ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་གྱི་གསལ་བརྡ།
རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་གྱི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 12-05-04] [ཀློག་གྲངས། ]

“རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་”ཐེངས་དང་པོ་སྨན་རིའི་དཔེ་མཛོད་ཁང་དུ་ཚོགས་གཏན་ཁེལ་བ།
First International Seminar on the Himachal Pradesh’s Tribal Culture (Kinnar-Kirat) to be held at Bon monastery,Dholanji
(16-09-2012 to 18-09-2012)

   ཉེ་བའི་ལོ་ཤས་སྔོན་ནས་མཁས་དབང་ཆེན་མོ་ཞང་ཞུང་བ་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ནས་རྒྱ་གར་ཧི་མ་ཅལ་གཞུང་ལ་“ཧི་མ་ཅལ་ཞང་ཞུང་མི་རིགས་ཀྱི་རིག་གནས་སྐོར་” (Himachal Tribal’s Culture)ལ་མཁས་པའི་གྲོས་ཚོགས་ཤིག་ཚོགས་དགོས་སྐོར་གྱི་ཆོག་མཆན་དང་རོགས་མགོན་སོགས་ཀྱི་སྙན་ཞུ་ཕུལ་དོན་ལྟར། ཕྱི་ལོ་༢༠༡༢ལོར་ཁོང་གི་སྙན་ཞུ་དེར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Himachal State Chief minister professor Prem kumar Dhumal)མཆོག་ནས་དངོས་སུ་ཆོག་མཆན་དང་རོགས་མགོན་གནང་རྒྱུར་ཞལ་བཞེས་ཐོབ་སྟེ། ཕྱི་ལོ་༢༠༡༢ཟླ་༥ཚེས་༢ཉིན་མཁས་དབང་ཚེ་རིང་རྡོ་རྗེ་ལགས་སྨན་རི་དགོན་དུ་ཕེབས་ཏེ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ལ་དགོངས་སྐོར་སྙན་གསེང་ཞུས་དོན་བཞིན།

   གོང་ཚེས་ཉིན་གྱི་ཕྱི་དྲོར་༧རྒྱལ་བ་སྨན་རི་བ་དབུ་བཞུགས་འོག སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ། མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ། སྨན་རིའི་བླ་བྲང་གི་དྲུང་ཡིག་མཁན་སྤྲུལ་དགེ་བཤེས་འབྲུག་གསས་བསྟན་འཛིན། སྨན་རིའི་སྤྱི་གཉེར་ཟུར་པ་དགེ་བཤེས་བསྟན་འཛིན་རྒྱལ་པོ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དངུལ་གཉེར་དགེ་བཤེས་བསོད་ནམས་རྒྱལ་མཚན། སྨན་རིའི་དཔེ་མཛོད་ཁང་གི་འགན་འཛིན་རྒན་ཆེན་ཚེ་དབང་རྣམ་རྒྱལ། སྨན་རིའི་དཔེ་མཛོད་ཁང་གི་ཧིན་ངྷིའི་འགན་འཛིན་ཞང་ཞུང་བ་འཕྲིན་ལས་རྒྱ་མཚོ། གཡུང་དྲུང་བོན་གྱི་དྲ་རྒྱ་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་བཅས་༧དཔལ་ལྡན་སྨན་རིའི་བླ་བྲང་མགྲོན་གཉེར་ཁང་དུ་ཚོགས་ནས་“རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་”དེ། ཕྱི་ལོ་༢༠༡༢ཟླ་༩ཚེས་༡༦་ནས་༡༨བར་ཏེ་ཉིན་གསུམ་གྱི་རིང་ལ་སྨན་རིའི་དཔེ་མཛོད་ཁང་དུ་ཚོགས་རྒྱུར་གཏན་ཁེལ་བ་རེད།
   ཚོགས་འདུའི་བརྗོད་བྱ་གཙོ་བོ་“ཞང་ཞུང་རིག་གནས་”སྐོར་ཡིན་པ་དང་། བགྲོ་གླེང་པ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དམིགས་བསལ་གྱི་མཁས་དབང་སྐོར་ཞིག་གདན་འདྲེན་ཞུ་རྒྱུ་དང་། ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེ་ལགས་ནས་གནང་རྒྱུ་དང་། གོ་སྒྲིག་ལས་རོགས་ཤིམ་ལའི་མཐོ་སློབ་(HPU)ཀྱི་ཞང་ཞུང་སློབ་ཕྲུག་ཁག་དང་གོང་འཁོད་ལས་བྱེད་ཁག་ནས་གནང་རྒྱུ་ཡིན་པ་བཅས་ཀྱི་གྲོས་ཆོད་བྱུང་བའི་གནས་ཚུལ་མདོར་བསྡུས་ཙམ་མོ།། །།

ཁྲི་གཡུང་དྲུང་ལགས་ནས་མཁོ་འདོན་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག