ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད།
རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 10-07-20] [ཀློག་གྲངས། ]

 “གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་”ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད།    

     སྤྱི་ལོ་༢༠༡༠ལོའི་ཟླ་༧པའི་ནང་མདོ་སྨད་རྩེ་ཞིག་དགོན་དུ་“གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་”ཀྱི་“རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ”རྒྱལ་ཁ་དང་གཟི་བརྗིད་ཀྱིས་ངང་འཚོགས་སྐབས་བཞག་པའི་མཐའ་མཇུག་གི་གྲོས་ཆོད།

      ༡ མདོ་སྨད་རྩེ་ཞིག་དགོན་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་གིས་《གངས་ཏེ་སེ་བོན་གཞུང་རིག་མཛོད་》དེབ་ཕྲེང་ཉེར་དྲུག་ཅན་ཚར་གྲངས་ཆིག་སྟོང་ཐམ་པ་“གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས”ལ་ཕུལ་བའི་བཀའ་དྲིན་བསྐྱངས་པར་མ་ཟད། དཔེ་ཚོགས་འདིའི་དཔར་སྐྲུན་དབང་ཆ་ཡང་སྤྲད་ཡོད་པས།དཔར་གཞི་འདི་གར་ཚོགས་པར་དབང་བ་ལས། ཆོག་མཆན་མེད་པར་སུ་ཞིག་གིས་ཀྱང་བསྐྱར་པར་བྱས་ན་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ། དཔེ་ཚོགས་འདི་དག་ཕྱོགས་སོ་སོའི་བོན་དགོན་ཡོད་དོ་ཅོག་ལ་ཕུལ་རྒྱུ་དང༌། ཤུལ་ལྷག་རྣམས་ཉར་ཚགས་བྱས་ཏེ་ཚོགས་པས་དགོས་པ་སྐབས་བསྟུན་གྱི་ལམ་ནས་འགྲོ་སོང་བྱ་རྒྱུ་བྱས།དེ་བཞིན་དུ་ཚོགས་པ་འདིས་ཡང་བསྐྱར་《གངས་ཏེ་སེ་བོན་རིག་གཞུང་མཛོད》པར་གྲངས་ཆིག་སྟོང་ཐམ་པ་པར་བསྐྲུན་ཞུས་ཏེ་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་སྔོན་ལ་འགྲུབ་རྒྱུ་བྱས་ཤིང༌། དེ་དག་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ལ་འདྲ་མཉམ་གྱི་སྒོ་ནས་གནང་སྦྱིན་བྱ་རྒྱུ་གཏན་ཁེལ་བྱས། ཐར་བདེ་ཚེ་དབང་འཇིགས་མེད་རིན་པོ་ཆེ་ལགས་ཀྱིས། སི་ཁྲོན་སྡེ་དགེའི་པར་ཁང་ཆེན་པོའི་ནང་དུ། ཀུན་མཁྱེན་ཤར་རྫ་བའི་གཞུང་ཆེན་ལྔའི་ཡ་གྱལ་བཀའ་ལུང་རྒྱ་མཚོ་ཤིང་པར་དུ་བརྐོས་ཏེ་གཏན་འཇོག་བྱ་རྒྱུའི་ཐུགས་འགན་བཞེས། གཞན་ཡང་ཚོགས་པའི་ངོས་ནས་ཚེ་དབང་བོད་ཡུལ་མའི་སྒྲུབ་སྐོར་ཚར་གྲངས་ལྔ་བརྒྱ་ཐམ་པ་ཐེངས་རྗེས་མའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས་ཚེ་ལེགས་གྲུབ་བྱུང་རྒྱུའི་ཐག་གཅོད་བྱས། འདི་དག་ཀྱང་དགོས་པ་སྐབས་བསྟུན་གྱི་ལམ་ནས་བོན་དགོན་དག་ལ་གོང་དང་མཚུངས་པར་རིན་མེད་སྟེར་སྦྱིན་གནང་རྒྱུ།
    ༢ རྒྱུན་ལས་ཚོགས་པ་ཐེངས་དང་པོའི་སྐབས་མི་བརྒྱ་ངག་གཅིག་གི་བྱེད་ཕྱོགས་ལྟར། ས་གནས་གལ་ཆེན་རང་བཞིན་ཅན་ཏེ་ཤར་ཁོག་ནས་ཚོགས་གཞོན་གཉིས་དང༌། དྲུང་ཡིག་པ་གཅིག་བཅས་དམངས་གཙོས་འོས་འདེམས་བྱས་ནས་བསྐོ་བཞག་གནང༌། དེ་བཞིན་དུ་བོན་གྱི་གདན་ས་ཁྱད་པར་ཅན་གཙང་སྨན་རི་དགོན་པ་དང༌། གཡུང་དྲུང་གླིང་གཉིས་ནས་ཚོགས་པ་འདིའི་མི་སྣ་ངེས་པར་མཁོ་བ་མང་མོས་བྱུང་ཞིང༌། གདན་ས་ཁག་གཉིས་ལས་མི་སྣ་འདི་ཡིན་ཞེས་པའི་ངོས་འཛིན་མེད་པར་ཚོགས་ཐེངས་ཆེ་ཆུང་གང་གི་སྐབས་ཡིན་རུང༌། བརྡ་ཐོ་འབྱོར་ཚེ་ཚོགས་པ་འདིའི་ཚོགས་མགོན་ལྟ་བུར་ཕེབས་དགོས་པའི་རེ་བཞག་གྲོས་འཆམ་བྱུང༌།
   ༣ ཐེངས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་ཤར་རྫའི་རི་ཁྲོད་དུ་སྤྱི་ལོ༢༠༡༡ལོར་འཚོགས་རྒྱུའི་འགན་ཁུར་དེ་ཐར་བདེ་ཚེ་དབང་འཇིགས་མེད་རིན་པོ་ཆེས་ཞལ་བཞེས་གནང་ཡོད་པ་བཅས་དང༌། ཚོགས་པ་འདིའི་རྒྱུན་ལས་མི་སྣ་སུ་དང་སུ་ཡིན་རུང་བསྟུན་མར་ཚོགས་འདུ་ཆེ་ཆུང་ལ་མ་ཕེབས་ན་ཚོགས་པའི་མི་སྣ་ལས་རང་བཞིན་གྱིས་བཟུར་བ་ཡིན་པའི་ཁྱབ་བསྒྲགས་བྱས། ཞར་བྱུང་བོན་དགོན་ཁག་གིས་ངེས་པར་དུ་རང་རེའི་ཐུན་མོང་མ་ཡིན་པའི་ཞྭ་མོ་དཀར་མོ་རྩེ་རྒྱལ་སོགས་ལག་ལེན་དུ་བསྟར་དགོས་མིན་ལ་ཐུགས་བཞེས་གནང་རོགས་གྱིས་ཞེས་བསང་ཆུ་རྫོང་བླ་བྲང་མགྲོན་ཁང་མོར་༢༠༡༠ལོའི་ཟླ་༧པའི་ཚེས་༢༠ཉིན་གྱི་དགུང་མོའི་ཆུ་ཚོད་༦དང་སྐར་མ་༣༠སྟེང་ཐེངས་འདིའི་ཚོགས་འདུའི་མཇུག་ལེགས་པར་བསྡུས་པའོ།།

ཞེས་ཚོགས་འདུའི་དྲུང་ཡིག་ཚན་ཁག་གིས།
སྤྱི་ལོ་༢༠༡༠ཟླ་༧པའི་ཚེས་༢༠ཉིན་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག