང་གྲུ་གསུམ་གྱི་དཀྱིལ། ས་གྲུ་གསུམ་གྱེན་དུ་འཕགས་པའི་སྟེང་། གླང་པོ་ཆེ་ཐང་ལ་ཉལ་འདྲའི་སྣའི་སྣ་ལ་མདོ་སྔགས་བསྟན་རྒྱས་གླིང་གི་དགོན་པའི་གཙོ་ཁང་ན་ཀུན་མཁྱེན་མཆོག་གིས་ལྷ་འདི་ལྟར་བཞེངས་པ་ཡིན་ཏེ། ལྕགས་ཁྱི་ལོ་ནས་ས་རྟ་ཡན་ཆད་དུ་བོད་ཁམས་འདིར་མི་རྟ་དུང་ཕྱུར་མང་པོའི་སྲོག་བཀུམ་སྟེ་མཚོན་ཁར་ཤི་བ་རྣམས། རྒྱལ་བ་རྣམས་ཀྱིས་བྱམས་སྙིང་རྗེ་ཚད་མེད་པའི་ཐུགས་རྗེས་བཟུང་ནས་ཐར་པ་འཐོབ་པའི་ཕྱིར་དབུས་ན་འཆི་མེད་བྱམས་ལྡན་མགོན་པོ་ཐོག་བརྩེགས་གཉིས་ཅན་དང་། བོད་གངས་ཅན་གྱི་འགྲོ་བ་མཐའ་དག་དང་སེམས་ཅན་ཐམས་ཅད་དུས་རྟག་ཏུ་བརྩེ་བ་སྙིང་རྗེ་ཆེན་པོས་མི་འདོར་བའི་ཕྱིར།གཡས་ན་རྒྱལ་ཡུམ་བྱམས་མ་ཆེན་མོ་ཐོག་བརྩེགས་གཉིས་ཅན་དང་། དེང་ནས་བཟུང་མ་འོངས་སྟོན་པ་འཆི་མེད་བྱམས་ལྡན་འབྱོན་གྱི་བར་ནག་པོ་བདུད་ཚོགས་ཕམ་ཞིང་། དཀར་པོ་དགེ་བ་འཕེལ་བ་དང་དཀར་ཕྱོགས་ཀྱི་ལྷ་མི་རྣམས་རྒྱལ་བའི་ཕྱིར། གཡོན་ན་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བའི་ལྷ་ཐོག་བརྩེགས་གཉིས་ཅན་དང་གསུམ། ཡང་སེམས་ཅན་ཐམས་ཅད་དུས་གསུམ་དུ་ཐུགས་རྗེས་མི་འདོར་ཞིང་བདེ་བའི་ས་ལ་དྲངས་པའི་ཕྱིར། སྔར་འདས་ཀྱི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་དང་། ད་ལྟའི་སྟོན་པ་ཁྲི་གཙུག་རྒྱལ་བ་དང་གཉིས་ཐོག་བརྩེགས་རེ་རེ་དང་། དབུས་ཀྱི་འཆི་མེད་བྱམས་ལྡན་བཅས་དུས་གསུམ་གྱི་སྟོན་པ་དང་། ཡང་སྐལ་བཟང་སྒྲོན་མེ་ཅན་གྱི་བསྐལ་པ་སྔོན་ནས་ཐུགས་བསྐྱེད་ཀྱིས་སེམས་ཅན་རྣམས་ཁྱད་པར་དུ་འདུལ་སྐལ་བབ་པའི་ལྷ་བདེ་གཤེགས་འོད་དཀར་གནས་ འཛིན་དང་། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་གཉིས་ཐོག་བརྩེགས་རེ་རེ་དང་། གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བ་བཅས་ལྷ་གཤེན་སྲིད་པ་གསུམ་དང་། ཡང་སེམས་ཅན་ཐམས་ཅད་དང་རང་གི་ཕ་མས་གཙོར་བྱས་འབྲེལ་ཐོག་གི་སེམས་ཅན་རྣམས་རྒྱལ་བའི་ཐུགས་རྗེས་བཟུང་བའི་ཕྱིར། བྱམས་པ་ལྷ་བརྒྱད་ལུས་ཚད་པ་རྣམས་འདག་བསེ་དང་སྨན་འདམ་ལ་རྒྱུར་བྱས་ཏེ་གསར་བཞེངས་ཀྱི་དབུ་བརྩམས། དེ་ཡང་ཟླ་བ་དང་པོའི་མར་ངོ་གཟའ་སྐར་དྲག་པོ་འཛོམས་པའི་དུས་ནས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་། དབྲ་སྤྲུལ་བསྐལ་བཟང་ཉི་མ། མཆོག་སྤྲུལ་ཉི་མ་འོད་ཟེར་གསུམ་གྱིས་ཡི་དམ་དབལ་ཕུར་ནག་པོའི་དཀྱིལ་འཁོར་གྱི་ཞལ་ཕྱེས།བསྙེན་སྒྲུབ་ལས་གསུམ་གྱི་གཞུང་བསྲངས་ནས་ལྷ་ཆེན་གསུམ་གྱི་འོག་ཏུ་དུག་གསུམ་རང་གཟུགས་ཀྱི་ལིངྒ་མནན་ཏེ་འགུག་ཞུགས་དང་བདེན་བདར་དྲག་པོ་བྱས་ནས་ཁྲོ་ཕུར་ཞང་གསུམ་གྱི་བྲོ་བརྡུང་ནས་མནན་པས། དེ་འཕྲལ་ནམ་མཁའ་ནས་རླུང་དམར་གྱི་ཐལ་འཚུབས་སྦྲེང་། ས་གཞི་ལ་རྡོ་ཤིང་གི་སེར་བས་བྲབ། བར་སྣང་ལ་གྲང་ལྷག་གི་ངད་པས་སྦྲེབས་ཏེ་གནད་ཐོག་ཏུ་ཕོག་པའི་རྟགས་མཚན་བྱུང་གསུང་། དེའི་ཕྱི་ཉིན་ནས་འབྱུང་བཞི་ཁོད་སྙོམས། དུས་ཚད་བག་དྲོ། གནམ་ལ་ཉི་མའི་ཟེར་མདངས་རྒྱས་ཏེ་བོད་ཁམས་ཀྱི་ཟིང་འཁྲུག་རབ་ཏུ་ཞི་ཞིང་སེམསཅན་རྣམས་ལ་བདེ་སྐྱིད་འབྱུང་བ་དང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྔ་ལྟས་བཟང་པོ་ཤར་བ་གྱུར་ཏོ། །དེར་བརྟེན་དགོན་པ་འདི་ལ་ཆགས་འཇིག་མ་འབྱུང་ན་ཆོས་ལུགས་གྲུབ་མཐའ་ལ་སྨན་པའི་ཚད་མའི་བརྡ་རྟགས་ཡ་མཚན་བྱུང་བར་གྱུར། དེ་ནས་རིང་དུ་མ་འགྱངས་བར་བརྟེན་པ་ལྷ་རྣམས་དངོས་སུ་བཞེངས་པའི་དབུ་བརྩམས། དེའི་དུས་ན་ཧོར་སྐར་འཛིན་གྱི་ཨ་ཐུབ་ས་ན་རྒྱ་བོད་གཉིས་འཁྲུགས་ནས་མི་རོ་ཐང་ལ་བསྙིལ། རྟ་ཁྲག་མཚོ་ལྟར་སྐྱིལ་ཏེ་མི་རྣམས་མཚོན་ཁར་ཤི་ནས་སྡུག་བསྔལ་ལོ། །མི་འགའ་རེས་རྗེ་ཉིད་ལ་འདི་ལྟར་རྒྱ་བོད་གཉིས་འཁྲུགས་ནས་འདུག་པའི་རེ་བ་མེད་པའི་དུས་འདིར། ཁྱོད་ཀྱིས་ལྷ་བཞེངས་ནས་འདུག་པའི་རེ་བ་ཡོད་དམ་ཟེར་མཁན་མང་དུ་བྱུང་ཡང་ཟླ་བ་གཉིས་པའི་ཡར་ཚེས་ནས་གཟའ་སྐར་མཐུན་སྦྱོར་བཟང་པོ་འཛོམས་ནས་རྨང་གཞིའི་གཟུངས་རྣམས་བཞག་རྣམ་རྒྱལ་གཏེར་བུམ་རྣམས་བསྒྲུབས་ནས། ཤིང་ལས་གནོད་སྦྱིན་བང་མཛོད་རྒྱ་རུ་འདོམ་གང་། དཔང་དུ་འདོམ་ཕྱེད་ཡོད་པ་གསུམ་བྱས་ཏེ་དེའི་ནང་དུ་འབྲུ་རིགས་སྣ་ཚོགས་དང་། ཤིང་ཐོག་སྣ་ཚོགས་དང་། ཟས་སྣ་དང་། རིན་ཆེན་སྣ་ཚོགས་རྣམས་དར་རས་ཀྱི་ཐུམ་པོར་བྱས་ཏེ། གཏེར་བུམ་རྣམས་སོ་སོར་བཞག་པའི་བར་རྣམས་ལེགས་པར་ཁེངས་པར་བྱས་ཏེ་མཁན་ཆེན་ཉི་མའི་ལག་ལེན་ལས་གསུངས་པ་བཞིན་དུ་ལེགས་པར་གྲུབ་པར་བྱས། ཁྱད་པར་དུ་འདོད་འབྱུང་གི་གཏེར་བུམ་དུ་ཨོ་རྒྱན་བདེ་ཆེན་གླིང་པས་སྤྲུལ་པའི་གནས་ཆེན་དྲུག་གི་གཙོ་བོ་བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་ལྷོ་ཕྱོགས་མཁའ་འགྲོའི་གསང་བ་བདེ་ཆེན་ཟབ་ལམ་ཕུག་ནས་སྤྱན་དྲངས་པའི་ཕྱྭ་གཡང་དཔལ་ཆེན་འདོད་པ་དགུ་འགྱུར་བསམ་འཕེལ་རིལ་བུ་གཏེར་བྱོན་མ་དང་། གཏེར་བུམ་གཞན་རྣམས་ཀྱི་ནང་དུ་དེ་ཉིད་ཀྱི་རྩ་བ་དང་པོའི་གཏའ་སྤེལ་རིལ་བུ་བདུན་ཆ་རེ་བཞུགས། བང་མཛོད་ནང་དང་གཏེར་བུམ་རེ་རེ་བཞིན་དུ་སྤྲུལ་པའི་གཏེར་ཆེན་བདེ་ཆེན་གླིང་པས་སེང་གེ་གཡུ་རྫོང་གི་གཏེར་བྱོན་མཁའ་སྤྱོད་ཀྱི་གནས་བརྒྱད་དུར་ཁྲོད་ཆེན་པོ་བཅུ་གཉིས་ལྷ་ཡུལ་གནས་བཅས་ཀྱི་ས་སྣ་དང་། ཡོན་ཏན་རྡོ་རྗེ་ཐུགས་ཀྱི་གནས་ཆེན་དེ་བཱི་ཀོ་ཊ་ཙ་འདྲ་གཉིས་པ་རིན་ཆེན་བྲག་གི་གཏེར་བྱོན། མཁའ་འགྲོ་འདུ་བའི་གནས་ཆེན་པོ་ཉེར་ལྔ། ཨོ་རྒྱན་དུར་ཁྲོད་ཆེན་པོ་བརྒྱད། མཁའ་སྤྱོད་ཀྱི་ཡུལ་ཆེན་པོ་ཉེར་བདུན་བཅས་ཀྱི་ས་སྣའི་རིལ་བུ་རྣམས་ཀྱིས། རྒྱ་དཀར་བལ་བོད་མདོ་དབུས་སྟོད་སྨད་གནས་ཆེན་ཡོངས་ཀྱི་ས་སྣ་ལ་གཏའ་སྤེལ་བ་དང་། རྨ་ལ་བཞིའི་ཚེ་ལུང་དཔལ་འབར་གདོང་གི་གཏེར་བྱོན་སུམ་ཅུ་རྩ་གསུམ་གྱི་གནས་ལྔ། ཨོ་རྒྱན་གྱི་གནས་བཅུ་གཉིས་རྒྱ་གར་གྱི་ཡུལ་བཞི། རྟག་གཟིགས་ཀྱི་ཡུལ་བཞི་དང་མཁའ་སྤྱོད་གནས་ཡུལ་ཉེར་ལྔའི་རྩ་ཤིང་མེ་ཏོག་གིས། རྒྱ་བོད་གནས་ཆེན་ཡོངས་ཀྱི་མེ་ཏོག་དང་ཤིང་སྣ་ལ་བུང་བསྐྱེད་པའི་གཡང་རྫས་དང་། གཡུང་དྲུང་དགུ་བརྩེགས་སོགས་རི་བོ་སུམ་བརྒྱ་དྲུག་ཅུ། ཤམ་པོ་ལྷ་རྩེ་སོགས་གསས་མཁར་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད། སེང་གེ་རྒྱབ་བསྣོལ་སོགས་བྱང་ཆུབ་གྲུབ་གནས་ཉི་ཤུ་རྩ་ལྔ། མུ་ལེ་སྟོང་ལྡན་སོགས་རྒྱ་མཚོ་བཞི་ཅུ་ཞེ་བཞི། ཙན་དན་ཀྲིཀྵ་སོགས་ལྗོན་ཤིང་བརྒྱ་དང་རྩ་ལྔ་གཙོས་ས་ཆུ་འབྱུང་བཅུད་འདོད་འཇོའི་ལྗོན་ཤིང་བྱ་བ་ནམ་མཁའ་རྫོང་གི་གཏེར་ཕུག་ནས་ལྕགས་སྤྲེལ་ཟླ་༨ཚེས་༢༥ལ་སྤྱན་དྲངས་པའི་གཏའ་དང་པོ་སྤེལ་བ་དང་། ཡང་ཚེ་ལུང་དཔལ་འབར་གདོང་གི་གཏེར་བྱོན་མ་ཀྲ་ཀླུ་ཡི་གྲོང་ཁྱེར་ཆེན་པོ་གླིང་དགུ་བཅུད་འདུས་ཀྱི་རྒྱ་མཚོ་དང་། ཆུ་བོ་བཞི་འདུས་ཀྱི་རིན་ཆེན་ཕྱེ་མས་གཏའ་རུ་སྤེལ་བའི་རིན་ཆེན་སྣ་ཚོགས་གོས་ཐུམ་བྱས་ཏེ་བང་མཛོད་ནང་དུ་བཅུག་ནས་གཙོ་བོ་བྱམས་པ་དང་། བྱམས་མ་དང་། རྣམ་རྒྱལ་གསུམ་གྱི་རང་རང་གི་གདན་ཁྲིའི་ནང་དུ་བཞགདེའི་སྟེང་དུ་རྟེན་ཤིང་གཙུག་སྟེ་ཤིན་ཏུ་བརྟན་པོར་བྱས་ནས་སློང་།གཞན་ཡང་ལྷ་ཆེན་གསུམ་ལ་སོ་སོར། ཤར་དུ་ཕོ་སྦྱོང་། བྱང་དུ་ཀུན་རིགས། ནུབ་ཏུ་མོ་སྦྱོང་། ལྷོ་རུ་རིན་ཆེན་སྒྲོན་མ། དབུས་སུ་གཡུང་དྲུང་ཀློང་རྒྱས་ལ་སོགས་སྦྱོང་རྒྱུད་ཀྱི་གླེགས་བམ་ལྔ་རྣམས་འཛམ་པར་བྱས། ལྷ་གཞན་རྣམས་ལ་སྦྱོང་རྒྱུད་ལྔའི་ཚབས་སུ། དབུས་སུ་གཡུང་དྲུང་ལྟུང་བཤགས་དང་། ཕྱོགས་བཞིར་བཻཌཱུ་རྱ་འོད་ཀྱི་གཟུངས་ལས་བྱུང་བའི་འགྲོ་དྲུག་སྒྲིབ་སྦྱོང་གི་གཟུངས་རྣམས་སོ་སོར་འཛམ་པར་བྱས། ལྷ་ཆེན་གསུམ་ལ་གཟུངས་གཞུག་རྒྱས་པ་ཆ་བདུན་རེ་དང་། གཏོ་རྒྱལ་ཡེ་མཁྱེན། ཁྲི་གཙུག་རྒྱལ་བ། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི་དང་བཞི་དེ་རྣམས་ལ་གཟུངས་ གཞུག་རྒྱས་པ་ཆ་ལྔ་རེ་ལག་ལེན་བཞིན་དུ་གྲུབ་པར་བྱས། མདོར་ན་གཙོ་འཁོར་ཀུན་ཀྱི་སྲོག་ཤིང་ལ་སྐྱིལ་ཀྲུང་ནས་གཙུག་ཏོར་མན་ཆད་ཀྱི་གཟུངས་རྣམས་སོ་སོར་དྲིལ་ཏེ་མ་ནོར་བར་བྱས། ལྷ་ཆེན་གསུམ་ལས་བྱམས་པའི་གཙུག་ཏོར་ནང་དུ་འོད་སྲུང་འཕེལ་གདུང་། བྱམས་མའི་གཙུག་ཏོར་ནང་དུ་ཞང་ཞུང་སད་ནེ་གའུའི་འཕེལ་གདུང་། རྣམ་པར་རྒྱལ་བའི་གཙུག་ཏོར་ནང་དུ་གཤེན་རབ་ཀྱི་འཕེལ་གདུང་མུ་ཏིག་མདོག་བདེ་ཆེན་གླིང་པས་བོན་རིའི་དབུས་ཕུག་ནས་དྲངས་པ་དང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་སྐུ་གདུང་ལས་བྱོན་པའི་ཤ་རཱི་རྃ། ཆུ་རཱི་རྃ། པཉྩ་རྃ། ཉཱ་རཱི་རྃ། བ་རཱི་རྃ་སྟེ་གདུང་རིགས་ལྔ་སོ་སོའི་རང་མདོག་གཏིང་འོད་དུ་ཆགས་པ་ལྔ་རྣམས་དང་། བོན་སྐུ་རྟེན་གྱི་རིང་བསྲེལ་རེ་རེ་བཞུགས། ཡང་སྟོན་པ་གཉིས་དང་གཤེན་ལྷ་སངས་པོ་བཞིའི་གཙུག་ཏོར་ནང་དུ་ཨོ་རྒྱན་བདེ་ཆེན་གླིང་པས་རྡོ་ཐིག་གངས་དཀར་ནུབ་ཕྱོགས་གཡུ་བྲག་སེང་གེ་འགྱིང་པའི་མགུལ་ནས་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་ལ་སྤྱན་དྲངས་པའི་རྣམ་མཁྱེན་སྟོན་པའི་གདུང་ཐལ་བྱ་བལ་མའི་རིལ་བུ་དཔེ་བྲལ་མ་གཏེར་བྱུང་རེ་རེ་དང་། བོན་སྐུ་རྟེན་གྱི་རིང་བསྲེལ་རེ་རེ་བཞུགས། བྱམས་པ་བརྒྱད་ཀྱི་གཙུག་ཏོར་ནང་དུ་བོན་སྐུ་རྟེན་གྱི་རིང་བསྲེལ་རེ་རེ་བཞུགས། གཙོ་བོ་བྱམས་པ་དང་། བྱམས་མ་དང་། རྣམ་རྒྱལ་གསུམ་ལ་དམ་རྫས་བརྒྱ་རྩ་དཔྲལ་བ་ནས་གསང་གནས་ཡན་ཆད་དུ་གཏེར་བྱུང་མ་རེ་རེ་བཞུགས། གཞན་ཀུན་ལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་བདེ་ཆེན་གླིང་པས་དཔལ་གྱི་བོན་རིའི་དབུས་ཕུག་གསང་བ་ཡོངས་ རྫོགས་ལ་སོགས་གཏེར་གནས་སོ་སོར་ནས་སྤྱན་དྲངས་པའི་དམ་རྫས་བརྒྱ་རྩའི་རིལ་བུ་རྩ་བ་དང་པོའི་གཏའ་སྤེལ་རིལ་བུ་བདུན་ཆ་རེ་རེའམ་ལྔ་ཆ་རེ་རེ་བཞུགས་ཏེ། དེ་ཡང་འདི་ལྟར་སོ་སོའི་དཔྲལ་བའི་དབྱིངས་རུམ་ན་བོན་རི་ནས་དྲངས་པའི་སངས་རྒྱས་ཀྱི་ཤངས་མཚལ་དྲུམ་ཤིང་བཅུད་འཐུང་གི་རྫས་དང་སྦྱར་བའི་རྩ་བའི་གཏའ་སྤེལ་དང་པོའི་རིལ་བུ་དང་། སངས་རྒྱས་ཀྱི་གདུང་ཐལ་བྱ་བལ་མའི་རིལ་བུ་དང་། སྐུ་བལ་རིང་བསྲེལ་ལམ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྣམས་བཞུགས། སྙན་དཀྱུས་ནས་ཤངས་ཡན་ཆད་ལ་དཔལ་གྱི་རི་བོ་ཆེའི་དབུས་ཀེའུ་ཚངས་གསང་ཕུག་ནས་དྲངས་པའི་རྒྱལ་བ་རིགས་ལྔའི་དམ་རྫས་དང་། དཔལ་གྱི་བོན་རིའི་དབུས་ཕུགས་ནས་དྲངས་པའི་ཚད་མེད་འོད་ལྡན་དགོངས་པ་བཅུད་བསྡུས་ཀྱི་དམ་རྫས་དང་། དེ་བཞིན་གཤེགས་པ་གཤེན་ལྷ་འོད་དཀར་གྱི་རྣམ་འཕྲུལ་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱི་སྐུ་ཤ་སྐྱེ་བདུན་མྱོང་གྲོལ་ཁྱད་འཕགས་ཀྱི་རིལ་བུ་དང་། དབང་གི་ཆུ་བོ་བཞིའི་དམ་རྫས་གཡུ་བུན་འཁྱིལ་པ་རྣམས་བཞུགས། མགུལ་ན་གྱེར་གྱི་རི་བོ་དབུས་ཕུག་བྲག་གི་རྒྱ་རིམ་དགུ་བསལ་ནས་སྤྱན་དྲངས་པའི་བདེ་གཤེགས་དགོངས་རྒྱུད་རྣམ་ལྔའི་དམ་རྫས་བྱིན་རླབས་སྤུངས་བསྡུས་དང་། འཆི་མེད་གཙུག་ཕུད་དགོངས་པ་བཅུད་ཀྱི་དམ་རྫས་རྣམས་བཞུགས། མགྲིན་པའི་སྨད་ན། ཁྱད་པར་གསུམ་པ་གཡུང་དྲུང་ཐུགས་ཀྱི་གནས་ཆེན་སྤུ་རྒྱལ་རི་བོའི་ལྷོ་ཤར་ཚེ་ལུང་དཔལ་འབར་གདོང་ཅན་བྲག་ནས་མེ་ཡོས་ཟླ་བ་བཅུ་པའི་ཚེས་བཅུ་ལ་སྤྱན་དྲངས་པའི་འཆི་མེད་གཡུང་དྲུང་གི་སྐུ་བརྙེས་པ་འཕྲུལ་གཤེན་སྣང་ལྡན་དང་འཆི་མེད་ཟབ་ལམ་གྱི་ཐུགས་བརྙེས་པ་བཟང་ཟ་རིང་བཙུན་དང་འཆི་མེད་ཤེས་རབ་ཀྱི་གསུང་བརྙེས་པ་འཆི་མེད་གཙུག་ཕུད་གསུམ་གྱི་བྱང་སེམས་རིལ་བུ་རྩ་བ་དང་པོའི་གཏའ་སྤེལ་དང་། བོན་རིའི་དབུས་ཕུག་ནས་དྲངས་པའི་བཟང་ཟ་རིང་བཙུན་ཟབ་མོའི་དམ་རྫས་རྣམས་བཞུགས། ཐུགས་ཀའི་གོང་ན་ཀོང་ཡུལ་དགའ་ཚལ་དབུས་ཕུག་གསང་བ་ཡོངས་རྫོགས་ནས་སྤྱན་དྲངས་པའི་ལྷ་གཤེན་ཡོངས་སུ་དག་པའི་རྒྱ་ཆེ་རོལ་པའི་དམ་རྫས་དང་། ཡེ་ཤེས་སྙིང་པོའི་དངོས་གྲུབ་གཏེར་གྱི་དམ་རྫས་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གསང་མཆོག་ཐུགས་ཀྱི་དམ་རྫས་དང་། སྤུ་རྒྱལ་རི་བོའི་ལྷོ་ཤར་ཚེ་ལུང་དཔལ་འབར་གདོང་ཅན་བྲག་གི་རྒྱ་རིམ་གསུམ་བསལ་ནས་སྤྱན་དྲངས་པའི་ནམ་མཁའ་སྣང་མདོག་ཅན་གྱི་ཐུགས་དམ་དམ་རྫས་བླ་མེད་སྙིང་པོ་བཞུགས། ཐུགས་ཀའི་དཀྱིལ་ན་འདུ་གནས་སུམ་ཅུའི་རྒྱལ་པོ་ཤེལ་བྲག་འོད་ཚལ་གྱི་དབུས་ཕྱོགས་དྲི་མེད་ཤེལ་དཀར་རྩེའི་མཛོད་ལྔ་འདུས་པ་ནས་དྲངས་པ་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་དམ་རྫས་སྙིང་པོ་དང་།བོན་རི་ཆེན་པོའི་དབུས་ཕུག་ན་སྤྱན་དྲངས་པའི་དག་པའི་འཁོར་བདུན་ཐུགས་དམ་དམ་རྫས་བླ་མེད་སྙིང་པོ་དང་། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་བཅུ་གཉིས་བཅས་ཀྱི་རྗེས་དྲན་བཀའ་བབ་ཉེར་ལྔའི་དམ་རྫས་དང་། ཚེ་ལུང་དཔལ་འབར་གདོང་ཅན་བྲག་གི་རྒྱ་རིམ་པ་གསུམ་བསལ་ཏེ་སྤྱན་དྲངས་པའི་འཆི་མེད་ཡབ་སྲས་གསུམ་གྱི་ཐུགས་དམ་དམ་རྫས་བླ་མེད་སྙིང་པོ་རྣམས་བཞུགས། ཐུགས་ཀའི་ཤར་དུ་བོན་རིའི་དབུས་ཕུགས་ཡོངས་རྫོགས་ཀེའུ་ཚང་ནས་སྤྱན་དྲངས་པའི་ལྷ་སྲས་རྨ་ལོ་དར་སྐྱོང་གི་རྣམ་དག་ཐུགས་ཀྱི་རིལ་བུ་དང་། དྲང་སྲོང་ཚུལ་འབར་ཁྲི་ཤེས་འདུ་བ་སྤྱི་འཇོམས་བདུད་རྩི་རྣམ་པར་རྒྱལ་བའི་རིལ་བུ་བཅས་བཞུགས། བྱང་དུ་དཔལ་གྱི་བོན་རིའི་དབུས་ཕྱོགས་གསང་ བ་ཡོངས་རྫོགས་ཀེའུ་ཚང་ནས་དྲངས་པའི་འཆི་མེད་རྣམ་གསུམ་ནས་རིམ་པར་བརྒྱུད་པའི་རྩ་བའི་དམ་རྫས་སྡེ་ལྔ་གྱེར་ཆེན་ལི་ཤུ་སྟག་རིང་ཕྱག་སྒྲིལ་མའི་རིལ་བུ་བཞུགས། ནུབ་ཏུ་དཔལ་གྱི་བོན་རིའི་དབུས་ཕུག་གསང་བའི་བྲག་ངོས་མཚོ་རྒྱལ་ཟླ་མཚལ་གྱི་བྲིས་པའི་ཧཱུྃ༔རྒྱ་གསལ་བའི་འོག་ནས་སྤྱན་དྲངས་པའི་སྐུའི་རིག་འཛིན་ཉེར་ལྔའི་གདུང་རྟེན་རྩ་གསུམ་ཞི་ཁྲོ་སྤྱི་འདུས་ཀྱིས་བསྒྲུབས་པའི་དམ་རྫས་བཞུགས། ལྷོ་རུ་ཀོང་ཡུལ་གཡུ་མཚོ་དྲག་པོ་མདངས་ལྡན་གྱི་དབུས་རྫོང་ནས་ས་ལུག་ཟླ་༨ཚེས་༨ལ་སྤྱན་དྲངས་པའི་བླ་མ་སྟག་ལ་མེ་འབར་གྱི་དྲག་སྔགས་བཅུད་བསྡུས་ཀྱི་རིལ་བུ་དང་། ཁྱད་པར་གསུམ་པ་གཡུང་དྲུང་ཐུགས་ཀྱི་དྲག་པོ་དམར་ནག་རྦ་ཀློང་ནས་སྤྱན་དྲངས་པའི་བླ་ཆེན་ཡབ་སྲས་གསུམ་གྱི་རྒྱལ་འགོང་འདུལ་བའི་དམ་རྫས་བཅས་བཞུགས། ཐུགས་ཀའི་འོག་ན་གླིང་ཡུལ་གནས་ཆེན་བཀྲ་ཤིས་ལྷ་རྩེའི་རྡོ་རྫོང་བྲག་ནས་སྤྱན་དྲངས་པའི་འཆི་མེད་ཚེ་ཡི་མགོན་པོ་འོད་དཀར་དཔག་མེད་ཀྱི་ཚེ་རིལ་དང་། ཁྱད་པར་དྲུག་གི་གཉིས་ལས་སྤུ་རྒྱལ་རི་བོའི་ལྷོ་ཤར་ཚེ་ལུང་དཔལ་འབར་གདོང་ཅན་བྲག་གི་རྒྱ་རིམ་པ་གསུམ་བསལ་ཏེ་སྤྱན་དྲངས་པའི་མཁས་བཞི་གཤེན་བརྒྱད་ལོ་པཎ་གཤེན་པོ་བཅུ་གཉིས་ཀྱི་ཤེས་བྱ་མུན་པ་ཀུན་སེལ་གྱིས་བསྒྲུབས་པའི་ཤེས་རབ་རིལ་བུ་བཅས་བཞུགས། དེའི་ཤར་དུ་ཁྱད་པར་དྲུག་གི་གཡུང་དྲུང་སྐུའི་གནས་ཆེན་རིན་ཆེན་འབར་བའི་ལྷོ་ཕྱོགས་བདེ་བ་ཕུགས་པས་ས་ལུག་ཟླ་༡༠ཚེས་༡༠ལ་སྤྱན་དྲངས་པའི་ལི་ཤུ་སྟག་རིང་ཚེ་རྫས་བྷྲུྃ༔རྒྱ་མའི་རིལ་བུ་དང་། དྲན་པ་ནམ་མཁའི་འཆི་མེད་ཚེ་ཡི་དམ་རྫས་བྷྲུྃ༔རྒྱ་མའི་རིལ་བུ་དང་། ཤེལ་བྲག་སེང་གེའི་གཡུ་རལ་རྩེ་ནས་སྤྱན་དྲངས་པའི་ཚེ་དབང་རིག་འཛིན་བརྒྱད་ཀྱིས་ཕྱག་དྲིལ་མ་ཚེ་བཅུད་ཀུན་འདུས་རིལ་བུ་བཅས་བཞུགས། བྱང་དུ་གཡུང་དྲུང་སྐུའི་གནས་མཆོག་རིན་ཆེན་འབར་བའི་ལྷོ་ཕྱོགས་ བདེ་བ་ཕུག་ནས་ས་ལུག་ཟླ་༡༠ཚེས་༡༠ལ་སྤྱན་དྲངས་པའི་དམུ་ཙ་གྱེར་མེད་ཀྱི་ཚེ་རྫས་བྷྲུྃ༔རྒྱ་མའི་རིལ་བུ་དང་། དབང་ལྡན་པད་མ་དོན་གསལ་གྱི་ཚེ་རྫས་བྷྲུྃ༔རྒྱ་མའི་རིལ་བུ་བཅས་བཞུགས། ནུབ་ཏུ་དཔལ་གྱི་བོན་རི་ཆེན་པོའི་དབུས་ཕྱོགས་ཡོངས་རྫོགས་ཀེའུ་ཚང་ནས་སྤྱན་དྲངས་པའི་ལྷ་མོ་བསེན་ཐུབ་ཀྱི་དྭངས་མ་བཅུད་བསྡུས་རིལ་བུ་བཞུགས། ལྷོ་རུ་བདེ་ཆེན་གླིང་པས་བསྒྲུབ་པ་བཀའ་བརྒྱད་སྨན་སྒྲུབ་ཐེངས་བདུན་པ། ཡང་བདེ་གླིང་གི་རིག་འཛིན་འདུས་པའི་སྨན་སྒྲུབ་ཁྱུང་པོའི་གྲུབ་ཐོབ་སྨོན་ལམ་རིན་པོ་ཆེའི་དབུ་མཛད་ནས་བསྒྲུབ་པའི་ཐེངས་ལྔ་པ་བཞུགས། གསང་གནས་ན། ཀོང་ཡུལ་དཔལ་གྱི་རི་བོར་རྒྱལ་གཤེན་ཡབ་སྲས་ཀྱིས་མ་ཏྲི་ནམ་མཁའ་རྒྱལ་པོའི་སྒོ་ནས་བསྒྲུབ་པའི་དམ་རྫས་ཆེན་པོ་ཨུ་དུམ་ཝ་ར། ཕོ་ཉ་རྟའི་ལོར་དབུས་ཕྱོགས་ཡོངས་རྫོགས་དཔལ་གྱི་ཕུག་ནས་སྤྱན་དྲངས་པའི་རིལ་བུ་འབྲི་རྒྱུད་འབྲི་ཆེན་སྡོང་རའི་མཐིལ་གྱི་ལྷོ་ངོས་བི་ལིའི་ཀེའུ་ཚངས་ནས་མེ་སྦྲུལ་ཟླ་༡༠ཚེས་༡༠གདུགས་གང་ལ་སྤྱན་དྲངས་པའི་འཆི་མེད་རྣམ་གསུམ་ནས་བླ་ཆེན་ཡབ་སྲས་ཡན་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་གཤེན་ཕྲན་ལྔ་བརྒྱ་ཐམ་པ་བོན་གཤེན་ལྔ་སྟོང་ལྔ་བརྒྱས་འཁོར་བ་དོང་སྤྲུག་གི་སྒོ་ནས་བསྒྲུབས་པའི་དུང་འབུམ་དམ་རྫས་མྱོང་བ་རང་གྲོལ་ཆེན་མོ་བཅས་བཞུགས། ཡང་ཐུགས་ཀའི་གོང་དུ་བདེ་གླིང་གཏེར་མ་བཱེེ་རོའི་དབུ་སྐྲ། ཐུགས་འོག་ཏུ་མཚོ་རྒྱལ་ལྟག་སྐྲ། ཡང་ཐུགས་ཁར་བདེ་གླིང་གཏེར་མ་སྟོང་རྒྱུང་ན་བཟའ། མུ་ཟི་གསལ་བཟང་ན་བཟའ། རྒྱུང་ཡར་མུ་ཁོད་སྐུ་བེར། དྲན་པ་ནམ་མཁའི་བླ་གོས། ཨོ་རྒྱན་ཟ་བེར་རྣམས་བཞུགས། ཡང་ཐུགས་འོག་ཏུ་བདེ་གླིང་གཏེར་མ་མཚོ་རྒྱལ་པང་ཁེབ། འོད་ལྡན་འབར་མའི་གསང་གོས་རྣམས་དང་། བདེ་ཆེན་གླིང་པའི་ཤོག་སེར་དང་། ལ་སྒྲམ་རྣམས་བཞུགས། དེ་རྣམས་སྲོག་ཤིང་གི་སྟོད་སྨད་ལ་གང་བབ་ཏུ་བཞག་ནས་དར་སྣ་ཚོགས་ཀྱིས་དྲིལ་ཏེ་གཙོ་བོ་གསུམ་གྱི་རྟེན་ཤིང་ལ་བརྟན་པོར་བྱས་ནས་སློང་། འཁོར་རྣམས་ཀྱི་སྲོག་ཤིང་ལའང་གཟུངས་རྣམས་དྲིལ་ནས་བྱིན་རྟེན་རྣམས་དང་ན་བཟའ་དང་རྫས་སོགས་ལེགས་པར་འཛམ་པར་བྱས། སྲོག་ཤིང་གི་བྱ་བ་འཛམ་ནས་རྣལ་འབྱོར་ཚུལ་ཁྲིམས་དབང་ཕྱུག་དཔོན་གཡོག་བཅུ་གཅིག་བཅས་ནས་འདག་བཟོའི་འགོ་རྩོམ་པའི་སྐབས་ནས། དཀར་མཛེས་ཀྱི་ས་ཆའི་རྒྱ་བོད་གཉིས་ཀྱི་འཁྲུགས་པ་ཞི་ནས་དཀར་མཛེས་མན་ཆད་རྒྱ་དང་། སྡེ་དགེ་ཡན་ཆད་བོད་ཀྱི་འོག་སྡེར་བྱས་ནས་དུམ་སྟེ། དེ་ཕྱིན་ཆད་ནས་ཡོས་ལོའི་བར་ལོ་ངོ་བཅུར་འདས་ཀྱང་སྟོད་སྨད་གང་ལའང་འཁྲུགས་པ་མ་བྱུང་གསུང་། ཕྱིན་ཆད་ཀྱང་འཁྲུགས་པའི་རྒྱུན་ཆད་ནས་བོད་ཁམས་བདེ་བ་དང་ལྡན་ཞིང་སངས་རྒྱས་ཀྱི་བསྟན་པའང་སྔ་ལྟར་དར་ཞིང་རྒྱས་སོ། །དེ་ནས་རྣལ་འབྱོར་ཚུལ་ཁྲིམས་དབང་ཕྱུག་སོགས་དཔོན་གཡོག་ཀུན་ནས་འདག་བཟོ་བྱས་ཏེ། དེའང་འདིའི་སྐབས་ལྷ་རྣམས་ཀྱི་ནང་རྟེན་དུ། བྱམས་པའི་ནང་དུ་ཁམས་ཆེན་གསེར་དངུལ་བཀྲ་མ་ཆ་གཅིག མདོ་དྲི་མེད་གཟི་བརྗིད་ཆ་གཅིག བྱམས་ལྡན་གྱི་སྙིང་པོ་འབུམ་ཕྲག་གཅིག་རྣམས་བཞུགས། བྱམས་མའི་ནང་དུ་བསྐལ་བཟང་ཆ་གཅིག་དང་།བྱམས་མའི་སྙིང་པོ་འབུམ་ཕྲག་གཅིག་རྣམས་བཞུགས། རྣམ་རྒྱལ་ནང་དུ་མདོ་གཟེར་མིག་ཆ་གཅིག རྣམ་རྒྱལ་གཟུངས་ཆེན་ཆ་གཅིགཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་རྣམས་བཞུགས། ཡང་བྱམས་པ་བྱམས་མ་རྣམ་རྒྱལ་གསུམ་གྱི་ནང་དུ། ཁྲོ་བོ་བཀའ་གཞུང་རྒྱས་པ་ཆ་གཅིག་རིགས་དྲུག་ཐར་ལམ་མདོ་ཆ་གཅིག ནོར་བུ་འོད་འབར་ཆ་གཉིས། ཀློང་རྒྱས་ཆ་གསུམ། སྟོང་མཚན་ཆ་དྲུག སྐྱེ་སྒོ་གཅོད་པ་ཆ་བཅུ། ཀུན་རིགས་ཆ་གཅིག ཕོ་སྦྱང་མོ་སྦྱང་ཆ་གཉིས། མ་ཏྲི་གསེར་ཞུན་ཆ་གསུམ་རྣམས་བཞུགས། ཡང་གཤེན་ལྷའི་ནང་དུ་ཨ་གསལ་གཞུང་ཆ་ལྔ། ཚེ་གཟུངས་ཆ་གཅིག མ་ཏྲི་སྟོང་ཕྲག་གཉིས། ཡི་གེ་བརྒྱ་པ་བརྒྱ་ཚོ་ལྔ། སྲིད་པའི་ནང་དུ་སྨོན་ལམ་རྣམ་གསུམ་ཆ་གསུམ། བསྔོ་བ་བདེ་ལེགས་ཀུན་འབྱུང་ཆ་ལྔ། སྟོན་པའི་ནང་དུ་ཞང་སྐད་མ་ཆ་བཞི། གཏོ་རྒྱལ་ཡེ་མཁྱེན་ནང་དུ་ཁམས་ཐིག་ལེའི་མདོ་ཆ་ལྔ་རྣམས་བཞུགས། གཞན་ཡང་ཀུན་མཁྱེན་མཆོག་གི་མཛད་བྱང་སྐོར་ཚང་མ་དེ་རྣམས་དར་གོས་སྣ་ཚོགས་ཀྱི་ན་བཟའ་གསོལ་ཏེ་བཞུགས། མདོར་ན་ཁམས་དབུས་གཙང་གསུམ་གྱི་བོན་ལུགས་ཀྱི་སྨན་སྒྲུབ། རྟེན་འདུས་རིལ་བུ་འཕེལ་འཕུར་ཅན་སོགས་བྱིན་རྟེན་ཁྱད་དུ་འཕགས་པ་མང་དུ་བཞུགས། ཡང་ཝ་ཆུ་གཏེར་ཆེན་གསང་གླིང་པས་བསྒྲུབས་པའི་ཉིད་ཀྱི་ཕུར་པའི་སྨན་སྒྲུབ་དང་། གསང་གླིང་གི་གཏེར་རྫས་ཀུན་འདུས་རྣམས་བཞུགས་པའོ། །བྱམས་ལྡན་ལ་རྒྱན་དྲུག་དང་། བྱམས་མ་ལ་ན་དྲུག་དང་། རྣམ་རྒྱལ་ལ་ཟ་དྲུག་རང་རང་གི་ནང་དུ་གཟུངས་དང་སྙིང་པོ་བཞག་པ་ཤིན་ཏུ་མཛེས་པ་དག་གིས་བརྒྱན་པར་བྱས། འདག་བཟོའི་སྐབས་སུ་ད་ལྟའི་སྟོན་པ་ཁྲི་གཙུག་རྒྱལ་བ་ཉིད་ཀྱི་སྤྱན་གཉིས་ཁྲ་ལམ་མེར་བྱུང་། དེར་ལྷ་བཟོ་ཚུལ་ཁྲིམས་དབང་ཕྱུག་ཉིད་ནས་ལྷ་གཡོག་རྣམས་ལ་ཁྱོད་རྣམས་སུ་ཡིན། སྟོན་པ་འདིའི་སྤྱན་གཉིས་ཕྱེ་ནས་བྲི་མཁན་ཞིག་ཡོད་འདུག་གསུངས་པ་ལ། ལྷ་གཡོག་རྣམས་ལས་གཅིག་གིས་ཀྱང་མ་བྲིས་འདུག དེ་སྤྱན་གཉིས་ལ་ཞིབ་ཏུ་བལྟས་པས་འདག་རྩི་ལས་སྤྱན་གཉིས་རང་བཞིན་གྱིས་རང་དོད་དུ་བྱུང་བ་ཡིན་འདུག་པས། ཀུན་ཀྱིས་ཁྱད་འཕགས་ཡིན་འདུག ངོ་མཚར་ཆེ་ཟེར་ནས་ མཚན་ལ་སྟོན་པ་ཁྱད་འཕགས་མ་བཏགས་སོ། །གཞན་ཡང་བྱམས་མ་ལ་གསེར་ལན་གཅིག་གསོལ་བ་དང་གསེར་མདངས་གཞན་ལས་ལྷག་པར་འོད་མདངས་ལྡན་པ་སོགས་ངོ་མཚར་གྱི་རྟགས་དུ་མ་བྱུང་སྟེ་ལྷ་བཟོ་རྣམས་དང་ཉེ་འཁོར་རྣམས་ཡ་མཚན་པར་གྱུར། སྐུ་ཐམས་ ཅད་ཀྱི་རྒྱབ་ཀ་བ་བཞིའི་ཐོགས་བརྩེགས་གཉིས་ཀྱི་ལོགས་ཐམས་ཅད་བྲག་རི་ལ་བྲག་ཕུག་བརྒྱད་ཀྱི་ནང་དུ་བྱམས་འཁོར་བརྒྱད་བཞུགས་པ། བྲག་རིའི་ངོགས་རྣམས་སུ་དགོན་པ་དང་། གྲོང་ཁྱེར་དང་། ཆུ་བོ་དང་། ཤིང་ལོ་དང་། མེ་ཏོག་སོགས་ཀྱིས་བརྒྱན་པ། གཞན་ཡང་རྟགས་བརྒྱད་ནོར་བདུན་ལ་སོགས་དང་། སྟག་མོ་མཆོངས་སྟབས། སེང་གེ་འགྱིང་སྟབས། བྱ་རིགས་འཕུར་སྟབས། རི་དྭགས་རྩེད་འཇོ་ལ་སོགས་མང་པོས་མཛེས་པར་བརྒྱན། དེ་ལྟར་གཙོ་འཁོར་བཅོ་ལྔ་དང་བྲག་རི་བཅས་སྟོན་ཟླ་ཐ་ཆུང་མཇུག་ཏུ་མཐར་ཕྱིན་ནས། ལྷ་བཟོ་དཔོན་གཡོག་ཐམས་ཅད་ལ་དགའ་སྟོན་ཕུན་སུམ་ཚོགས་པར་བྱས་སོ། །རབ་བྱུང་བཅོ་ལྔ་བའི་ལྕགས་བྱ་༼སྤྱི་ལོ་༡༩༢༡༽ལོར་གཙོ་ཁང་གི་ལྷ་རྟེན་རྣམས་ལ་ཚོན་རྩི་གསོལ་ནས་གསེར་བཏུལ་མ་རྡིལ་ཚད་གཅིག་གིས་ཞལ་གསེར་ལན་གསུམ་རེ་ཕུལ་ཞིང་བཟང་གོས་ཀྱི་ན་བཟའ་དང་དང་བླ་བྲེ་འཕན་གདུགས་སོགས་ལྷ་རྫས་ཕུན་སུམ་ཚོགས་པར་གསོལ་ནས་མཆོག་སྤྲུལ་བསྐལ་བཟང་ཉི་མ་དང་། རྗེ་ཤར་རྫ་པ། དབྲ་སྲས་ཟླ་གྲགས། སྤྲུལ་སྐུ་ཉི་འོད། རྟོགས་ལྡན་ཤེས་རབ་མཆོག་ལྡན་གཙོས་པའི་དགེ་འདུན་ གང་མང་དང་བཅས་ནས་ཀློང་རྒྱས། རྣམ་དག རྣམ་རྒྱལ། ཁྲོ་བོ་སྟེ་དཀྱིལ་འཁོར་ཆེན་པོ་བཞིའི་ཞལ་ཕྱེས་པ་དང་འབྲེལ། སྐུ་གཟུགས་གསུང་རབ་མཆོད་རྟེན་གྱི་རབ་གནས་ཆོ་གའི་གཞུང་བསྲངས་ཏེ་བྱིན་འབེབས་དང་མངའ་དབུལ་རབ་གནས་མཛད། དེ་ཚེ་རྣམ་བཀྲའི་འཇའ་ཚོན་འཕྲོས་ཤིང་མེ་ཏོག་ཆར་འབབ་པ་སོགས་སྟོན་པའི་ཐུགས་རྗེ་ཉེ་བར་ཞུགས་པའི་རྟེན་འབྲེལ་གྱི་དགེ་མཚན་ཡང་དག་ཤར་བར་གྱུར། དབྲ་སྤྲུལ་བསྐལ་བཟང་ཉི་མ་མཆོག་ནི་ཟག་མེད་མངོན་ཤེས་ལ་མངའ་དབང་བརྙེས་པས་མཚན་མོ་ཞིག་ཏུ་མཁར་རྔ་བརྡུངས་ཏེ་དགེ་འདུན་རྣམས་འདུ་ཁང་དུ་འཚོགས་བཅུག་ནས་སྔར་རང་དགོན་མེར་བསྲེགས་པའི་དམག་དཔོན་དགོན་གསར་ཚེ་ཆུང་མ་བྱ་བ་དམྱལ་བར་ལྷུང་ཐལ་འདི་ལ་བསྔོ་སྨོན་ཞིག་དགོས་གསུངས་ནས་དགྲ་གཉེན་རིས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོས་ཐུགས་བསྐྱེད་གནད་སྨིན་མཛད། གྲུབ་དབང་ཤར་རྫ་པ་མཆོག་གིས་དར་དཀར་པོའི་བ་དན་ཐོག་བརྩེགས་ཉིས་ཅན་ཞིག་དང་། དད་ལྡན་སྦྱིན་བདག་འགའ་བཅས་ནས་ལོ་རེར་འཁོར་ཆུང་ཉི་ཤུ་བཙུག་པའི་རྒྱུ་རྫས་ཐེབས་བཞག་མཛད་ཅིང་། ཕྱིས་སུ་གཙུག་ལག་ཁང་སྟེང་གི་གསེར་ཏོག་ཁྲུ་ཚད་དགུར་གསེར་སྲང་བརྒྱད་ཕུལ་ནས་རྟེན་བཞེངས་གནང་བ་སོགས་དགོན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ། དེ་ལྟར་དགོན་པའི་རྟེན་དང་བརྟེན་པར་བཅས་བཞེངས་པ་ཡོངས་སུ་གྲུབ་ནས་མི་རིང་བར་དབྲ་དབོན་རྣམ་རྒྱལ་གྲགས་པས་དབྲ་བའི་བླ་བྲང་ཀ་བ་བརྒྱ་ཅན་སྤོས་ལེགས་ཤིག་ཀྱང་ལེགས་འགྲུབ་བྱུང་། ༼སྤྱི་ལོ་༡༩༡༥༽ཤིང་ཡོས་ལོར་སྟེང་ཆེན་དགོན་པའི་མདུན་ཞོལ་ཤང་ཐང་སྡེ་བར་སྡེ་སྣོད་སྨྲ་བའི་དབང་ཕྱུག་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་སྐུ་འཁྲུངས། དེ་ལྟར་དབྲ་སྤྲུལ་རིན་པོ་ཆེས་སྟེང་ཆེན་དགོན་པའི་བསྟན་པའི་བྱ་བཞག་རྣམས་ལེགས་པར་མཐར་ཕྱིན་མཛད་དེ། རེ་ཞིག་སེམས་ཅན་གྱི་དོན་ཡལ་བར་འདོར་བ་མ་ཡིན་ཡང་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ་ཉེ་བར་ཕེབས་པའི་གསང་བརྡ་རྟེན་འབྲེལ་གྱི་མཚན་མ་བྱུང་སྟེ། མཆོག་ཉིད་ཀྱི་ཞལ་ནས། རྫ་ཁྲོད་ནགས་ཀྱི་བསམ་གཏན་ལྗོན་ཚལ་ན། །གཡུང་དྲུང་བསྟན་པའི་གསལ་བྱེད་སྒྲོན་མེ་མཆོག །མཚུངས་མེད་འདྲེན་པ་རྟོགས་ལྡན་རིན་པོ་ཆེའི། །སྐུ་ཚེ་བརྟན་ཅིང་བསྟན་པའི་ཞབས་པད་གཟིགས། །ཡུལ་འདིའི་འདི་ཕྱིའི་བློ་གཏད་ཁྱེད་ལ་བྱེད། །འགྲོ་དོན་ཐུགས་རྗེས་སྐྱོངས་ཤིག་བཀའ་དྲིན་ཅན། །བདག་ནི་སྐྱེ་འཆི་སྒྱུ་མའི་འཕྲུལ་འཁོར་ལ། །གནས་འདིར་སྡོད་པའི་རྟེན་འབྲེལ་ད་ནི་མེད། །རྔ་ཡབ་གླིང་ནས་དཔའ་བོ་མཁའ་འགྲོ་མས། །འབོད་པའི་བསྐུལ་མ་ཐང་གསུམ་སླེབས་ནས་བྱུང་། །ང་འགྲོ་ཟང་མདོག་དཔལ་གྱི་རི་ལ་འགྲོ །རིག་འཛིན་གུ་རུའི་དྲུང་དུ་ཆོས་ཉན་འགྲོ །ཞེས་གཡུང་དྲུང་གི་ཚིག་རྐང་ འདི་དག་གསུང་བཞིན་དགུང་གྲངས་སོ་བཞི་བཞེས་པ་ཤིང་ཕོ་བྱི་༼སྤྱི་ལོ་༡༩༢༤༽ལོར་སྐུ་ཞི་བར་གཤེགས་སོ།།
རེ་ཞིག་དབྲ་སྟོན་བསྟན་པའི་ཉིན་བྱེད་དབང་།།
ཕྲག་དོག་སྒྲ་གཅན་གདུག་པས་གཙེས་གྱུར་ཀྱང་།།
གདུལ་བྱའི་བསོད་ནམས་སྐལ་བ་མ་རྫོགས་པས།།
མཚར་སྡུག་རང་ཞལ་སླར་ཡང་ཚེས་པར་གྱུར།།
བཀོད་ལེགས་གཙུག་ལག་ཁང་བཟང་དོ་ར་རུ།།
བརྟེན་པ་ལྷ་ཚོགས་ཆུ་སྐྱེས་འབུམ་བཞད་པར།།
བྱིན་རླབས་སྦྲང་རྩིའི་གཏེར་བརྒྱས་ཡོངས་གང་བ།།
སྐྱེ་རྒུ་བུང་བའི་ཉེར་འཚོའི་གཞི་རུ་གྲུབ།།
དབྲ་བའི་བླ་རབས་ཉེར་གཅིག་པ་དྲི་མེད་འོད་ཟེར།
སྤྲུལ་པའི་སྐུ་མཆོག་འདི་ཉིད་ནི་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་༼སྤྱི་ལོ་༡༩༢༦༽ལོར་ཤར་ཕྱོགས་འབྲོག་སྡེ་རྩ་འབར་བྱ་བ་ན་ཡབ་མཆོག་ལྡན་མགོན་པོ་ལགས་དང་ཡུམ་རི་ཟ་སྤོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་ལུང་བསྟན་ལས། དབྲ་སྤྲུལ་བསྐལ་བཟང་ཉི་མའི་ཡང་སྤྲུལ་ནི། །དགོན་གྱི་ཉེ་འདབས་དབང་ལྡན་ཕྱོགས་མཚམས་ན། །ཐབས་ཤེས་མགོན་པོ་མཚོ་ཡི་མིང་ཅན་ལ། །རིགས་ལྡན་སྐྱེས་བུ་མེ་སྟག་ལོ་བ་ཅན། །དེ་ཡིས་བསྟན་འགྲོར་ཕན་པའི་ལྟས་བཟང་ཤར། །ཞེས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཚད་མའི་གསུང་གིས་ངོས་འཛིན་བཞིན་སྟེང་ཆེན་དགོན་པའི་གསེར་ཁྲིར་མངའ་གསོལ། མཆོག་ཉིད་དགུང་ལོ་དགུ་བཞེས་པ་༼སྤྱི་ལོ་༡༩༣༤༽ལོར་ཀུན་མཁྱེན་ཤར་རྫ་པ་འཇའ་ལུས་སུ་ཕེབས་པ་ལ་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དང་མཁན་ཚུལ་ཁྲིམས་བསྟན་འཛིན་མཆོག་ནས་འབུལ་སྦྱོར་གྱི་མཐུན་རྐྱེན་རྒྱ་ཆེར་གནང་སྟེ་སྟེང་ཆེན་དགོན་དུ་དགོན་ལག་ཕན་ཚུན་རྣམས་བསྡུས་ཏེ་བདེ་འདུས་རྩ་གསུམ་གྱི་སྒྲུབ་ཆེན་དང་འབྲེལ་བའི་རིལ་བུ་བུམ་སྒྲུབ་ཞག་བདུན་ལ་འཚོགས་པའི་ཕྱག་སྲོལ་ཇི་སྲིད་བར་དུ་ཉམས་པ་མེད་པའི་ཕྱག་རྒྱུན་འཛུགས་པར་མཛད། སྤྲུལ་སྐུ་མཆོག་གིས་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་སྡེ་སྣོད་གཞུང་ལུགས་ཀུན་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པས་མཁས་པའི་སྙན་པ་འབར། མཆོག་ཉིད་ཀྱིས་ཐུགས་འགན་བཞེས་ཐོག་དགོན་པའི་གཙུག་ལག་ཁང་སྟེང་གི་རྒྱལ་མཚན་ཐོག་བརྩེགས་མ་བཞི་ལ་གསེར་གསོལ་བ་དང་། པན་རྒྱན་སྣོད་ཀྱི་ཁ་ལེབ་ཙམ་བཞི་ལ་གསེར་གསོལ། ཟངས་གསེར་ལས་གྲུབ་པའི་རི་དྭགས་ཆོས་འཁོར་མཐོ་བརྗིད་ཅན་ཞིག་གསར་བཞེངས་མཛད། སྐབས་ཤིག་ཏུ་མཆོག་སྤྲུལ་འདི་ཉིད་ཨ་བསྭེ་ཁོག་བྱ་བའི་འབྲོག་སྡེ་ན་སྒྲུབ་པ་བཅའ་བར་ཕེབས་སྐབས་སྤྲུལ་སྐུས་གཟུགས་བརྙན་ཞིག་བྲིས་ཏེ་ཞབས་འཁོར་རྣམས་ལ་བསྟན་ནས་གཟུགས་བརྙན་འདི་གང་ལགས་གསུངས་ཀྱང་ཉེ་འཁོར་རྣམས་ཀྱིས་ངོས་མ་ཟིན། སྦྱིན་བདག་ཚང་ལ་བླ་མ་ཞིག་ཡོད་པ་དེ་བོས་ནས་ཁྱེད་ཚང་ལ་ཐུགས་ཡའམ་འགྲས་ཡ་ཨེ་ཡོད་དྲིས་པས། བླ་མས་མེད་བྱས་པས་སྤྲུལ་སྐུས་གཟུགས་རིས་བྲིས་པ་དེ་བླ་མ་ལ་བསྟན་འཕྲལ་བླ་མ་དེས་ང་ཚོ་དགོན་པ་ཞིག་དང་ཕོག་ཐུག་སོང་མྱོང་བས་དགོན་པ་དེའི་བཀོར་བདག་འདི་འདྲ་བ་ཞིག་ཡོད་ཟེར་ནས་ངོ་མཚར་ཏེ་ཐལ་མོ་སྦྱར། དེ་ནས་སྒྲུབ་པ་མཐར་ཕྱུང་ཚེ་མནན་གཏད་མཚོ་ལ་འཕེན་དགོས་གསུང་ནས་མཚོ་ཁར་ཕྱིན་དུས་མཚོ་ཆབ་རོམ་གྱིས་ཡོངས་སུ་བསྡམས་འདུག །འོན་ཀྱང་སྤྲུལ་སྐུས་མནན་གཏད་མཚོར་འཕང་པ་དང་ཆབ་རོམ་སྒོ་རྒྱ་མཐོང་འདྲ་བ་ཞིག་ཕྱེས་ནས་བྱུང་བས་མཚོ་གཏད་ནང་དུ་སོང་བ་དང་དར་སྒོ་སླར་ཟུམ་སོང་། སྤྱིར་སྟེང་ཆེན་དགོན་པ་ལ་སྒྲུབ་པ་ཉམས་ལེན་གཙོ་བོ་བྱས་པའི་སྒྲུབ་ཁང་མང་ཡང་། སྟེང་ཆེན་དགོན་མདོ་སྔགས་བསྟན་རྒྱས་གླིང་བསྐྱར་བཞེངས་གྲུབ་རྗེས་སྒྲུབ་ཁང་གཉིས་སུ་སྒྲུབ་བླ་བཞི་ཆད་མེད་ཡོད་ཐོག བླ་གྲྭ་ཡོངས་ཀྱིས་ཐོས་བསམ་སློབ་གཉེར་མཛད་ཡུལ་ཤར་རྫ་རི་ཁྲོད་ཡིན། ཕྱིས་སུ་དགོན་གཞུང་ནས་འདུ་ཁང་གི་ཉེ་འགྲམ་ན་ས་སྟོང་བཞག་ནས་བཤད་གྲྭ་ཞིག་འཛུགས་གྲབས་བྱེད་ཀྱང་བཅིངས་འགྲོལ་བཏང་བ་དང་འཕྲད་ནས་དེ་གར་ལུས་སོ། །རིམ་བཞིན་རིག་གནས་གསར་བརྗེ་ཇེ་དར་བྱུང་བས་རྫ་ཁོག་གི་བླ་དཔོན་རྣམས་ལྷ་རི་སྒར་དུ་ཁྲིད་ཚེ། ལྷ་རི་བའི་རྒན་མོ་དག་གིས་དེ་རིང་བླ་དཔོན་རྣམས་ལ་ངོ་རྒོལ་བྱས་ནས་ཐལ་བ་བྲབ་དགོས་ཟེར་ནས་ལམ་ཁ་ཡར་མར་བང་བསྒྲིགས་ནས་སྒུག སྤྲུལ་སྐུ་ཉིད་བླ་དཔོན་རྐྱ་པ་རྣམས་ཀྱི་གྲལ་དུ་རྟ་སེར་པོ་ཞིག་ཞོན་ནས་བྱུང་སྟེ་ཉེ་བའི་རྩར་བསླེབས་པ་ན་སྤྲུལ་སྐུའི་ཆིབས་རྟ་མི་མེད་སྒ་རྐྱང་ཅན་དུ་བྱུང་། ཡུལ་མི་རྣམས་ཀྱིས་ད་རེས་དབྲ་བ་སྤྲུལ་སྐུ་རྗེས་ནས་རྐང་ཐང་ཡོང་རྒྱུ་རེད་ཐལ་བས་བྲབ་དགོས་ཟེར་ནས་སྒུག་ཀྱང་སྤྲུལ་སྐུ་ལམ་བར་ནས་བྱོན་པ་སུས་ཀྱང་མ་མཐོང་ཅུང་ཟད་ནས་མཆོག་ཉིད་བླ་དཔོན་རྣམས་དང་ལྷན་དུ་ཕེབས་པ་མཐོང་བས་ཐམས་ཅད་ཡ་མཚན་པར་གྱུར། དེ་ལྟ་བུའི་གྲུབ་རྟགས་ལ་མངའ་བརྙེས་ཀྱང་སྒྱུ་ལུས་གཟུགས་ཕུང་ལ་རྟག་ཐབས་མེད་སྟབས་སྐུ་འཚོ་ཡུན་དུ་མ་བཞུགས་པར་རིག་གསར་སྐབས་སུ་རྒྱ་ནག་གི་ཡུལ་དུ་སྐུ་གཤེགས་པར་གྲགས། དེ་ལ་ཡང་བཤད་ཚུལ་གཉིས་སྣང་སྟེ། གཅིག་ཏུ་དམངས་གཙོ་བཅོས་བསྒྱུར་སྐབས་བླ་མ་རྣམས་དར་རྩེ་མདོར་བསྡུས་ཏེ་ཁང་ཚན་གཅིག་གི་ནང་ལྷན་ཅིག་ཏུ་བཞུགས་པ་ལ། བཞུགས་གྲོགས་བླ་མ་ཞིག་ཁ་ཕྱིར་ལྟོས་ཀྱི་ཡུན་ཙམ་ནས་སྤྲུལ་སྐུ་གར་སོང་ཆ་མེད་དུ་མི་སྣང་བར་གྱུར་ཏེ་སྐུ་གཤེགས་པར་བཤད། ཡང་གཅིག་ཏུ་དར་མདོར་གཤེགས་པའི་ལམ་འགྲམ་ཞིག་ཏུ་དབྲ་སྤྲུལ་སྐུ་གཤེགས་ས་ཟེར་ནས་རྡོ་འབུམ་ཞིག་ཕྱིས་སུའང་མཇལ་རྒྱུ་ཡོད་པར་གྲགས་པས་མཐའ་གཅིག་ཏུ་ངེས་པའི་གཏམ་གླེང་བའི་སྤོབས་པ་རིང་དུ་ཆས་སོ། །དེ་ལྟར་དུས་ཀྱི་འཕོ་འགྱུར་ཁྲོད་ནས་སྟེང་ཆེན་དགོན་པའི་གནའ་རྫས་བོར་བརླག་སོང་ཡང་གཙོ་ཁང་གི་ལྷ་ཆེན་རྣམས་དང་། འདུ་ཁང་གི་ལྡེབས་བྲིས་སོགས་སྲིད་ན་དཀོན་པའི་རྟེན་རྫས་རྣམས་ཉམས་གུད་དུ་མ་སོང་བར་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པར་གྱུར། དབྲ་སྤྲུལ་སྐུ་ཕྲེང་བཅུ་གསུམ་པ་གཡུང་དྲུང་འགྱུར་མེད་མན་ཆད་ནས་མཆོག་སྤྲུལ་འདི་ཡན་ཆད་ཀྱི་སྤྲུལ་སྐུ་རྣམས་ནི་ཐབས་ཤེས་ཀྱིས་མཚོན་པའི་རིམ་གཉིས་བསྐྱེད་རྫོགས་ཟབ་མོའི་ལྟ་བ་ལ་གདེང་ཐོབ་ཅིང་། གསང་སྔགས་རིག་པ་འཛིན་པའི་སྔགས་འཆང་བ་ཁོ་ནར་བྱོན་ཏེ་བསྟན་འགྲོའི་དོན་མཐའ་ཡས་པ་བསྐྱངས་སོ། །སྟེང་ཆེན་དགོན་དུ་དེ་སྔར་ཞབས་སོར་གྱི་འཁོར་ལོ་དངོས་སུ་བསྒྱུར་མྱོང་བའི་མཁས་དང་གྲུབ་པའི་ཚོགས་རྣམས་སྤྱིར་ཙམ་སྨོས་ན། སྙིགས་དུས་ཀྱི་འདྲེན་མཆོག་འཆི་མེད་རྒྱལ་བ་ཡབ་སྲས་དང་། རིག་འཛིན་སྤྲུལ་སྐུ་རྣམ་བཞི། དབྲ་ལྕང་སྨོན་གསུམ། ཞིག་པོ་བཅུ་གཉིས། དམུ་གཤེན་ཚེ་དབང་བསྟན་པའི་རྒྱལ་མཚན། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། རིག་འཛིན་རྒོད་ལྡེམ། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་སོགས་སྔོན་བྱོན་གྱི་བླ་མ་གོང་མ་རྣམས་དང་། གྲུབ་དབང་ཤར་རྫ་པའི་ཐུགས་སློབ་ཉམས་རྟོགས་གྲུབ་པའི་དབང་ཕྱུག་འཇིགས་བྲལ་གྱི་དཔའ་བོ་ཆེན་པོ། ཞྭ་དཀར་བོན་གྱི་བསྟན་པ་སྐྱོང་བའི་བསྟན་འཛིན་གྱི་སྐྱེས་མཆོག་ཕལ་མོ་ཆེ་རྣམས་ཀྱི་ཞབས་སེན་ནོར་བུའི་འོད་ཀྱིས་གནས་འདིར་བྱིན་རླབས་འདོད་རྒུའི་ཆར་ཆེན་འབེབས་པར་མཛད་ཅིང་། ཁྱད་པར་ཧོར་པ་དྲང་སྲོང་སྨོན་ལམ་འོད་ཟེར། རྟོགས་ལྡན་སྟག་ཤམ་རྡོ་རྗེ། རྣལ་འབྱོར་ཤེས་རབ་ཕུན་ཚོགས། ཤར་རྫ་བཀྲ་ཤིས་རྒྱལ་མཚན། དབྲ་སྲས་ཟླ་བ་གྲགས་པ། རྣལ་འབྱོར་གཡུང་དྲུང་བསྟན་པ། རྒྱལ་ཚབ་བློ་གྲོས་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་སྐྱེས་མཆོག་དུ་མ་སྐུ་འཁྲུངས་ཤིང་། བཤད་སྒྲུབ་བསྟན་པའི་འཁོར་ལོ་རབ་ཏུ་བསྒྱུར་ཅིང་མཐར་འཇའ་ལུས་འོད་སྐུར་གཤེགས་པའི་གནས་ཁྱད་པར་ཅན་ཡིན་ནོ། །དེ་ཡང་ཞིང་འདིའི་བསྟན་པ་ལ་ཉམས་གུད་ཅུང་ཟད་རེ་བྱུང་ཡང་གཏན་དུ་ནུབ་པར་མི་འགྱུར་བར་མ་ཟད། བོན་བསྟན་དར་ཞིང་ཡུན་དུ་བརྟན་པའི་བརྡ་རྟགས་སུ་གཡུང་དྲུང་གི་རི་མོ་རང་བྱོན་གསལ་བར་ཡོད་ཅིང་། རྗེ་བླ་མ་ཚེ་དབང་རིག་འཛིན་གྱིས་གྱེར་བསྟན་དར་ཞིང་རྒྱས་པའི་ཐུགས་བསྐྱེད་དང་བཅས་གནས་མཆོག་སྨོན་ལམ་བྲག་ལ་ཕྱག་རྗེས་ལམ་མེར་བཞག་སྟེ་ད་ལྟ་ཐུན་མོང་གི་མཇལ་ཡུལ་དུ་གྱུར་ཡོད། ཁྱད་པར་སྟེང་ཆེན་དགོན་མདོ་སྔགས་བསྟན་རྒྱས་གླིང་གི་བཀོད་པ་སྤྱི་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པ་རྣམས་ཅུང་ཙམ་སྨོས་ན། དེ་ཡང་དགོན་པ་བཏབ་པའི་ས་གནས་ནི་བསྟན་ལ་འཚེ་བའི་བགེགས་སྲི་མནན་པའི་གནམ་སའི་འཛོམས་ཁྱད་པར་ཅན་དང་ལྡན་ཞིང་། གཙུག་ལག་ཁང་ཀ་བ་བརྒྱད་ཅུ་ཅན་ཞིག་བཞེངས་པ་དང་། བླ་བྲང་ཀ་བ་བརྒྱ་ཅན་གཅིག ཇ་ཁང་དང་སྤྱི་གཉེར་ཁང་རྣམས་གཅིག་ཏུ་བྱས་པའི་ཁང་ཆེན་གཅིག སྒྲུབ་ཁང་གཉིས། གྲྭ་ཁང་དྲུག་ཅུ་རེ་བཞི། གྲྭ་པ་སུམ་བརྒྱ་ཙམ་དུ་འཕེལ་བ་བྱུང་། གཙུག་ལག་ཁང་དུ་སྐུ་རྟེན་ཟངས་གསེར་ལས་གྲུབ་པའི་ཇོ་བོ་ཐོག་བརྩེགས་མ་གཅིག་དང་། གཏེར་ནས་ཐོན་ཅིང་གསུང་ལན་གཉིས་འབྱིན་མྱོང་བའི་སྟོན་པ་གསུང་འབྱིན་མ་ཁྲུ་ཚད་མ་གཅིག ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ་ཆ་ཚང་། གཞན་ཡང་ལི་གསེར་གྱི་སྐུ་བཞི་བཅུ་ལྷག་དང་། གོང་དུ་བཤད་པ་ལྟར་གཙོ་ཁང་དུ་འདག་བསེ་དང་སྨན་འདམ་ལས་གྲུབ་པའི་སྐུ་བྱམས་མགོན་རྣམ་པར་རྒྱལ་བ་བྱམས་མ་གསུམ་ཐོག་བརྩེགས་གཉིས་ཅན། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི། གཏོ་རྒྱལ་ཡེ་མཁྱེན། ཁྲི་གཙུག་རྒྱལ་བ་བཞི་ཐོག་བརྩེགས་གཅིག་ཅན། སེམས་དཔའ་བརྒྱད་ལུས་ཚད་རེ་ཅན་རྣམས་ལ་ན་བཟའ་བཟང་གོས་བླ་བྲེ་འཕན་གདུགས་སོགས་རྒྱས་འཛོམས་དང་། རྒྱ་མཐོངས་ཀྱི་ལོགས་བྲིས་ཡི་དམ་ཀ་ཆེན་བརྒྱད། སྟེང་ཁང་གི་ལོགས་བྲིས་རྒྱལ་བ་རིགས་ལྔ་གནས་བརྟན་བཅུ་དྲུག་སོགས་དང་། འདུ་ཁང་ནང་དབུས་ཇོ་བོའི་གསེར་སྐུ་ལ་གཡས་ཤར་རྫ་པའི་འདམ་སྐུ་ལུས་ཚད་མ། གཡོན་བསྟན་འཛིན་དབང་རྒྱལ་གྱི་འདམ་སྐུ་ལུས་ཚད་མ། ཤར་ལྷོ་ནུབ་ཀྱི་ལོགས་གསུམ་ལ་རས་ཐང་ཐོག་བརྩེགས་མ་བཅུ་ལྷག མཉམ་མེད་ཐང་མོ་ཆེ་གཙོས་ཞལ་ཐང་བཞི་བཅུ་ལྷག གཞན་ཡང་ཕྱི་ཁྱམས་ན་རྒྱལ་ཆེན་བཞི་དང་གླིང་བཞི་དང་དམྱལ་སྣང་གི་བཀོད་པ་བཅས་ཡོད་ཅིང་། གསུང་རྟེན་ཁམས་ཆེན་གསེར་དངུལ་ཞུན་མའི་བྲིས་པ་པོད་བཅུ་དྲུག རྣམ་རྒྱལ་གཟུངས་ཆེན། འབུམ་པོ་ཏི་བཅུ་གཉིས། ཤར་རྫའི་གསུང་འབུམ་ཆ་ཚང་། ཆོས་ཀྱི་བཀའ་འགྱུར་ཆ་ཚང་། སྒྲུབ་སྐོར་སྣ་ཚོགས་ཀྱི་གཞུང་པོ་ཏི་བཞི་བཅུ་ལྷག་ཡོད། ཐུགས་རྟེན་མཆོད་རྟེན་ཆ་བརྒྱད་ཁྲུ་ཚད་མ་རིན་པོ་ཆེའི་རྒྱན་ཅན་སོགས་བཞུགས་པའོ། །བླ་བྲང་དུ་སྐུ་རྟེན་བྱིན་ཅན་སྟོན་པ་གཡུ་ཐོད་མ། སྨྲ་སེང་འབྲུག་ཞོན་མ། ཀུན་བཟང་ཨ་སྐོར་མ། ཀུན་བཟང་ཆུང་བ། གཞན་ཡང་ལི་གསེར་གྱི་སྐུ་བཞི་བཅུ་ལྷག་དང་ཞལ་ཐང་ལྔ་བཅུ་ལྷག་ཡོད་ཅིང་། རྣམ་རྒྱལ་ལྷ་ཁང་ནང་བྱམས་མ་དང་རྣམ་རྒྱལ་སྨན་འདམ་ལས་གྲུབ་པའི་སྐུ་ཐོག་བརྩེགས་ཅན་གཉིས་ལ་ལོགས་བྲིས་བཅས་ཡོད། བཀའ་འགྱུར་ལྷ་ཁང་ནང་བདེ་གཤེགས་སྟོང་སྐུ་སོགས་ཀྱི་ལོགས་བྲིས། གསུང་རྟེན་ཁམས་ཆེན་ཆ་གཉིས། མདོ་དྲི་མེད་པོ་ཏི་བཅུ་གཉིས། མཉམ་མེད་བཀའ་འབུམ། ཆོས་ཀྱི་བཀའ་འགྱུར་ཆ་ཚང་། གཞན་དཔེ་ཚོགས་པོ་ཏི་སྟོང་ལ་ཉེ་བ་ཡོད། ཐུགས་རྟེན་བྱིན་ཅན་མཆོད་རྟེན་གཡུང་དྲུང་བཀོད་ལེགས་དང་། རིང་བསྲེལ་བྱིན་ཅན་སྣ་མང་གིས་གང་བའི་རྟེན་སྒོ་བཞི་མ་གསུམ། དབྲ་སྤྲུལ་བསྐལ་བཟང་ཉི་མའི་གསེར་གདུང་མཆོད་རྟེན་ཐོག་བརྩེགས་མ་རིན་པོ་ཆེའི་རྒྱན་ཅན་གཅིག དངུལ་གདུང་མཆོད་རྟེན་ལུས་ཚད་མ་རིན་པོ་ཆེའི་རྒྱན་ཅན་གཅིག གཞན་ཡང་དབུ་ཐོད་ཉི་ཟླ་རང་བྱོན། དུང་དཀར་འཕར་ཆེན། གཏེར་བྱོན་གནམ་ལྕགས་ཕུར་པ། གདུང་རྟེན་དུང་དཀར་རང་བྱོན། ཚེམས་ཨཱེ་ཡིག་རང་བྱོན། དུང་དཀར་རིང་བསྲེལ་ཅན། རྒྱལ་རོང་སྒོམ་ཆེན་དབུ་བྱང་། དབྲ་བ་བླ་མའི་ཐོག་བཅང་སོགས་རྟེན་བྱིན་ཅན་སྲིད་ན་རྙེད་པར་དཀའ་བ་ཤིན་ཏུ་མང་། སྒྲུབ་ཁང་གཉིས་ཀྱི་ནང་ཁྲབ་རྨོག་དང་མདའ་གཞུ་རལ་གྲི་སོགས་གོ་ཆ་ཆ་ཚང་། གསེར་གྱི་བྱང་བུ་དང་དངུལ་གྱི་བྱང་བུ་བརྒྱད་ཡོད་པ་རིན་ཐང་གཞལ་དུ་མེད། དགོན་གཞུང་ལ་སྦུབ་ཆལ་སྤུས་ལེགས་སུམ་ཅུ་ལྷག་ཡོད་པ་སྟེ། དེ་ཡང་རིགས་མི་འདྲ་བ་ཉི་ཟེར་མ། ཐོག་རྒོད། བྱ་པུག ལི་ཚ། དྲ་ཧོར་ཁ་སྤྲོད་སོགས་ཡོད། འཁར་རྔ་སྤུས་ལེགས་དྲུག་གི་ནང་སེར་གང་མ། རྐེད་བཅིངས་མ། འཛམ་གླིང་གཡས་བཞག འབྲུག་མོ་སྒྲ་རྒྱལ་རྣམས་ཡོད། རྒྱུ་སྤུས་བཟང་བའི་གཤང་ཆེན་དྲེལ་བརྒྱ་མ་སོགས་གཤང་ཆེན་ལྔ་ཡོད་པ་རྣམས་རིན་ཐང་ཤིན་ཏུ་ཆེ། གསེར་དངུལ་བཀྲ་མ་ཅན་གྱི་རྒྱ་གླིང་ཆ་གསུམ། རྐང་གླིང་ཆ་གཉིས། དུང་ཆེན་ཆ་གཉིས་བཅས་སྤུས་ལེགས་དང་། རག་ཟངས་ལས་བྱས་པའི་རྒྱ་གླིང་ཆ་བདུན། རྐང་གླིང་ཆ་ལྔ། དུང་ཆེན་ཆ་དྲུག་སོགས་ཡོད། མཆོད་ཆས་སྤུས་ལེགས་ཆ་གསུམ་ཡོད་པའི་ཆ་གཅིག་ནི་ཤིན་ཏུ་ཆེ་བ་སྟེ་བླ་མའི་མདུན་དུ་བཞག་ན་བླ་མའི་སྐུ་མི་མངོན་པ་ཙམ་གྱི་བུམ་པ་སོགས་ཆེ་ལ་བཟང་བའི་རིན་ཐང་ལྡན། དགོན་རྙིང་ནས་ལེན་པའི་སྤོས་བུམ་ལག་པས་འཁྱེར་ནུས་ཙམ་ཆ་གཅིག ཚོགས་དུང་དཀར་མོ་རྒྱང་གྲགས་སོགས་དུང་དཀར་ཆ་བཅུ། གར་འཆམ་གྱི་འབག་ཞལ་ལ་གསེར་འབག་བཅུ་དང་གཞན་བརྒྱ་དང་སུམ་ཅུ་ལྷག་གི་འབག་ཞལ་དང་། འཆམ་གོས་བརྒྱད་ཅུ་ལྷག་ལས་རྒྱན་གཞི་རྙིང་པ་ཉེར་གཅིག གཞན་རྔ་བོ་ཆེ་དང་རྒྱལ་མཚན་འཕན་གདུགས་བླ་བྲེ་དང་། ཚོགས་ཟངས་གདན་རིང་གྲུམ་ཙེ་སོགས་ཉེར་མཁོ་རྒྱུན་སྤྱོད་ཀྱི་མཆོད་རྫས་རྣམས་བགྲངས་ཀྱིས་མི་ལངས། དེ་ལྟར་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སོགས་ཕུན་སུམ་ཚོགས་པར་ཡོད་ཐོག་དགོན་པའི་བླ་གྲྭ་ཐམས་ཅད་དགོན་པར་རྒྱུན་བཞུགས་མཛད་ནས་སྤྱིར་བཤད་སྒྲུབ་ཀྱི་བསྟན་པ་ཁོ་ན་སྐྱོང་ཞིང་། བྱེ་བྲག་ཏུ་ཟླ་བ་དང་པོའི་ཚེས་ལྔ་ནས་མཉམ་མེད་བླ་མའི་ལྔ་མཆོད་ཆེན་མོ་དང་འབུམ་འགྱུར་མཆོད་པ་སྟེ་གཡུང་དྲུང་ཀློང་རྒྱས་ཞལ་ཕྱེས་དང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་འཁྲུངས་མཆོད་སྨོན་ལམ་ཆེན་མོ་བཅས་ཉིན་ཉེར་བདུན། ཧོར་ཟླ་བཞི་པར་སྨན་ལྷའི་ཆོ་ག་དང་སྨྱུང་གནས་སོགས་ཉིན་བཅོ་ལྔ། ཧོར་ཟླ་ལྔ་པར་བདེ་གཤེགས་འདུས་པའི་བུམ་སྒྲུབ་ཆེན་མོ་ཉིན་བཅོ་ལྔ། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཉིན་ཞེ་དགུ །ཟླ་བ་བཅུ་གཅིག་པར་ཁྲོ་བོ་དབང་ཆེན་ཞལ་ཕྱེས་ཏེ་གར་འཆམ་བཅས་ཉིན་དགུ །དེ་བཞིན་མ་ཏྲི་བུམ་སྒྲུབ་ཉིན་བདུན། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་ཁྲོ་ཕུར་གཏོར་རྒྱབ་གར་འཆམ་བཅས་ཉིན་དགུ་ཡོད། དེ་མིན་ཟླ་དུས་ཀྱི་གསོ་སྦྱོང་དང་རྒྱུན་ཚོགས་སོགས་ཆད་མེད་ཀྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་བའོ། །སྐབས་དེ་རྣམས་སུ་སྤྱོད་པའི་འབྱོར་ཡོན་ནི་དགོན་གཞུང་བླ་བྲང་བཅས་ལ་ས་ཞིང་ཆེ་བ་ཙམ་ཡོད་ལ། སྤྱི་ཁག་བཅོ་བརྒྱད་ཀྱི་རྒྱུ་སྦྱོར་དང་དད་ལྡན་སེར་སྐྱ་ཡོངས་ཀྱིས་འབུལ་སྦྱོར་སོགས་ལ་བརྟེན་པ་དང་། དགོན་པའི་འགན་བཞེས་མཁན་ལ། སྤྲུལ་སྐུ། མཁན་པོ། དབུ་མཛད། དགེ་བསྐོས། མཆོད་དཔོན། འཆམ་དཔོན། སྤྱི་པ་སོགས་ཡོད་ཅིང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བཅའ་སྒྲིག་ལེགས་བཞག་གནང་བ་ལྟར་མདོ་སྔགས་འགལ་མེད་ཀྱི་གཞི་བཟུང་། ལྟ་སྤྱོད་ཟུང་འབྲེལ་གྱི་གཞུང་བསྲང་། བཤད་སྒྲུབ་གཉིས་མཉམ་གྱི་སྲོལ་བཟང་བསྐྱངས་པའོ། །བར་སྐབས་སུ་རིག་གནས་གསར་བརྗེའི་ལམ་ལུགས་དར་བར་བྱུང་སྟེ་སྟེང་ཆེན་དགོན་ལའང་བོད་ཁམས་དགོན་སྡེ་ཡོངས་ལ་བྱུང་བའི་འཕོ་འགྱུར་བཞིན་རེ་ཞིག་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་རྟེན་གསུམ་ཕལ་ཆེ་བ་ཉམས་ཤིང་བསྟན་པའི་དབུ་འཕང་ལྡིང་བར་གྱུར་ཀྱང་། ཏང་གི་སྲིད་ཇུས་སྒྲིམ་ལྷོད་དང་འགྲོགས་ཏེ་བོན་སྒོ་དལ་གྱིས་ཕྱེ་བ་ནས་འདུས་སྡེ་བརྒྱད་ཅུ་ལྷག་གིས་ཐུགས་འགན་དང་བླངས་ཀྱིས་ཞིག་གསོ་བྱས་ཤིང་འདུ་ཁང་ནང་གི་འདམ་ལྷ་རྣམས་དང་ལོགས་བྲིས་རྣམས་མ་ཉམས་པར་བཞུགས་པར་མ་ཟད། ལྷག་པར་གསེར་སྐུ་གསུང་འབྱིན་མ་དང་ཚོགས་དུང་དཀར་མོ་རྒྱང་གྲགས་སོགས་རྟེན་བྱིན་ཅན་ལྷག་མ་རྣམས་དགོན་དུ་བཞུགས་སུ་གསོལ་ཞིང་། རྒྱལ་བའི་བཀའ་རིན་པོ་ཆེ་དང་། བརྟེན་འགྱུར། མཉམ་མེད་གསུང་འབུམ། ཤར་རྫའི་གསུང་འབུམ་སོགས་སྔོན་བྱོན་མཁས་པའི་གཞུང་དང་གསུང་རབ་གྲངས་མེད་པ་བཞེངས་སུ་གསོལ། གཞན་ཡང་རྟེན་བཞེངས་པ་རྒྱ་ཆེར་མཛད་དེ་འགྲོ་ཀུན་བསོད་ནམས་བསགས་པའི་ཞིང་མཆོག་ཏུ་གྱུར་ཏོ། །
དབྲ་སྟོན་བློ་གྲོས་རིང་མོ་ནས་བཟུང་སྟེ།།
དབྲ་དཀར་གདུང་སོན་ཇི་སྙེད་བྱོན་པའི་མཐར།།
དབྲ་པར་སྤྲུལ་པའི་རོལ་གར་རབ་བསྒྱུར་ནས།།
དབྲ་བསྟན་ཕྱོགས་བརྒྱར་རྒྱས་པའི་གསོས་སུ་གྱུར།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ།
དེ་ཡང་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་རིན་པོ་ཆེ་ནི་རབ་བྱུང་བཅུ་བདུན་པའི་མེ་སྟག་ལོར་སྡེ་དགེ་རྫ་ཁོག་གི་ཡུལ་ར་སྐོར་གོང་མ་ན་ཡབ་ལས་འབྲས་ལ་ངེས་ཤེས་ལྡན་ཞིང་དད་དང་སྙིང་རྗེ་ཆེ་བ་རུས་རིགས་ཕུན་སུམ་ཚོགས་པའི་ཚེ་རྡོ་བྱ་བ་དང་། ཡུམ་དཀོན་མཆོག་ལ་དད་ཅིང་ཉམ་ཐག་སེམས་ཅན་ལ་སྙིང་རྗེ་མངའ་བ་རྒྱུན་དུ་ཁ་ཐོན་ལ་བརྩོན་པའི་གཡང་རིལ་ཞེས་འབོད་པ་དེ་གཉིས་ཀྱི་སྲས་སུ་འཁྲུངས། ལྷུམས་སུ་བཞུགས་པའི་སྐབས་དང་སྐུ་བལྟམས་པའི་དུས་རྣམས་སུ་ནམ་མཁའ་ལ་འཇའ་ཤར་བ་དང་། ཡུལ་ཁམས་བདེ་བ་སོགས་དང་མཆོག་ཉིད་སྐུ་ཕྲེང་མང་པོའི་རིང་ལ་བསྒྲུབས་པའི་བསྟན་སྲུང་ཨ་བསེ་རང་འཁོར་དུ་བྱུང་བའི་བརྡ་རྟགས་ལ་སྲུང་བྱ་འུག་པ་མང་པོ་བྱུང་བ་སོགས་ཀྱིས་ཁོང་གི་ཡབ་རྒན་ལ་དོགས་པ་སྐྱེས་ཏེ་ཡུལ་དེའི་ཕྱོགས་ཀྱི་སྐྱབས་མགོན་སྔ་འགྱུར་རྙིང་མའི་མཁན་ཆེན་ཐུབ་བསྟན་ནོར་བུ་རིན་པོ་ཆེ་ལ་སྙན་ཞུ་ཕུལ་བས། བླ་མས་བུ་དེ་བོན་པོའི་བླ་མའམ་སྤྲུལ་སྐུ་ཞིག་གི་རྣམ་སྤྲུལ་སྣང་བས་བཙོག་ཤོར་མི་ཉན་པའི་ཚུལ་ཡང་ཡང་གསུངས། དེ་ནས་བུ་ཆུང་བརྡ་འཕྲད་ཙམ་གྱི་སྐབས་ནས་མ་བསླབ་རང་བརྡོལ་གྱི་ཚུལ་དུ་སྨྲ་སེང་བསྙེན་པ་སོགས་ཞལ་ནས་གསུང་པ་དང་། བྱོན་ཐུབ་ཙམ་ནས་ཐུགས་ལ་བབས་མིན་བྱུང་ན་ང་སྟེང་ཆེན་དགོན་དུ་འགྲོ་ཡིན་གསུངས་ཏེ་བྱོན་ཚུལ་བསྟན་པ་དང་། སྐབས་འགར་དངོས་སུ་ཕེབས་ཏེ་སྦྲ་ཁྱིམ་མི་མཐོང་སར་བྱོན་ནས་རྡོ་རེ་ཟུང་ཞིག་བསྣམ་འོང་སྟེ་ནང་མི་རྣམས་ལ་ལག་སྐྱེས་ཡིན་གསུངས་ནས་བྱིན་པ་དང་། རྡོ་རེ་ཟུང་ལ་འདི་སྟོན་པ་གསུང་འབྱིན་མ་ཡིན། འདི་རྣམ་པར་རྒྱལ་བ་ཡིན། འདི་བྱམས་མ་ཡིན་གསུངས་ཤིང་། ཉིན་ཞིག་ཁོང་གི་ཡབ་རྒན་དགུན་མཚེར་གྱི་ཁང་སྟེང་ནས་ལྷུང་བྱུང་བ་མཐོང་ཚེ་ཞལ་ནས་ཐོལ་ཤར་དུ་རྣམ་པར་རྒྱལ་བས་སྐྱོབས་ཞེས་གསུངས། རེ་ཞིག་ན་མ་དགོན་དགོན་གྱི་བསྟན་བདག་སྤྲུལ་སྐུ་འཆི་མེད་ཞུ་བ་དེ་བྱོན་ནས་དར་དཀར་པོ་འདོམ་གང་དང་གོས་ཆེན་ཡུག་གཅིག་གནང་སྟེ་ཁྱེད་ཚང་གི་བུ་དེ་ང་ལ་དགོས་གསུངས་ཏེ་གཅེས་སྤྲས་མཛད། ཡང་བར་སྐབས་ཤིག་ལ་སྐུ་ལ་སྙུང་གཞི་ཅུང་ཐེབས་ཏེ་ཤར་རྫའི་གདན་སར་ཉག་བླ་གཡུང་དྲུང་བསྟན་འཛིན་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་བཞུགས་པའི་མདུན་དུ་སོང་ནས་ཁྲུས་དང་དབང་སོགས་ཞུས་སྐབས་བླ་མས་བུ་འདི་མི་འདྲ་བ་ཞིག་ཡིན་པར་གསུངས། མདོར་ན་ཆུང་བྱིས་པའི་དུས་ནས་ཐུགས་རྒྱུད་འཇམ་ཞིང་རྩེད་མོ་རྩེ་ནའང་དཔེ་ཆ་ཀློག་ཚུལ་དང་། གཞན་དག་བྱིས་པ་རྣམས་ལ་བོན་བཤད་དབང་བསྐུར་ཚུལ་མཛད་པ་སོགས་དམ་པའི་རང་གཤིས་བཅོས་མིན་དུ་མངའ་བ་ཞིག་ཡིན་པ་གོར་མ་ཆག དགུང་ལོ་གསུམ་ཙམ་ནས་མཆོག་ཉིད་ཀྱི་མཆེད་ཡ་མཁན་པོ་བུམ་པའི་གམ་ནས་ཀ་ཁ་ཐོག་མར་བསླབ་སྐབས་ལན་གཅིག་སློབ་པས་ཀྱང་ཤར་མར་ཀློག་ཤེས་པ་བྱུང་བས་ཐུགས་རིགས་གཞན་དང་མི་འདྲ་བའི་ངང་ཚུལ་གསལ་བར་རྟོགས། སྤྱིར་སྤྲུལ་སྐུ་རིན་པོ་ཆེ་འདི་ཉིད་སྐུ་ཆུང་དུས་སུ་བྱིས་པ་གཞན་དང་མི་མཉམ་པའི་དམ་པའི་རང་གཤིས་ཏེ་ཀུན་སྤྱོད་དང་དགོངས་པ་མཐོན་པོ་ཡོད་ཚུལ་དང་། ཁྱད་པར་སྐུ་ནར་སོན་ནས་ཀྱང་ཀུན་གྱིས་མངོན་སུམ་མཐོང་ཡུལ་དུ་གྱུར་པའི་སྒྲུབ་རྟགས་དང་གྲུབ་རྟགས་སོགས་ཡ་མཚན་གྱི་གནས་དུ་མ་སྣང་ཡང་སྤྲུལ་སྐུ་མཆོག་གིས་དེ་རྣམས་འབྲི་བ་ལ་ཐུགས་དགྱེས་བཞིན་བཀའ་གནང་བ་མི་མཛད་པས་ན་རང་ཉིད་ཀྱིས་རེ་ཞིག་ཞིབ་པར་བརྗོད་པའི་སྤོབས་པ་ཞུམ་པས་དེ་ཙམ་གྱིས་ཆོག་པར་བྱེད་པ་ཡིན་ཞེས་ཆེད་དུ་སྨོས་པའོ།།
དགུང་ལོ་བཞི་བཞེས་པ་ས་སྦྲུལ་ལོར་ཚུལ་ཆེན་མཆོག་སྤྲུལ་རིན་པོ་ཆེ་ལྔ་རིག་སྨྲ་བའི་དབང་ཕྱུག་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གི་ལུང་བསྟན་བརྡ་ཡིག་ལྟར་སྟེང་ཆེན་དགོན་མདོ་སྔགས་བསྟན་རྒྱས་གླིང་གི་སྐུ་ཐོག་གོང་མའི་གསེར་ཁྲིར་མངའ་གསོལ་བྱས། སྐབས་དེར་ཚུལ་ཆེན་མཆོག་སྤྲུལ་རིན་པོ་ཆེ་སྐུ་དངོས་ཆེད་ཕེབས་ཀྱི་བཀའ་དྲིན་བསྩལ་ཅིང་། ཤར་རྫའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་དང་། འགྲོ་ཀུན་ཐར་པར་འདྲེན་པའི་མཁའ་འགྲོ་མ་དཀོན་མཆོག་ཆོས་སྒྲོན་དང་། མཁས་བཙུན་བཟང་པོའི་ཡོན་ཏན་ལ་མངའ་བརྙེས་པའི་མཁན་རྒན་ཉི་མ་ཚེ་རིང་། ཀུན་སྤང་བྱ་བྲལ་ཆེན་པོ་སིདྡྷི་བླ་མ་རིན་པོ་ཆེ་སོགས་རིས་མེད་བླ་སྤྲུལ་ཆེ་ཁག་རྣམས་དང་། རྫ་ཆུ་སྟོད་སྨད་ཀྱི་དགོན་པ་ཁག་གི་བླ་གྲྭ་རོང་འབྲོག་ཡུལ་སྡེ་སོ་སོའི་དད་ལྡན་སེར་སྐྱའི་འདུ་ཚོགས་ཆེན་པོར་བཅས་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། དེ་ནས་བླ་རྒན་ཨ་གཡུང་ཞུ་བ་དེ་སྤྲུལ་སྐུའི་དགེ་རྒན་ནམ་སྐུ་གཉེར་བར་བཞག ཕྱིས་སུ་སྐུ་ན་བགྲེས་བས་དབྲ་ཆུང་ཚང་གི་གྲྭ་བཙུན་ཡ་ལི་ཞེས་པ་དེ་བསྐོ་བཞག་མཛད། སྐབས་དེ་ཙམ་ནས་སྐུ་ན་ཆུང་ཡང་དབང་ལུང་ཁྲིད་གསུམ་ཞུས་པའི་འདུན་པ་རྒྱུན་ཆགས་སུ་མངའ་བས་སྟེང་ཆེན་མཁན་རྒན་མའི་དྲུང་ནས་དབང་ལུང་མང་དུ་གསན་ཅིང་། ལྷག་པར་ཚུལ་ཆེན་རིན་པོ་ཆེའི་མདུན་ནས་སྔ་གཞུག་ཏུ་བསྐལ་བཟང་སྟོང་དབང་། བདེར་གཤེགས་སྟོང་དབང་། ཆོ་ག་བཅུ་གཉིས་ཀྱི་དབང་ལུང་ཁ་ཚང་ནོས། དགུང་ལོ་དགུ་བཞེས་པ་༼སྤྱི་ལོ་༡༩༩༤༽ལོར་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མདོ་སྨད་ཤར་རྫ་འཇའ་ལུས་པའི་གདན་སར་ཕེབས་པ་དང་བསྟུན་ནས་གཙང་མ་གཙུག་ཕུད་ཀྱི་ཁྲིམས་ཞུས་ཏེ་རབ་ཏུ་བྱུང་། ཁྱད་པར་ཀུན་མཁྱེན་ཤར་རྫ་པའི་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་མཆོག་བཞི་རྫོགས་སློབ་དཔོན་ཆེན་མོར་བསྟེན་ཏེ་སྔོན་འགྲོ་བསགས་སྦྱོང་དང་དངོས་གཞི་ཉམས་ལེན་དང་བཅས་པ་སྤྱི་དང་། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གི་གདམས་པ་ཟབ་མོ་ཕལ་མོ་ཆེ་རྣམས་གཤར་སྒོམ་ཟུང་འབྲེལ་གྱིས་གསན་བསམ་ལེགས་པར་མཛད། དེ་མཚུངས་སུ་ཉག་རོང་ཡེ་ཤེས་དགོན་གྱི་མཆོག་སྤྲུལ་ཨ་གཡུང་གཤེན་བསྟན་མཐའ་རྒྱས་རིན་པོ་ཆེ་ཤར་རྫའི་གདན་སར་ཕེབས་ནས་དབྱིངས་རིག་རིན་པོ་ཆེའི་མཛོད་ཀྱི་ཁྲིད་དང་མ་རྒྱུད་དབང་བཞི་དང་བདེ་འདུས་དབང་བཞི་སོགས་ཟླ་བ་གཉིས་ལྷག་གི་རིང་ལ་བསྩལ་བ་གསན་བཞེས་མཛད། དགུང་གྲངས་བཅུ་པ་༼ སྤྱི་ལོ་༡༩༩༥༽ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་ཅུའུ་ནས་སྤྲུལ་སྐུའི་ཡང་སྲིད་ཀྱི་དཔང་ཡིག་དཀར་མཛེས་ཁུལ་གྱི་ཨང་སོ་གསུམ་པ་གནང་། དེ་ལོར་འབུམ་རྨད་མི་གཡོ་བསམ་གཏན་གླིང་དུ་ཤར་རྫ་པའི་དངོས་སློབ་གྲུབ་ཆེན་བསོད་ནམས་གཡུང་དྲུང་མཆོག་དང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་མདུན་དུ་ཕེབས་ནས་ཡི་དམ་གསས་མཁར་མཆོག་ལྔའི་གཙོས་པའི་ཐེག་སྒོ་མཐའ་ཡས་པའི་དབང་རྣམས་རྫོགས་པར་ཞུས། དགུང་ལོ་བཅུ་གསུམ་བཞེས་ཐོག་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་དཔལ་ཤར་རྫ་པའི་གསུང་འབུམ་ཡོངས་རྫོགས་ཀྱི་རྒྱབ་བརྟེན་ལུང་གི་རྒྱུན་ལེགས་པར་གསན། དགུང་ལོ་བཅུ་བཞིའི་སྟེང་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་གམ་ནས་ནམ་མཁའ་མཛོད་ཀྱི་དབང་བཞི་ནོས། དགུང་ལོ་བཅོ་ལྔའི་སྐབས་ཨུ་དྷིཿབླ་མ་ལུང་རིགས་རིན་པོ་ཆེའི་དྲུང་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་ལྷ་གཉེན་ཤེལ་སྒོང་གི་ཟབ་ཁྲིད་སོགས་ལ་གསན་བཞེས་ཡང་དག་མཛད། དགུང་ལོ་བཅུ་དྲུག་ བཞེས་ཐོག་རི་ཁྲོད་དུ་མཁན་ཆེན་འཇིགས་མེད་དབང་ཕྱུག་གི་སྐུ་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཞལ་ཁྲིད་གསན་ཅིང་། དེའི་དགུན་ངོར་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཞག་བརྒྱར་བཞུགས་ཤིང་རྒྱབ་ཐུར་བཅུད་ལེན་བཅས་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་བདུན་སྟེང་རྫ་སྨོན་རྒྱལ་དགོན་དུ་སུ་ལ་མདོ་རྒྱུད་གྲགས་པའི་ཡང་སྲིད་མཆོག་སྤྲུལ་ཚེ་དབང་གཡུང་དྲུང་རིན་པོ་ཆེ་སོགས་བླ་སྤྲུལ་སྐྱེས་ཆེན་དུ་མའི་མདུན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་བཀའ་ལུང་མཐའ་ཡས་པ་གསན། དེ་ལོར་སྟོད་ཕྱོགས་སུ་མཇལ་སྐོར་ལ་ཕེབས་ཏེ་ཀོང་པོ་བོན་རི་ལ་བཅུ་སྐོར་ཞིག་ཕེབས་པ་དང་གྲྭ་ས་གོང་འོག་སོགས་གནས་རྟེན་རྣམས་ལ་མཆོད་མཇལ་རྒྱ་ཆེར་གྲུབ་མཐར་སླར་རང་ཡུལ་ཕེབས་ཏེ་སྟེང་ཆེན་དགོན་དུ་ཇི་སྲིད་བར་དུ་ཉམས་པ་མེད་པའི་སྨྱུང་གནས་ཀྱི་རྒྱུན་འཛུགས།དགུང་ལོ་བཅོ་བརྒྱད་དང་བཅུ་དགུའི་སྐབས་རྣམས་སུ་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གི་མདུན་ནས་སུམ་རྟགས་དག་གསུམ་སོགས་ཐུན་མོང་རིག་གནས་སྐོར་ལ་བརྩོན་པ་གནང་ཞིང་དགོན་པའི་ཀྲུའུ་རིན་གྱི་འགན་བཞེས་ཏེ་སྔ་ཕྱི་རིམ་པར་ཞིང་ཆེན་དང་ཁུལ་རྫོང་རྣམས་སུ་ཆོས་ལུགས་ཀྱི་ཚོགས་འདུར་ཞུགས། དགུང་ལོ་ཉི་ཤུའི་ཐོག་རི་ཁྲོད་དུ་སླར་ཡང་བཀའ་རིན་པོ་ཆེའི་ལྗགས་ལུང་གསན། དེ་ནས་རི་ཁྲོད་དུ་གཏན་འཇགས་སུ་བཞུགས་ཏེ་རྒྱལ་ཚབ་རིན་པོ་ཆེ་དང་། མཁན་ཆེན་འཇིགས་མེད་དབང་ཕྱུག མཁན་པོ་རིག་འཛིན་དབང་རྒྱལ་སོགས་ཀྱི་མདུན་ནས་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་ལ་གསན་བསམ་མཛད་བཞིན་སྒྲུབ་གྲྭ་ལོ་གསུམ་མཐར་ཕྱིན་ཏེ་དགུང་ལོ་ཉེར་གསུམ་པ་༼སྤྱི་ལོ་༢༠༠༦༽ལོར་རྒྱལ་ཚབ་རིན་པོ་ཆེ་ནས་མཁན་པོའི་མཚན་རྟགས་གནང་སྟེ་ཤར་རྫའི་བསྟན་པའི་བརྒྱུད་འཛིན་དུ་མངའ་གསོལ་མཛད། དེ་ལོར་བོད་ལྗོངས་འཇོ་མདའ་རྫོང་གི་མངའ་འོག་བླ་ཁྲི་དགོན་དང་། མང་རི་དགོན། སྐམ་ཚང་དགོན། སྤང་དགོན་དགོན་བཅས་ཀྱིས་གདན་ཞུས་ལྟར་ཕེབས་ཏེ་དགོན་ཁག་བཞིའི་བླ་གྲྭ་འདུས་པ་ཡོངས་ལ་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་སྤེལ་བ་དང་། དེའི་ཕྱོགས་ཀྱི་ཡུལ་དགོན་ཀུན་ལ་རང་རང་གི་རེ་འདོད་ལྟར་བོན་གྱི་སྦྱིན་པ་རྒྱ་ཆེར་བསྩལ་ཏེ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད། དེའི་ཞོར་དུ་རྫི་བོ་དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱི་མདུན་ནས་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་འཆད་ཁྲིད་གསན། དགུང་ལོ་ཉེར་བཞིའི་ཐོག་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་དུ་ཞབས་བསྐྱོད་གནང་སྟེ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེའི་དྲུང་དུ་ཟླ་བ་ལྔ་ཙམ་གྱི་རིང་ལ་དམར་མོ་འཛུབ་ཁྲིད་སོགས་ཀྱི་ཁྲིད་ལ་གསན་བསམ་རྒྱ་ཆེར་མཛད། དེའི་དགུན་ངོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཐེངས་དང་པོ་འཚོགས་སྐབས་ཚོགས་འདུའི་ཚོགས་གཞོན་དུ་བདམ། དགུང་ལོ་ཉེར་ལྔའི་ཐོག་མཚོ་སྔོན་རེབ་ཀོང་བོན་བརྒྱ་སྨན་རིའི་དགོན་དུ་བྱོན་ཏེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་ལམ་རིམ་དྲུག་ཅུ་བ་དང་ཀུན་བཟང་སྙིང་ཐིག་གི་ཁྲིད་ལ་གསན་བསམ་མཛད། དེ་ནས་སླར་ཕྱིར་ཕེབས་ཏེ་རང་དགོན་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་གསར་དུ་བཙུག་སྟེ་སྨོན་ལམ་མཐའ་ཡས་ཀྱི་ཆོ་གའི་གཞུང་བསྲང་ཞིང་། ཟེར་འཕྲོ་དགོན་དང་བོན་པོ་དགོན་པའི་འདུས་སྡེ་རྣམས་ཕེབས་འཚོགས་ཀྱི་འབྲེལ་བའི་ཐོག་འབུམ་རྨད་དགོན། སྨོན་རྒྱལ་དགོན། ཁྲོ་ཚང་དགོན། ས་སྐྱའི་བརྒྱུད་འཛིན་སེང་འགྱིང་དགོན། དགེ་ལུགས་ཀྱི་གྲུབ་མཐའ་འཛིན་པ་དགོན་གསར་དགོན། སྔ་འགྱུར་རྙིང་མའི་བརྒྱུད་འཛིན་ར་སྐོར་དགོན་སོགས་ཀྱི་དད་ལྡན་བོན་ཉན་པའི་སྐྱེ་བོ་ཕོ་མོ་སོགས་སེར་སྐྱ་སྟོང་ཕྲག་ལས་བརྒལ་བ་ཙམ་བྱུང་བ་བཅས་ཉིན་བདུན་ལ་འཚོགས་ཏེ་བདེ་སྨོན་གསུམ་གྱི་བོན་འཆད་ཀྱི་བཀའ་དྲིན་བརྩལ་ཅིང་ལྷ་འབངས་རྣམས་ལ་ལོངས་སྐུའི་སྙིང་པོ་མཐའ་ཡས་ཞིག་འདོན་པའི་ཁས་ལེན་བྱས་པ་མང་བ་བྱུང་བས་དགེ་བསྐུལ་རྒྱ་ཆེར་གྲུབ་བོ། །དགུང་ལོ་ཉེར་དྲུག་ཐོག་སྟེང་ཆེན་དགོན་པའི་སེམས་དཔའ་འདུས་སྡེ་ཡོངས་དང་ཡུལ་སྡེ་ལྷ་འབངས་བཅས་ལ་བོན་འཁོར་ཚིག་བཞི་དང་འབྲེལ་བར་སྔོན་འགྲོ་བློ་ལྡོག་བོན་བཞི་དང་སྐྱབས་འགྲོ་སེམས་བསྐྱེད། དགེ་སྡིག་བླང་དོར་བཅས་ཀྱི་དམར་ཁྲིད་ཟླ་ གཅིག་ལ་གནང་སྟེ་འཕྲལ་གྱི་སྤྱོད་ཚུལ་དང་། ཕུག་གི་འདུན་མ། རྒྱུན་གྱི་ཉམས་ལེན་སོགས་ཇི་ལྟར་བྱ་དགོས་པའི་ཟབ་ཁྲིད་བསྩལ་ཅིང་མཐར་འཕོ་བ་དང་བཅས་པས་འགྲོ་བའི་རྒྱུད་རྣམས་སྨིན་གྲོལ་དཔལ་གྱིས་ཡོངས་སུ་ཕྱུག་པར་མཛད། སྤྱིར་དལ་ཁོམ་བྱུང་རིང་རྣམས་སུ་ལྷ་སྡེ་རྣམས་ལ་ཕྲིན་སྒྲུབ་དང་བཀའ་དབང་སོགས་ཀྱི་མཛད་པ་བསྐྱངས་ཏེ་འགྲོ་བའི་དོན་སྨིན་བཞིན་ཡོད་པ་སྟེ། བླ་མ་དམ་པ་རྣམས་ཀྱིས་གསང་གསུམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་བ་བཞིན་སྐྱེ་རྒུ་སོ་སོའི་རེ་འདོད་མ་ལུས་ཡོངས་སུ་སྐོང་བཞིན་བཞུགས་ཤིང་། དགོན་པའི་རྒྱུན་གྱི་ཚོགས་པ་ཡང་སྔར་མུས་ཤུལ་མཐུད་ཀྱི་ཕྱོགས་ལ་འབད་པ་ཅི་ནུས་ཀྱི་ངང་ནས་བཤད་པ་འཆད་ཉན་གྱི་སྡེ་དང་སྒྲུབ་པ་ཉམས་ལེན་གྱི་ཕྱག་ལེན་བཟང་པོ་རྣམས་ཆག་མེད་ཀྱི་སྒོ་ནས་བཀའ་སྲོལ་ཆུ་བོའི་རྒྱུན་བཟང་འགྲོ་བ་ཡོངས་ཀྱི་འཇུག་ངོགས་སུ་ཡངས་པའི་ཁྱོན་འདིར་ལེགས་པར་བསྐྱིལ་པ་ནས། སྐྱེ་རྒུ་མཐའ་དག་གི་སྡུག་བསྔལ་གསུམ་གྱི་སྐོམ་པའི་གདུང་བ་ཐམས་ཅད་རབ་ཏུ་སེལ་ཞིང་སྨིན་གྲོལ་བདུད་རྩིའི་དཔལ་གྱིས་བདེ་བའི་དབུགས་འབྱིན་མཛད་བཞིན་པ་ལགས་སོ། །དེ་ལྟར་བསྟན་པ་དང་འགྲོ་དོན་རླབས་པོ་ཆེ་རྣམས་ནམ་ཡང་མཛད་པའི་སྙིང་པོར་གཟིགས་ཤིང་། ཁྱད་པར་དབྲ་སྤྲུལ་བསྐལ་བཟང་ཉི་མའི་སྐུ་རིང་ལ་སྟེང་ཆེན་རྣམ་རྒྱལ་གླིང་ལ་ཉམས་འཇིག་བྱུང་སྟེ་ས་གནས་དེ་ཉིད་དེ་གར་བཞག་སྟེ་༼སྤྱི་ལོ་༡༩༠༢༽ལོར་དགོན་པའི་གནས་གཞི་ས་དབྱིབས་དེའི་གདོང་སྣའི་མདུན་ཞོལ་དུ་སྤོས་ནས་དཔལ་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་བཏབ་ཡོད་པ་ལ། སྤྲུལ་སྐུ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་ནས་སྔོན་འཇིག་ཤུལ་གྱི་དགོན་གནས་དེ་སའི་བཀོད་པ་ལེགས་ཤིང་སྒྲུབ་གནས་རྙིང་པ་ཡིན་པ། རྨེའུ་ཚང་དང་དབྲ་བའི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཁྱད་པར་ཅན་ཡིན་སྟབས། སླར་ཡང་དགོན་རྙིང་དེ་བསྐྱར་བཞེངས་རེ་འགྲུབ་ན་ཅི་མ་རུང་སྙམ་པའི་ཐུགས་འདུན་བཟང་པོ་རྒྱུན་ཆགས་སུ་ཡོད་པས། རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་༼སྤྱི་ལོ་༢༠༡༡༽ལོར་མཆོག་སྤྲུལ་རིན་པོ་ཆེ་ཁོང་ཉིད་ཀྱི་ལུང་བསྟན་དང་དགོངས་བརྟག་རྟེན་འབྲེལ་གྱི་མཚན་མ་དགེ་བ་བྱུང་བར་བརྟེན། དམ་པ་མཆོག་གིས་བསྐྱར་བཞེངས་ཀྱི་ཐུགས་འགན་ཆེན་པོ་ཕྲག་ཏུ་ལེགས་པར་བཞེས་ཤིང་། དགོན་པའི་བླ་གྲྭ་རྣམས་ཀྱིས་ལས་སྒྲུབ་ཀྱི་འགན་ལེན་དམ་པོར་མཛད་ཐོག་ལྷག་བསམ་དང་དད་པ་ལྡན་པའི་ཡུལ་སྡེ་ཕོ་མོ་རྣམས་ཀྱིས་བླ་ན་མེད་པའི་རོགས་སྐྱོར་དང་ཞབས་འདེགས་གང་ལེགས་བགྱིས་པ་སོགས་ཀྱི་མཐུན་སྦྱོར་ལ་བརྟེན་ནས། ཕྱིས་སུ་བཏབ་པའི་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་ནི་ས་གནས་ཁྱད་པར་ཅན་གྱི་ཐོག་ཏུ་ཕོག་ཡོད་པས་བྱིན་རླབས་ཆེ་གཤིས་རྟེན་དང་བརྟེན་པར་བཅས་རང་མལ་དུ་བཞག་སྟེ། སྔར་གྱི་དགོན་རྙིང་འཇིག་ཤུལ་དེར་དགོན་པ་སླར་གསོ་མཛད་དེ་སེམས་དཔའ་འདུས་སྡེ་ཐམས་ཅད་གནས་གཞི་སྤོ་བའི་ཚུལ་ལ་ཉེ་བར་ཞུགས་སོ། །དེ་ཡང་དང་པོ་སྡེ་དགེ་རྫོང་དང་དཀར་མཛེས་ཁུལ་རིམ་པར་འབྲེལ་ཡོད་སྡེ་ཁག་ཆོས་ལུགས་ལས་དོན་ཅུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ལ་གནང་ཞུ་དང་ཆོག་མཆན་དང་འབྲེལ་ཏེ་དགོན་གནས་གསར་དུ་བསྐྱར་བཞེངས་ཀྱི་བླ་ན་མེད་པའི་འཕྲིན་ལས་ལ་ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་རབ་ཏུ་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཀྱི་བྱ་བ་རྣམས་ཡིད་བཞིན་དུ་འགྲུབ་ཕྱིར། སྲིད་རྒྱལ་ཚོགས་མཆོད་འབུམ་དང་བསྐང་གསོལ་གྱིས་མཚོན་པའི་སྐུ་རིམ་གང་ཆེ་བགྱིས་པ་དང་བཅས་ཏེ་བྱ་བའི་དབུ་བརྩམས་པ་ལ་ཉེ་བར་ཕྱོགས་ཏེ། སྐྱེ་རྒུ་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་མཛད་པའི་ཐུགས་བསྐྱེད་ནོར་བུའི་འོད་རིས་གནས་འདིར་འཕོས་ཏེ་འགྲོ་བའི་འདོད་རྒུའི་རེ་བ་ཡོངས་སུ་འཇོ་བའི་སྐལ་བཟང་གི་ཞིང་མཆོག་མངོན་པར་སྐྲུན་བཞིན་ལགས་སོ།།
སྙིགས་མའི་གཤེན་བསྟན་ཀུ་མུད་འབྱེད་པ་ལ།།
དབྲ་བའི་གདུང་རྒྱུད་ཉིན་བྱེད་ལས་ལྷག་པའི།།
འབྱེད་པའི་དཔལ་མངའ་མཆོག་སྤྲུལ་ག་པུར་དབང་།།
ཡུལ་འདིར་འགྲོ་བའི་དཔལ་དུ་ཚེས་པར་གྱུར།།
ཁྱད་པར་དབྲ་སྤྲུལ་ཚུལ་ཁྲིམས་མཚན་ཅན་གྱིས།།
སྟེང་ཆེན་རྣམ་རྒྱལ་གླིང་པ་འཇིག་པའི་ཤུལ།།
སླར་ཡང་གནས་གཞི་འཛུགས་པའི་ལེགས་མཛད་དེས།།
བསྟན་པའི་མེ་རོ་ཉེ་བར་བསླང་ལ་ཕྱོགས།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྨྲས་པ།
བཀའ་བབས་སློབ་མ་མཆོག་གྱུར་རྨེའུ་ཚང་གདུང༵་།།
གདུང༵་རྒྱུད་གསེར་རིའི་ཕྲེང་བ་བྱོན་པའི་ཞིང༵་།།
ཞིང༵་ཁམས་རྒྱ་མཚོའི་སྙིང་པོ་ཤར་རྫའི་གནས༵།།
གནས༵་བརྟན་མི་འགྱུར་སྟེང་ཆེན་རྣམ་རྒྱལ་གླིང་།།
ཤར་རྫའི་ལྗོངས་ཆེན་མེ་ཞལ་ལམ་ཡངས་པོར།།
དབྲ་བའི་གདུང་སྤྲུལ་ཉི་ཟླ་འཆར་བའི་འགྲོས།།
ཞིང་འདིར་བསྒྱུར་བའི་མཛད་འཕྲིན་འོད་སྣང་གཟིས།།
ཕན་བདེའི་པད་ཚལ་བཞད་པའི་མཐའ་མ་རིག།
མདོ་ཁམས་བསྟན་འགྲོ་སྐྱོང་ལ་ཟླ་བྲལ་བ།།
མཁྱེན་བརྩེའི་དབང་ཕྱུག་རྨེའུ་དང་དབྲ་བ་ཞེས།།
གྲགས་སྙན་གངས་རིའི་ར་བ་ལས་བརྒལ་བའི།།
དགེ་མཚན་བ་དན་སྲིད་རྩེར་མངོན་པར་སྒྲེང་།།
ཁྱད་པར་མདོ་སྨད་སཱ་ལའི་ལྗོངས་ཆེན་ན།།
ཕྱེད་དང་ཉིས་སྟོང་ལོ་ཟླའི་ཡར་སྔོན་ནས།།
མངོན་པར་ཆགས་པའི་དགོན་སྡེ་ཐོག་མ་སྟེ།།
ཆེ་བའི་ལོ་རྒྱུས་དེ་ལས་གཞལ་དཀའི་གནས།།
དེ་ཕྱིར་ལོ་རྒྱུས་བསམ་མཐའ་ཡས་པའི་ཚུལ།།
འཁོས་ཆུང་བདག་བློའི་ཡུལ་དུ་མ་གྱུར་ཀྱང་།།
དམ་པའི་བཀའ་ལུང་རྔ་ཡབ་ཀྱིས་བསྐུལ་བའི།།
རྟོགས་བརྗོད་རྔ་སྒྲ་ཅུང་ཙམ་འདི་ན་མཆེད།།
འོན་ཀྱང་སྐྱེས་སྦྱངས་ཤེས་རབ་ཉག་ཕྲ་ཞིང་།།
ལོ་རྒྱུས་གསོང་པོར་དཔྱད་པ་མ་རྫོགས་པས།།
འགལ་འཁྲུལ་ནོངས་པའི་དྲི་མས་གོས་སོ་ཅོག།
ལྷ་དང་དཔྱོད་ལྡན་ཚོགས་ཀྱི་སྤྱན་སྔར་འཆགས།།
འདི་བྱས་དགེ་བས་མཁའ་ཁྱབ་འགྲོ་བ་ཀུན།།
རྣམ་དག་ཐོས་བསམ་གྲུ་གཟིངས་ལ་བརྟེན་ནས།།
རིག་གཞུང་རྒྱ་མཚོའི་ཕ་མཐར་ལེགས་སོན་ཏེ།།
ཀུན་མཁྱེན་ནོར་བུའི་གླིང་ལ་ཕྱིན་པར་ཤོག།
ཅེས་མཁས་པ་རྨེའུ་ཚང་དང་དབྲ་བའི་བླ་རབས་དང་འབྲེལ་བར་དཔལ་སྟེང་ཆེན་དགོན་གྱི་ལོ་རྒྱུས་ཉུང་བསྡུས་ཚུལ་དུ་སྤེལ་བ་འདི། དབྲ་བའི་སྐུ་ཕྲེང་ཉེར་གཉིས་པ་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་བཀའ་གསུང་སྤྱི་བོར་བབས་པ་ལྷུར་བླངས་ཀྱིས། ཤར་རྫའི་བསྟི་ནས་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ་ཤར་རྫ་རིན་པོ་ཆེའི་རང་རྣམ་དང་དབྲ་ལྕང་སྨོན་གསུམ་གྱི་ལོ་རྒྱུས་རྫ་དབྲ་བ་བླ་བྲང་གི་རྟེན་བཤད་གཏམ་བཤད་ཡིག་རྙིང་སོགས་ཁུངས་ལྡན་ལོ་རྒྱུས་འགའ་ལ་གཞིར་བྱས་ཏེ་ཉི་མ་བསྟན་འཛིན་ནས་གུས་པས་སྦྱར་བའོ།། དགེའོ།།